ང༽ སློབ་དཔོན་སེངྒེ་བཟང་པོ་ཡུལ་གང་དུ་སྐུ་འཁྲུངས་མིན།

ང༽ སློབ་དཔོན་སེངྒེ་བཟང་པོ་ཡུལ་གང་དུ་སྐུ་འཁྲུངས་མིན།

 

དེ་ཡང་སློབ་དཔོན་ཆེན་པོ་ལྷ་སངས་རྒྱས་དཔལ་གྱི་ཡེ་ཤེས་ཞབས་ཀྱིས་བསྡུས་པའི་རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པ་ཞེས་བྱ་བའི་ཞལ་གྱི་ལུང་ལས[1]།

དབུས་ཀྱི་ཡུལ་ཆེན་ཁ་བིར་གྲོང་ཁྱེར་རྡོ་འཇོག་ཏུ། །

བཟང་པོའི་སེང་གེ་ཞེས་བྱར་གྲགས་པ་རབ་ཐོབ་པ། །

བླ་མ་དེ་ནི་མཉེས་བྱས་ལུང་ཐོབ་གཞུང་མང་ཐོས། །

དེ་ལ་རྣམ་དཔྱད་རིག་འབྱུང་ཤཱི་ལེན་ན་ལེནྡྲར[2]། །

ཡོན་ཏན་བཤེས་གཉེན་ཞེས་བྱ་རིགས་ཅན་དེ་ཡི་ངོར། །

བླུན་བློས་རབ་ཏུ་བྱེད་པ་ཕྱོགས་འགའ་རྩོམ་བྱེད་པའི། །

བྲོད་པས་དེར་གནས་རྣམས་ལ་གཞུང་དེས་ཕན་གདགས་པར། །

བསམས་ནས་དེར་གནས་རྩོམ་དང་སྟོན་སོགས་རབ་ཏུ་བྱས། །

ཞེས་གསུངས་པ་ལྟར། སློབ་དཔོན་ཆེན་པོ་བི་ཏ་པཱ་དས་མཛད་པའི་མཛེས་པའི་མེ་ཏོག་ཅེས་བྱ་བ་རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པ་ཞལ་གྱི་ལུང་གི་འགྲེལ་པ་ལས་[3]ཀྱང་། ད་ནི་འགྲོ་བ་རྣམས་དད་པར་བྱ་བའི་ཕྱིར། རྗེ་བཙུན་བདག་ཉིད་ཀྱིས་དེ་ཁོ་ན་ཉིད་མཉེས་པའི་ལོ་རྒྱུས་གསུངས་པ། དབུས་ཀྱི་ཡུལ་ཆེན་ཞེས་པ་ལ་སོགས་པའོ། །དེ་ལ་བདག་ཅག་གི་བླ་མ་ཆེན་པོས་དང་པོར་ཡུལ་ཁམས་ནི་དབུས་ཞེས་བྱ་སྟེ། ན་ལེནྡྲའི་ཕྱོགས་སོ། །ཡུལ་གྱི་མིང་ནི་ཁ་བི་ར་ཞེས་བྱའོ། །དེ་ན་གྲོང་ཁྱེར་རྡོ་འཇོག་ཅེས་བྱ་བ་ཡོད་དོ། །དེ་ཡི་ཕྱོགས་གཅིག་ན་འཕགས་པ་མང་པོས་བཀུར་བའི་སྡེ་པ་གཞུང་སྣ་ཚོགས་ཀྱིས་དུབ་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐོབ་པ། བཟང་པོ་སེང་གེ་ཞེས་བྱ་བར་གྲགས་པ་རབ་ཏུ་ཐོབ་པ་ཞིག་ཡོད་པ་དེ་མཉེས་པར་བྱས་ནས་ཕ་རོལ་ཏུ་ཕྱིན་པའི་ལུང་ཐོབ་ནས་དེ་ལས་གཞན་པའི་གཞུང་ཡང་མང་དུ་ཐོས་པས་དེ་ཉིད་ལ་འཐད་སྒྲུབ་ཀྱིས་རྣམ་པར་དཔྱད་ཅིང་གནས་པ་ལ་ཤྲཱི་ན་ལེནྡྲར་རིག་པའི་ཆོས་གྲྭ་ཆེན་པོ་ན་གནས་པའི་དགེ་སློང་མ་ཡོན་ཏན་བཤེས་གཉེན་ཞེས་བྱ་བ། བྲམ་ཟེའི་རིགས་སུ་སྐྱེས་པ་དད་པ་བརྟན་པ་ཞིག་ཡོད་པ་དེའི་ངོར། བླུན་བློས་ཞེས་ཏེ་ཕ་རོལ་ཏུ་ཕྱིན་པའི་བློས་གནས་པས་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་མ་རྟོགས་པའི་ཕྱིར་རོ།།

རབ་ཏུ་བྱེད་པ་ཕྱོགས་འགའ་རྩོམ་བྱེད་པའི། །

ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྡུས་དོན་ལ་སོགས་པ་ཉུང་ཤས་ཤིག་ལ་བློ་འཕྲོད་པས་རྩོམ་པ་དང་སྟོན་པ་བྱས་ཏེ། ཕ་རོལ་ཏུ་ཕྱིན་པའི་གཞུང་དེས་ཕན་གདགས་པར་བྱ་བའི་ཕྱིར་རོ། །ཞེས་དང་། དེ་བཞིན་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (1405-1477) གྱིས་མཛད་པའི་ཞལ་ལུང་གྲོལ་ཐིག་གི་རྣམ་བཤད་ཉུང་ངུ་རྣམ་གསལ་ལས[4]། བཟང་པོ་སེང་གེ་ནི་སློབ་དཔོན་ཆེན་པོ་སེངྒེ་བཟང་པོ་སྟེ། དེའི་འཁྲུངས་ཡུལ་ནི་མཐའ་འཁོབ་མིན་གྱི་དབུས་ཀྱི་ཡུལ་ཆེན་པོའི་ནང་ཚན་ཁ་བི་ཞེས་བྱ་བར་གྲགས་པའི་ནང་གྲོང་ཁྱེར་རྡོ་འཇོག་ཏུ་འཁྲུངས་པའོ། །ཞེས་བྱུང་བ་ལྟར། སློབ་དཔོན་སེངྒེ་བཟང་པོའི་འཁྲུངས་ཡུལ་རྡོ་འཇོག་ (Taxila) ནི། དབུས་ཀྱི་ཡུལ་ཆེན་པོའི་ནང་ཚན་ཁ་བིར་ཞེས་བྱ་བར་གྲགས་པའི་ནང་གི་གྲོང་ཁྱེར་རྡོ་འཇོག་ནི་དེང་གི་པ་ཀི་སི་ཐན་གྱི་རྒྱལ་ས་ཨི་སི་ལ་མ་བྷ་ཏ་ནས་ཀི་ལོ་མི་ཊར་ ༥༠ སར་ཆགས་ཡོད་པ་བཅས་སོ།།

དེ་བཞིན་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) མཆོག་གིས་མཛད་པའི་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ཀྱི་དོན་འགྲེལ་ཁོག་ཕུབ་ལེགས་པར་བཤད་པ་གསང་འདུས་བསྟན་པ་རྒྱས་པའི་ཉིན་བྱེད་ལས[5]། ནཱ་ལེནྡྲའི་ཕྱོགས་གཅིག་ཏུ་གྲོང་ཁྱེར་རྡོ་འཇོག་ (Taxila) ཅེས་བྱ་བར། རྒྱལ་པོ་ཤྲཱི་དྷརྨཱ་པཱ་ལས་བརྩིགས་པ། ཏྲིཀ་ཅེས་བྱ་བའི་གཙུག་ལག་ཁང་དུ། མཁན་པོ་རྣམ་པར་སྣང་མཛད་བཟང་པོའི་སློབ་མ། ཐུགས་རྗེ་དང་། བྱང་ཆུབ་ཀྱི་སེམས་ལ་གོམས་པ། བདེ་བར་གཤེགས་པའི་གསུང་རབ་དུ་མའི་མཛོད་འཛིན་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གསལ་བར་འཆད་པ་སློབ་དཔོན་སེང་གེ་བཟང་པོའི་དྲུང་དུ་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་སྦྱངས་ནས། ཤྲཱི་ནཱ་ལེནྡྲར་རིགས་ལྡན་ཡོན་ཏན་བཤེས་གཉེན་གྱིས་གསོལ་བ་བཏབ་པའི་ངོར། རྩོམ་པ་དང་། བཤད་པ་སོགས་བྱས་ནས། དེར་གནས་པ་རྣམས་བྲོད་པ་བསྐྱེད་དོ། །ཞེས་གསུངས་པ་ལྟར་རྡོ་འཇོག་ཅེས་པ་དེ་ཉིད་རྒྱ་གར་འཕགས་ཡུལ་གྱི་དབུས་འགྱུར་འཆང་དུ་ཆགས་པའི་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་ཕྱོགས་གཅིག་ཏུ་ཡོད་པར་གསལ་ལོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼དི༽ དེབ་ཨང་ ༢༡ པ། ཤོག་གྲངས་ ༨༢༩

[2]  པེ་རིང་བསྟན་འགྱུར་དང་། སྣར་ཐང་བསྟན་འགྱུར་གཉིས་སུ། ཤྲཱི་ན་ལཱནྡར། ཞེས་གསལ།

[3]  བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼དི༽ དེབ་ཨང་ ༢༡ པ། ཤོག་གྲངས་ ༡༠༨༣

[4]  སྟག་ཚང་ལོ་ཙཱ་བའི་གསུང་འབུམ། གསུམ་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༡༥༥

[5]  ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ། པོད། ༼ཕ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༧ན༣

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༨༩ ནས་ ༩༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *