༡༽ རྡོ་འཇོག་གྲོང་ཁྱེར་གྱི་ངོ་སྤྲོད།

༡༽ རྡོ་འཇོག་གྲོང་ཁྱེར་གྱི་ངོ་སྤྲོད།

 

དེ་ཡང་རྡོ་འཇོག་ཅེས་པའི་ཡུལ་གྱི་མིང་གི་འབྲི་སྲོལ་ལ་ཏཀྵ་ཤི་ལཱ་དང་། ཏག་ཤ་ཤཱི་ལ་ (Takshashila) དང་། ཏག་ཤཱི་ལ་ (Taxila)། ཏག་ཤི་ཤཱི་ལ་ (Takshashila) སོགས་འབྲི་སྲོལ་མང་ལ། ཏག་ཤི་ཤཱི་ལ་སྟེ་བོད་སྐད་དུ་རྡོ་བཟང་དང་། རྡོ་འཇོག །རྡོ་མཆོག་བཅས་འབྲི་ཚུལ་མི་འདྲ་བ་འགའ་ཞིག་མཆིས་ཀྱང་། ཐོག་མའི་མིང་ནི་རྡོ་བཟང་ཡིན་པར་བཀའ་བསྟན་དུ་གསལ་ལ། ཡོངས་གྲགས་རྡོ་འཇོག་ཅེས་པ་གྲགས་ཆེ། ལ་ལར་རྡོ་མཆོག་ཅེས་ཀྱང་གསལ་བ་ལས། མིང་གི་ཡིག་འབྲུ་དང་པོ་རྡོ་ཞེས་པ་གཅིག་མཐུན་ཡིན་ལ།

དེ་ཡང་ཡུལ་གྲུ་འདིར་རྡོ་ལས་བཟོས་པའི་དངོས་རྫས་ལྷ་སྐུ་ཐུགས་རྟེན་དང་། ཁྱིམ་གྱི་ཐབ་ཆས། གཙུག་ལག་ཁང་དང་། མཁར་རྫོང་སོགས་ཚང་མ་རྡོ་ལས་བཞེངས་པ་ཤ་སྟག་ཡིན་པ་ད་ལྟ་མཇལ་དུ་ཡོད་པའི་གྱང་དང་རྩིག་ཤུལ་དག་ལས་གསལ་བར་གྱུར་པས། འདི་དག་ལ་བརྟེན་ནས་རྡོ་འཇོག་ཅེས་མཚན་ཐོགས་པ་ཞིག་ཡིན་འདུག་སྙམ། རྡོ་འཇོག་ཅེས་པ་ཆེ་བའི་དབང་དུ་བྱས་ན་རྒྱལ་ཁབ་ཅིག་དང་། རྒྱལ་སའམ་གྲོང་ཁྱེར་ཞིག་གི་མིང་དང་། ཆུང་བའི་དབང་དུ་བྱས་ན་མདོ་སྔགས་རིག་གནས་དང་བཅས་པའི་ཤེས་ཡོན་གྱི་བསྟི་གནས་གཙུག་ལག་ཁང་ཞིག་གི་མཚན་ཡིན་པ་ལྟ་བུ་སྟེ་སྐབས་ཐོབ་ཀྱི་གོ་བ་ལེན་དགོས་པ་ཞིག་ཀྱང་ཡིན།

(View of the ancient city of Sirkap, Taxila [Credit: Buddhist Forum])

ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཡོན་གནས་དམ་པ་རྣམས་ལ་བསྔགས་པའི་རིམ་པ་དཔའ་བོའི་མེ་ལོང་ལས[1]།

ཐུབ་པའི་བདེན་ཚིག་སྨིན་པ་རྡོ་འཇོག་གཞིར། །

གཙུག་ལག་ཁང་དང་བསྟན་ལ་མཆོད་པའི་སྤྲིན། །

ཀུན་བཟང་རྣམ་ཐར་མཚོན་པའི་འོལ་སྤྱི་ཡང༌། །

མ་དྲན་བྱེད་པོར་རྨོངས་སྦྱིན་ཁྲིར་ལའང་ཁྱོད། །

བཀའ་བབས་བཞིས་བསྐུལ་བཙུན་མོའི་མཚམས་སྦྱོར་གྱིས། །

རྡོ་རྗེ་འཆང་གི་ལུང་ཐོབ་ཏིལ་བརྡུང་དེའི། །

སྙན་པ་ཕྱོགས་ཀུན་རི་དྭགས་མིག་ཅན་མས། །

རྣ་བའི་རྒྱན་དུ་སྲིད་པའི་རིང་འདིར་ཕྲོགས། །

ཞེས་གསུངས་པ་ལྟར། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེངྒེ་རྒྱ་གར་འཕགས་ཡུལ་དུ་མ་བྱོན་པའི་གོང་རོལ་ནས་ཡོད་པ་ཞིག་སྟེ། དེ་ཡང་རྡོ་འཇོག་ཅེས་པའི་མིང་ནི་རྒྱལ་བའི་བཀའ་འགྱུར་ལས། འདུལ་བ་ཕྲན་ཚེགས་དང་། འདུལ་བ་གཞི། འདུལ་བ་རྣམ་འབྱེད་བཅས་དང་། གཞན་ཡང་མངོན་པར་འབྱུང་བའི་མདོ་དང་། མདོ་ཆེན་པོ་སྟོང་ཉིད་ཆེན་པོ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ། ཟླ་འོད་ཀྱི་རྟོགས་པ་བརྗོད་པ། སྙིང་རྗེ་ཆེན་པོ་པདྨ་དཀར་པོའི་མདོ་སོགས་སུ་ཡང་ཡང་གསལ་བའི་མིང་ཧ་ཅང་རྙིང་པ་ཞིག་སྟེ། འཇམ་དཔལ་རྩ་རྒྱུད་ལས[2]།

མ་ག་དྷཱ་ཡི་གྲོང་མཆོག་ཏུ། །གྲོང་ཁྱེར་བཟང་པོ་རྒྱལ་པོའི་ཁབ། །

ཀུ་ཤའི་གྲོང་ཁྱེར་ཉམས་དགའ་དང་། །རི་ནི་རྡོ་འཇོག་མཐོ་བ་དང་། །

ཡུལ་བཟང་ཡངས་པ་ཅན་དང་ནི། །མཆོད་རྟེན་གནས་ནི་ལེགས་མཛེས་པ། །

ཞེས་བྱུང་ལ། དེ་བཞིན་སྒྲ་པ་ཤེས་རབ་རིན་ཆེན་ (1405-) གྱིས་མཛད་པའི་རིག་གནས་ཀུན་ཤེས་ནས་བདག་མེད་གྲུབ་པ་ཞེས་བྱ་བའི་བསྟན་བཅོས་ལས[3]། ལྷ་ཡི་དྲང་སྲོང་རྣམས་ལ་བརྒྱུད་ནས་ནི། །སྟོན་པ་བཞུགས་དུས་རྒྱལ་པོ་པདྨ་ཡི། །སྙིང་པོ་ཞེས་བྱའི་ཡུལ་ལྗོངས་རྡོ་འཇོག་ཏུ། །མི་ཡི་དྲང་སྲོང་རྒྱུན་ཤེས་བུ་ལས་ནི། །གཟུགས་ཅན་སྙིང་པོའི་ཟུར་བུ་ཐ་ཆུང་པོ། །འཚོ་བྱེད་གཞོན་ནུས་གསོད་ཅེས་ཆེར་གྲགས་པ། །སྨན་པའི་རྒྱལ་པོར་ལན་མང་དབང་བསྐུར་ཅིང༌། །ཐུབ་པ་སྙུན་གསོའི་སྨན་པའི་རྒྱལ་པོ་བྱུང༌། །ཞེས་བྱུང་བ་ལྟར་རྒྱལ་བུ་འཚོ་བྱེད་གཞོན་ནུ་ནི། སྟོན་པ་བཅོམ་ལྡན་འདས་དང་། དབུས་འགྱུར་འཆང་གི་ས་ལ་སྤྱོད་པའི་རྒྱལ་པོ་གཟུགས་ཅན་སྙིང་པོ་རྣམ་གཉིས་ཀྱི་སྐུའི་བླ་སྨན་པ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་འཇིགས་མེད་གཞོན་ནུས་སྐུ་སྐྱེད་བསྲིངས་པའི་རྒྱལ་བུ་ཞིག་ཡིན་ལ། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ (1813-1890/1899) ཀྱིས་མཛད་པའི་ཤེས་བྱ་ཀུན་ཁྱབ་ལས་[4]ཀྱང་། སྟོན་པ་ཞལ་བཞུགས་པ་དེའི་ཚེ་རྡོ་འཇོག་གི་རྒྱལ་པོ་པདྨའི་སྙིང་པོའི་བླ་སྨན་པ་རྒྱུན་ཤེས་ཀྱི་བུ་དང༌། དེའི་སློབ་མ་འཚོ་བྱེད་ཆེན་པོ་གཞོན་ནུས་གསོས་ཞེས་མི་ལས་འདས་པའི་སྨན་པ་ཆེན་པོ་དེ་ལ་སོགས་པའང་བྱུང་ཡང་གཞུང་བརྩམ་པར་ནི་མ་གྲགས་སོ། །ཞེས་གསལ་བ་ལྟར་སྟོན་མཉམ་མེད་ཤཱཀྱ་སེངྒེ་ཞལ་བཞུགས་པའི་སྐུ་དུས་ནས་ཡོད་པའི་ཡུལ་མིང་ཆེས་རྙིང་པ་ཞིག་ཡིན་ནོ།།

རྡོ་འཇོག་ཡུལ་ཕྱོགས་གང་དུ་ཆགས་ཡོད་པ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[5]། ཡུལ་གནྡྷ་ར། རྒྱ་གར་ཆོས་འབྱུང་ལས་ཡུལ་དབུས་ནས་བརྩིས་པའི་བྱང་ཕྱོགས་སུ་ཡོད་པར་གསུངས། ཡུལ་གནྡྷ་ར་ནི་དྲི་ཟའི་ཡུལ། རྡོ་འཇོག་གི་མིང་རྙིང་པ། ཞེས་གསལ་བ་ལྟར་རྒྱ་གར་གྱི་བྱང་ཕྱོགས་སུ་ཡོད་པ་དང་། དེ་ཡང་རྡོ་འཇོག་གི་མིང་རྙིང་པ་ཡིན་པར་གསུངས་ལ། འགྲོ་མགོན་ཆོས་རྒྱལ་འཕགས་པས་ (1235-1280) མཛད་པའི་གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱི་རྣམ་ཐར་དང་བརྒྱུད་པའི་རིམ་པ་ལས[6]། ཕྱིས་བྱུང་བ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཞེས་བྱ་བ་འདི་ནི། རྒྱ་གར་ཤར་ལྷོའི་ཡུལ་སིནྡྷུ་ར་ཞེས་བྱ་བར། རྒྱལ་པོ་གྷ་པ་རུ་པྲ་བྷ་ཝ་ཞེས་བྱ་བའི་སྲས་སུ་འཁྲུངས་སོ། །དེའང་བྱིས་པ་ཉིད་ནས་གཟུགས་དང༌། ཤེས་རབ་དང་ཀུན་ཏུ་སྤྱོད་པ་རྣམ་པར་དག་པར་གྱུར་ནས་སྒྲ་དང་སྡེབ་སྦྱོར་དང༌། ལུགས་ཀྱི་བསྟན་བཅོས་ལ་སོགས་པ་ལ་རབ་ཏུ་མཁས་པར་སྦྱངས་སོ།།

ཆེར་སྐྱེས་པ་དང་། རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དོར་ནས། ནཱ་ལེནྡྲའི་ཕྱོགས་གཅིག་ཏུ། གྲོང་ཁྱེར་རྡོ་འཇོག་ཅེས་བྱ་བར། རྒྱལ་པོ་ཤྲཱི་དྷརྨཱ་པཱ་ལས་བརྩིགས་པ། ཏྲིཀ་ཞེས་བྱ་བའི་གཙུག་ལག་ཁང་དུ། མཁན་པོ་རྣམ་པར་སྣང་མཛད་བཟང་པོའི་སློབ་མ། ཐུགས་རྗེ་དང་། བྱང་ཆུབ་ཀྱི་སེམས་ལ་གོམས་པ། བདེ་བར་གཤེགས་པའི་གསུང་རབ་དུ་མའི་མཛོད་འཛིན་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གསལ་བར་འཆད་པ་སློབ་དཔོན་སེང་གེ་བཟང་པོའི་དྲུང་དུ་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་སྦྱངས་ནས། ཤྲཱི་ནཱ་ལེནྡྲར་རིགས་ལྡན་ཡོན་ཏན་བཤེས་གཉེན་གྱིས་གསོལ་བ་བཏབ་པའི་ངོར། རྩོམ་པ་དང་། བཤད་པ་སོགས་བྱས་ནས། དེར་གནས་པ་རྣམས་བྲོད་པ་བསྐྱེད་དོ། །ཞེས་གསུངས་པ་ལྟར་སློབ་དཔོན་སེངྒེ་བཟང་པོ་གང་དུ་སྐུ་འཁྲུངས་པའི་ཡུལ་ནི་གྲོང་ཁྱེར་རྡོ་འཇོག་ཅེས་པ་ཡུལ་དབུས་ཀྱི་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་ཉེ་འདབས་སུ་ཡིན་པར་གསལ་ལོ།།

དེ་བཞིན་ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས་[7]ཀྱང་། སློབ་དཔོན་སེངྒེ་བཟང་པོའི་སློབ་མ་སངས་རྒྱས་ཡེ་ཤེས་ཀྱི་ལོ་རྒྱུས་ནི། རིག་པའི་གནས་ཐམས་ཅད་ལ་མཁས་པ་ཞིག་སྟེ། ཁ་བི་ཞེས་བྱ་བ་གྲོང་ཁྱེར་རྡོ་འཇོག་ཏུ། སློབ་དཔོན་སེངྒེ་བཟང་པོ་བསྟེན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་སྦྱངས་པས་མཐར་ཕྱིན་ལ་ལོབས་ཤིང༌། ནཱ་ལེནྡྲར་བྱོན་ཏེ་བཤད་ཅིང་རྒྱུད་འགྲེལ་བརྩམས། ཞེས་གསུངས་ལ། སློབ་དཔོན་ཆེན་པོ་བི་ཏ་པཱ་དས་མཛད་པའི་མཛེས་པའི་མེ་ཏོག་ཅེས་བྱ་བ་རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པ་ཞལ་གྱི་ལུང་གི་འགྲེལ་པ་ལས་[8]ཀྱང་། དེ་ལ་བདག་ཅག་གི་བླ་མ་ཆེན་པོས་དང་པོར་ཡུལ་ཁམས་ནི་དབུས་ཞེས་བྱ་སྟེ། ནཱ་ལེནྡྲའི་ཕྱོགས་སོ། །ཡུལ་གྱི་མིང་ནི་ཁ་བི་ར་ཞེས་བྱའོ། །དེ་ན་གྲོང་ཁྱེར་རྡོ་འཇོག་ཅེས་བྱ་བ་ཡོད་དོ། །ཞེས་རྡོ་འཇོག་ཡུལ་དབུས་སུ་ཡོད་པ་ལྟ་བུར་གསུངས་ཀྱང་། བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[9]། བྱང་ཕྱོགས་ཀྱི་རྒྱུད་དུ་གྲོང་ཁྱེར་རྡོ་འཇོག་ཅེས་པར་ཁྱིམ་བདག་རལ་པ་ཅན་ཞེས་པ་འབྱུང་། ཞེས་བྱང་ཕྱོགས་སུ་ཡིན་པར་གསལ་ལ། རྡོ་འཇོག་དེ་ཉིད་བདེ་མཆོག་གི་གནས་ཉེར་བཞི་ལས་ཨར་བུ་ཏ་ཞེས་པ་དེ་ཉིད་ཡིན་ཚུལ་གཞུང་ལུགས་མང་པོར་གསལ་བ་ལྟར། འཛམ་གླིང་གི་གནས་མཆོག་ཉི་ཤུ་རྩ་བཞིའི་ཡུལ་ཕྱོགས་ངོས་འཛིན་གནང་སྐབས། དེ་ཡང་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་གཞུང་ལུགས་ལེགས་པར་བཤད་པ་ལས[10]། ཨར་བུ་ཏ་ནི་ལྷོ་ཕྱོགས་ཀྱི་བརྒྱུད་ན་ཡོད་ཅིང་གྲོང་ཁྱེར་རྡོ་འཇོག་ཡིན་ནོ། །ཞེས་དང་། དེ་བཞིན་འཇམ་དབྱངས་ཀུན་དགའ་རྣམ་རྒྱལ་ (དུས་རབས་19པ།) གྱིས་མཛད་པའི་དགྱེས་པ་རྡོ་རྗེའི་རྒྱུད་གསུམ་གྱི་སྤྱི་དོན་སྔོན་འགྲོའི་ཚུལ་བཞིའི་གསལ་བྱེད་ལེགས་པར་བཤད་པ་ཉི་མའི་འོད་ཟེར་ལས་[11]ཀྱང་། ཨརྦུ་ཏ་ནི་ལྷོ་ཕྱོགས་ཀྱི་རྒྱུད་ན་ཡོད་པ་རྡོ་འཇོག་ཅེས་ཀྱང་གྲགས་པ་སྟེ་ནུ་མ་གཉིས་ཏེ། ཉེ་བའི་ཞིང་གཉིས་ཀྱིས་ས་བཞི་པ་ཐོབ་བོ། །ཞེས་རྡོ་འཇོག་ལྷོ་ཕྱོགས་སུ་ཡོད་པར་གསལ་ཡང་། སྔར་རྒྱ་གར་འཕགས་ཡུལ་གྱི་ནང་པའི་གཙུག་ལག་ཁང་གྲགས་ཅན་རྡོ་འཇོག་ནི། དེང་གི་ས་ཁྲ་ལྟར་ན་རྒྱ་གར་གྱི་ནུབ་བྱང་ཕྱོགས་སུ་ཆགས་པའི་པ་ཀི་སི་ཐན་ (Pakistan) གྱི་ནང་དུ་ཆགས་ཡོད་ལ། པ་ཀི་སི་ཐན་གྱི་རྒྱལ་ས་ཨི་སི་ལ་མ་བྷ་ཐའི་གནམ་ཐང་ནས་རྡོ་འཇོག་བར་ཀི་ལོ་མི་ཊར་ ༣༡ ཡོད་པར་མ་ཟད། གནས་འདིར་དྷརྨ་ར་ཛི་ཀའི་མཆོད་རྟེན་དང་། སྔོན་གྱི་དགོན་ཤུལ་མང་པོ་ཡོད་ཚུལ་དགེ་ཆོས་ཀྱི་རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་ཏུ་གསལ་ལོ།།

རྡོ་འཇོག་ཡུལ་གྱི་བཀོད་པ་ཇི་ལྟ་བུ་ཞིག་ཡོད་པ་ནི། སྒྲ་སྒྱུར་མར་པ་ཆོས་ཀྱི་བློ་གྲོས་ (1002/1012-1097/1100) ཞབས་ཀྱིས་མཛད་པའི་དཔལ་བདེ་མཆོག་གི་ཆོས་སྐོར་ལས[12]། ཨརྦུ་ཏ་ནི་རྡོ་འཇོག་ཅེས་བྱ་སྟེ། གྲོང་ཁྱེར་རྡོ་འཇོག་ཅེས་བྱ་བ་ནི། རི་དབུས་མཐོ་ལ་མཐའ་གཞོལ་བ། འབྲང་རྒྱས་ལྟ་བུ་ལ་ནགས་ཚལ་འཐུག་པོ་ཡོད་པ། ཕྱུགས་རྫི་ལ་སོགས་པ་མི་རྒྱུ་ཞིང་ཉམས་དགའ་བའི་གནས་སོ། །དེ་ལ་རྡོ་རྗེ་བརྩེགས་པ་ཅན་ཞེས་གྲགས་སོ། །ནང་ལྟར་ན་ལྟག་པའང་སྒལ་ཚིགས་ཀྱི་སྟེང་ན་རྡོ་བརྩེགས་པ་ལྟར་གནས་པའོ། །དེ་དག་ཏུ་མཁའ་འགྲོ་མ་རྣམས་རྒྱུན་དུ་ཚོགས་པའི་གནས་ཡིན་པས་ན་ཞི་གནས་ཞེས་བྱའོ། །ནང་ལྟར་ན་བདེ་སྟོང་ཉམས་ཀྱིས་བརྟེན་བྱང་སེམས་རྒྱུན་དུ་གནས་པས་ནའོ། །ཞེས་གསལ་བ་ལྟར་སྔར་རྒྱ་གར་འཕགས་ཡུལ་འདི་ཉིད་ས་ཁོངས་ཀྱི་རྒྱ་ཁྱོན་ཤིན་ཏུ་ཆེ་བའི་གནས་སྐབས་སུ་ནུབ་བྱང་གི་ས་མཚམས་སུ་ཧིན་དྷུ་ཀུ་ཤ་དང་འདབས་འབྲེལ་ཞིང་། ཆུ་བོ་སེངྒེ་ཁ་འབབ་ཀྱི་ལྗོངས་རྒྱུད་དུ་གཱན་དྷཱ་ར་བྱ་བའི་རྒྱལ་ཁབ་ཅིག་ཆགས་ཡོད་ཅིང་། ལོ་རྒྱུས་རིང་ལ་མཛེས་ལྗོངས་ལྟ་ན་སྡུག་པའི་རྒྱལ་ཁབ་དེའི་རྒྱལ་ས་ལ་ཏཀྵ་ཤི་ལཱ་སྟེ་རྡོ་འཇོག་ཅེས་མིང་ཐོགས་པར་གྲགས་སོ།།

མིང་དེ་ལྟར་ཐོགས་པའི་རྒྱུ་མཚན་ཡང་། སྔོན་ཨ་ཡོད་ཡི་རྒྱལ་པོ་དཤ་རཐ་སྟེ་ཤིང་རྟ་བཅུ་པ་ལ་རིགས་ཀྱི་མྱུ་གུ་བཞི་ཡོད་པ་ནས་ཕུ་བོའི་མཚན་ན་རཱམ་ཙན་ཏེ་བོད་སྐད་དུ་དགའ་བྱེད་དང་། སྲས་བྷར་དྲ་པ་ལ་བྷར་ཏ་ཞེས་བྱ་ཞིང་། བྷར་ཏའི་ལུས་རྟེན་སྦྱིན་པའི་སྐྱེས་མ་རྒྱ་གར་ནུབ་བྱང་གི་མཐའ་མཚམས་ཀེཀཡ་བྱ་བའི་རྒྱལ་ཁབ་ནས་ཡིན་ཅིང་། ཡུལ་ཁམས་དེ་ནི་མཛེས་ཤིང་དུས་བཞི་སྔོ་མདོག་གིས་ཁེངས་ནས་བབ་ཆགས་པ་ཞིག་ཡོད་པ་དང་། ས་ཁམས་ཀྱི་ཆགས་ཚུལ་ཀེཀཡ་དང་གཱན་དྷཱ་ར་རྒྱལ་ཁབ་གཉིས་ཁྱིམ་མཚེས་ཀྱི་ཚུལ་དུ་འབྲེལ་ཡོད་སྟབས། ནང་ཁུལ་མི་མཐུན་པའི་རྐྱེན་གྱིས་ས་མཚམས་རྣམས་སུ་མི་རིགས་དབར་འགལ་ཟླ་ཆེན་པོའི་དབང་གིས་གནས་ཚུལ་རྙོག་འཛིང་རྒྱུན་མ་ཆད་པར་བྱུང་བར་བརྟེན། དུས་ནམ་ཞིག་ཀེཀཡ་རྒྱལ་ཁབ་ཀྱི་ས་ལ་སྤྱོད་པའི་ཨཤྭ་པཏི་སྟེ་རྟ་བདག་གིས་རང་གི་ཚ་བོ་བྷར་ཏ་ལ་ངན་སྐུལ་བྱས་རྐྱེན། དེས་གཡུལ་བཤམས་ནས་གཱན་དྷཱ་ར་དྲག་ཤུགས་ཀྱིས་རང་གི་མངའ་ཁོངས་སུ་བསྡུས།

རྒྱལ་པོ་བྷར་ཏ་ལ་སྲས་གཉིས་ཡོད་པའི་ཆེ་བའི་མཚན་ཏཀྵ་ (འཇོག་པོ་) དང་། རྗེས་སྐྱེས་ལ་པུཤ་ཀལ་ (ཉམས་དགའ་བ་) ཞེས་ཟེར་ཞིང་། ཡབ་རྒྱལ་པོ་བྷར་ཏ་དགུང་ན་བགྲེས་པ་དང་རྒྱལ་ཁབ་ཀྱི་སྲིད་དབང་མཐའ་དག་སྲས་ཆེ་བ་ཏཀྵ་ལ་གཏད་དེ་རྒྱལ་ཁབ་ཀྱི་ལྟེ་བར་སྲས་ཀྱི་མཚན་ལས་ཏཀྵ་ཤི་ལཱ་ཞེས་མིང་བཏགས་ནས་རང་ཉིད་ནགས་འདབས་སུ་ཆོས་མཛད་པར་བྱོན་ནོ།།

རྒྱལ་སྲས་ཏཀྵ་ཤི་ཡིས་སྲིད་དབང་སྐྱོང་བའི་གནས་སྐབས་སུ་རྡོ་འཇོག་གི་གྲོང་ཁྱེར་དེ་འཕེལ་རྒྱས་ཆེན་པོ་བྱུང་རུང་། དེ་ཙམ་གྱི་སྙན་གྲགས་མ་བྱུང་བ་རེད། འོན་ཀྱང་སྟོན་པ་རྣམ་འདྲེན་བཞི་པ་འཇིག་རྟེན་གྱི་ཁམས་འདིར་བྱོན་ནས་འགྲོ་བ་སེམས་ཅན་གྱི་དོན་མཛད་པའི་སྐབས་ན། རྡོ་འཇོག་གི་གྲོང་ཁྱེར་དེ་བཟོ་རིག་བཅོ་བརྒྱད་སྦྱོང་སའི་ས་གནས་ལྟེ་བ་ཞིག་ཆགས་ཡོད་པ་རེད། ཁྱད་པར་དུ་རྡོ་འཇོག་གི་མཐོ་སློབ་དེར་རྩིས་དང་གསོ་བ་རིག་པའི་སློབ་གསོའི་ཆུ་ཚད་ཧ་ཅང་མཐོན་པོ་ཡོད་པའི་རྐྱེན་གྱིས་མིང་གྲགས་ཕྱོགས་ཀྱི་བུ་མོའི་འགྲམ་པར་རེག་ཡོད་ཅིང་། ལོ་རྒྱུས་སྨྲ་བ་འགའ་ཡི་སྙན་རྩོམ་གྱི་དགོངས་གཞིར་ལྟར་ན་ཡང་། གནའ་བོའི་གྲོང་ཁྱེར་ཝཱ་རཱ་ཎ་སཱི་དང་། ཡངས་པ་ཅན་དང་། མཻ་ཐི་ལ་དང་། ཀུ་རུ་དང་། ཤི་བི་དང་། ཀོ་ཤལ་ལཱཊ་དང་། རྒྱལ་པོའི་ཁབ་སོགས་ས་ཐག་ཤིན་ཏུ་རིང་པོ་ནས་ཀྱང་སློབ་གྲྭ་བ་འབོར་ཆེན་པོ་ཡོན་ཏན་དོན་དུ་གཉེར་ཆེད་རིག་གནས་ཀྱི་རྒྱུན་བཟང་བླ་ན་མེད་པའི་རྡོ་འཇོག་གི་གཙུག་ལག་སློབ་གྲྭ་ཆེན་པོར་འགྲོ་རྐྱང་བྱེད་ཀྱི་ཡོད་པ་རེད་ཅེས་བཤད་ཡོད་ཅིང་། དེ་བཞིན་སུཏ་སོམ་བྱ་བའི་སྐྱེས་རབས་ཀྱི་ཕྱག་དཔེ་ཞིག་ལྟར་ན། རྡོ་འཇོག་གི་གཙུག་ལག་སློབ་གྲྭའི་དགེ་རྒན་རེར་སློབ་གྲྭ་བ་ཆིག་བརྒྱ་གསུམ་རེ་དང་། ཡང་སྐྱེས་རབས་གཞན་ཞིག་ལྟར་ན། དགེ་རྒན་རེར་སློབ་གྲྭ་བ་ལྔ་བརྒྱ་རེ་ཡོད་པ་བཤད་འདུག་ཅིང་། གང་ལྟར་ཡང་རྡོ་འཇོག་གི་མཐོ་སློབ་ནི་རྒྱ་གར་རྙིང་པའི་སྤྱི་ཚོགས་སུ་ཤིན་ཏུ་སྙན་གྲགས་ཆེ་བའི་ཤེས་ཡོན་ཁྱབ་སྤེལ་བྱེད་སའི་ལྟེ་གནས་ཤིག་ཡིན་པ་གདོན་མི་ཟའོ།།[13]  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  པདྨ་དཀར་པོའི་གསུང་འབུམ། པོད། ༼ཐ༽ (ཀ) དཔེ་རིང་། ཤོག་གྲངས་ ༤ན༦

[2]  བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། པོད། ༼ན༽ དེབ་ཨང་། ༨༨ པ། ཤོག་གྲངས་ ༨༥༧

[3]  ཤེས་རབ་རིན་ཆེན་གྱི་གསུང་འབུམ། ༼ཀ༽ ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། དཔེ་རིང་། ཤོག་ ༤ན༥

[4]  ཤེས་བྱ་ཀུན་ཁྱབ་འགྲེལ་པ། གླེགས་བམ་དང་པོ། ༼ཨེ༽ དཔེ་རིང་། ཤོག་གྲངས་ ཨེ༢༡༢བ

[5]  དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  ༢༠༠༢ ལོ། ཤོག་གྲངས་ ༡༨༦༠

[6]  ས་སྐྱའི་བཀའ་འབུམ། ཆོས་འཕགས་གཉིས་པ། དཔེ་རིང་། ཤོག་གྲངས་ ༢ན༢

[7]  ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཕ་རན་སི་དཔལ་འབྲུག་པའི་ཆོས་ཚོགས། ༢༠༠༦  ལོ། ཤོག་གྲངས་ ༩༨

[8]  བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼དི༽ དེབ་ཨང་ ༢༡ པ། ཤོག་གྲངས་ ༡༠༨༣

[9]  ས་སྐྱའི་ཆོས་འབྱུང་གཅེས་བསྡུས། པོད། ༼༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༢༠༥

[10]  སྡོམ་གྱི་སྐོར། དཔེ་གཟུགས། ཤོག་གྲངས་ ༡༡༣༨

[11]  སྔོན་བྱོན་ས་སྐྱ་པའི་མཁས་པ་རྣམས་ཀྱི་རྒྱུད་འགྲེལ་སྐོར ༼༡༢༽ སྤྱི་རྣམ་གསལ་བྱེད། དཔེ་རིང་། ཤོག་གྲངས་ ༣༢

[12]  མར་པ་ཆོས་ཀྱི་བློ་གྲོས་ཀྱི་གསུང་འབུམ། ༼༡༽ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཁང་། ༢༠༠༩ ལོ། ཤོག་ ༣༠༡

[13]  ག་ཤ་བ་དངོས་གྲུབ། ཟ་མ་ཏོག །ལྡི་ལི་བོད་ཀྱི་ཁང་པ། ༢༠༠༦ ལོ། ཤོག་གྲངས་ ༡༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༩༣ ནས་ ༡༠༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *