ཐ༽ བསྟན་པའི་སྙིང་པོ་ཕར་ཕྱིན་གྱི་ངོ་སྤྲོད།

ཐ༽ བསྟན་པའི་སྙིང་པོ་ཕར་ཕྱིན་གྱི་ངོ་སྤྲོད།

 

དེ་ཡང་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) མཆོག་གིས་མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་ཅིང་གསོལ་བ་འདེབས་པའི་རབ་ཏུ་བྱེད་པའི་སརྒ་བཞི་པ་ལས[1]།

ཟབ་ཡངས་ཆོས་མཛོད་མངོན་པའི་སྡེ་སྣོད་དང་། །

སྦས་དོན་མངོན་རྟོགས་འགྲོ་ལ་གསལ་མཛད་པ། །

ས་གསུམ་མངའ་བདག་འཕགས་པ་ཐོགས་མེད་ཀྱི། །

ཞབས་པད་དྲི་མ་མེད་ལ་ཕྱག་འཚལ་ལོ། །

གང་གིས་ཕྱེ་བའི་གནས་བརྒྱད་མངོན་རྟོགས་རིམ། །

བློ་བཟང་སྣོད་དང་ལྡན་པའི་གདུལ་བྱ་ལ། །

མཆོག་ཏུ་སྤེལ་མཛད་ཀུན་མཁྱེན་དབྱིག་གཉེན་ཞབས། །

རྗེས་འབྲང་[2]བཅས་ལ་བདག་ཡིད་དང་བས་འདུད། །

ཅེས་གསུངས་པ་ལྟར་བསྟོད་ཕྱག་སྔོན་དུ་བཏང་སྟེ། ས་བཅད་བརྒྱད་ཀྱི་ཐོག་ནས་ཕར་ཕྱིན་གྱི་ངོ་སྤྲོད་མཚམས་སྦྱོར་ཞུ་བ་ལ།

 

༡༽ ཕར་ཕྱིན་གྱི་གོ་དོན་དང་དབྱེ་བ།

ཕར་ཕྱིན་ཞེས་པ་ཕ་རོལ་ཏུ་ཕྱིན་པ་ཞེས་པའི་ཚིག་སྡུད་དེ། ཕ་རོལ་ནི་འཁོར་བ་ཕྲ་རགས་རྒྱ་མཚོའི་ཕ་རོལ་ཏེ། དེ་ལ་ཕྱིན་བྱེད་དང་ཕྱིན་ཟིན་གཉིས་ལས། བྱང་ཆུབ་སེམས་དཔའི་ལམ་ཐམས་ཅད་ཕ་རོལ་ཕྱིན་བྱེད་དེ་ལམ་ཤེར་ཕྱིན་དང་། སངས་རྒྱས་ཀྱི་མཁྱེན་པ་ནི་ཕ་རོལ་ཕྱིན་ཟིན་འབྲས་བུ་ཤེར་ཕྱིན། དེ་གཉིས་བརྗོད་བྱར་བྱེད་པའི་བསྟན་བཅོས་ལ་གཞུང་ཤེར་ཕྱིན་ཟེར། མདོར་ན། ཤེར་ཕྱིན་ལ་གཞུང་དང་ལམ་དང་འབྲས་བུའི་ཤེར་ཕྱིར་གསུམ་ལས། གཞུང་ཆེན་བཀའ་པོད་ལྔའི་ནང་ཚན་གྱི་ཕར་ཕྱིན་ནི་གཞུང་ཤེར་ཕྱིན་ཡིན་ལ། སྐབས་འདིའི་ཕར་ཕྱིན་ནི། ཕར་ཕྱིན་དྲུག་དང་ཕར་ཕྱིན་བཅུ་སོགས་ལ་གོ་རྒྱུ་མིན་པར་ཕར་ཕྱིན་གྱི་གཞུང་ལ་གོ་དགོས་ཤིང་། འབྲས་བུ་ཤེར་ཕྱིན་མ་ཐོབ་བར། ལམ་ཤེར་ཕྱིན་ལ་ཉམས་ལེན་དང་། གཞུང་ཤེར་ཕྱིན་ལ་ཐོས་བསམ་སློབ་གཉེར་མཐར་ཕྱིན་པ་བྱེད་དགོས་པར་གསུངས་ཡོད།

གཞུང་ལམ་འབྲས་བུའི་ཤེར་ཕྱིན་ནི། སློབ་དཔོན་ཐོགས་གླང་ (445-575) གི་བརྒྱད་སྟོང་དོན་བསྡུས་ལས[3]།

ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །

བསྒྲུབ་བྱ་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེའི་སྒྲ་ཡིན། །

ཞེས་དང་། དེ་ཉིད་ཁུངས་སུ་མཛད་དེ་སློབ་དཔོན་སེངྒེ་བཟང་པོའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས[4]། དེ་ལྟར་དང་པོ་ཐོས་པ་དང་བསམ་པ་དང་སྒོམ་པའི་རང་བཞིན་གྱི་ཤེས་པ་སྐྱེ་བའི་རིམ་གྱིས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པའི་ཕྱིར། ཕ་རོལ་ཏེ་རབ་ཀྱི་མཐར་འགྲོ་བ་ཡིན་པས་ན་ཕ་རོལ་ཏུ་ཕྱིན་པའོ། །དེ་ཡང་ཤེས་རབ་ཅེས་བྱ་བ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ནི་དངོས་ཡིན་ལ། དེ་འཐོབ་པ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་ན་ཚིག་དང་ངག་གི་ཚོགས་ཀྱི་གཞུང་དང་། མཐོང་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་ལམ་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བཏགས་པའོ། །ཞེས་གསུངས་པ་ལྟར། སངས་འཕགས་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ནི་འབྲས་བུ་ཤེར་ཕྱིན་དང༌། འབྲས་བུ་ཤེར་ཕྱིན་དེ་བརྗོད་བྱར་བྱེད་པའི་བརྒྱད་སྟོང་པ་སོགས་གཞུང་ཤེར་ཕྱིན་དང་། འབྲས་བུ་ཤེར་ཕྱིན་དེ་ཐོབ་བྱེད་ཀྱི་ཐབས་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་མཐོང་ལམ་སོགས་ལམ་ཤེར་ཕྱིན་ཡིན། དེ་ཡང་དང་པོ་ཤེར་ཕྱིན་དངོས་དང་། ཕྱི་མ་གཉིས་ཤེར་ཕྱིན་བཏགས་པ་བ་ཡིན། རྒྱན་སྣང་དུ་བཏགས་པ་བ་ཞེས་པའི་ཚིག་མི་འབྱུང་ཡང་། རྔོག་ལོ་ཆེན་པོའི་བསྡུས་དོན་ལས[5]། བཏགས་པ་བ་ནི་དེའི་ལམ་མཐའ་དག །ཅེས་གསུངས་པ་ལྟར་འཐད་དོ།།

 

༢༽ ཕར་ཕྱིན་སྐོར་བྱུང་ཚུལ།

དེ་ཡང་ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་བྱམས་ཆོས་སྡེ་ལྔའི་བསྡུས་དོན་བྱམས་མགོན་དགྱེས་པའི་མཆོད་སྤྲིན་ལས[6]།

ཐུབ་པས་རང་གི་འཁོར་ལ་བརྟགས་པའི་ཚེ། །

ཁྱོད་དང་མཚུངས་པའི་རྒྱལ་སྲས་མ་གཟིགས་ནས། །

ཁྱོད་ནི་རྒྱལ་ཚབ་དམ་པར་དབང་བསྐུར་བ། །

རྒྱལ་བ་གཉིས་པ་མི་ཕམ་མགོན་ལ་འདུད། །

གང་ཚེ་རྒྱལ་བས་འོད་སྲུང་ཆེ་སོགས་ལ། །

ཐེག་ཆེན་ཆོས་ཚུལ་འཛིན་པར་རབ་གཏད་ཀྱང༌། །

མ་ནུས་ཁྱོད་ལ་བཀའ་བབས་ཞལ་བཞེས་ཏེ། །

སེངྒེའི་སྒྲ་ཆེན་ཕྱོགས་མཐར་བསྒྲག་པར་མཛད། །

ཁྱོད་ཀྱིས་རྒྱལ་བའི་མཛད་འཕྲིན་ཁུར་བསྣམས་ནས། །

དགོངས་འགྲེལ་བསྟན་བཅོས་ཆེན་པོ་ལྔ་ཉིད་ཀྱིས། །

ཐུབ་བསྟན་རྒྱལ་མཚན་འཛིན་པའི་གྲགས་འབར་བ། །

དེ་སླད་ཁྱོད་ཀྱི་དགོངས་པ་འགྲེལ་ལ་སྤྲོ། །

ཞེས་གསུངས་པ་ལྟར། ཕར་ཕྱིན་གྱི་གཞུང་ནི། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེངྒེ་མངོན་པར་རྫོགས་པར་སངས་རྒྱས་ནས། གདུལ་བྱ་རྣམས་ཀྱི་ཁམས་དང་མོས་པ་དང་འཚམ་པའི་ཆོས་འཁོར་རིམ་པ་གསུམ་གྱིས་མཚོན་ཆོས་ཀྱི་འཁོར་ལོ་ཇི་སྙེད་ཅིག་བསྐོར་བའི་ནང་ནས་རབ་དང་ཕུལ་དང་མཆོག་ཏུ་གྱུར་པ་ནི། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་འདི་ཉིད་ཡིན། དེ་ཡང་ཡུམ་རྒྱས་འབྲིས་བསྡུས་གསུམ་སྟེ། རྒྱས་པ་འབུམ་དང་། འབྲིང་བ་ཉི་ཁྲི། བསྡུས་པ་བརྒྱད་སྟོང་པ་གསུམ་སྡེར་གཏོགས་དང་བཅས་པ་རྣམས་ཡིན་ལ། དེ་དག་གི་བསྟན་དོན་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང༌། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་ལས། ཕྱི་མ་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཏན་ལ་འབེབས་པ་ལ། རྗེ་བཙུན་བྱམས་པ་མགོན་པོས་མངོན་རྟོགས་རྒྱན་མཛད་ནས། སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་འཕགས་པ་ཐོགས་མེད་ལ་རྒྱན་རྣམ་གཉིས་དང་། འབྱེད་རྣམ་གཉིས། རྒྱུད་བླ་མ་བཅས་བྱམས་ཆོས་སྡེ་ལྔ་པོ་རྣམས་གསུངས། བྱམས་ཆོས་སྡེ་ལྔའི་འགྲེལ་པར་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་ས་སྡེ་ལྔ་དང་། དེ་བཞིན་མངོན་པ་ཀུན་བཏུས་དང་། བྱང་ས། ཐེག་བསྡུས་གསུམ་མཛད།

གཞན་ཡང་མངོན་རྟོགས་རྒྱན་གྱི་འགྲེལ་པ་གྲགས་ཆེ་བ་འཕགས་པ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ་དང༌། སློབ་དཔོན་སེངྒེ་བཟང་པོས་མཛད་པའི་རྒྱན་སྣང་དང༌། འགྲེལ་པ་དོན་གསལ་སོགས་མདོ་དང་རྒྱན་སྦྱར་བ་དང་མ་སྦྱར་བའི་རྒྱ་འགྲེལ་ཉེར་གཅིག་ཏུ་གྲགས་པ་བྱུང་ཞིང༌། སྦས་དོན་ཡུམ་ཤེེར་ཕྱིན་གྱི་བཀའ་བབས་རྣམ་པ་དྲུག་ཏུ་གསུངས་ལ། རྒྱ་འགྲེལ་ཉེར་གཅིག་གི་འགྲེལ་བྱེད་པཎ་གྲུབ་རྣམས་ཀྱི་ཁྲོད་ནས་ཁྱད་དུ་འཕགས་པ་ནི་འཕགས་སེང་གཉིས་ཞེས་འཕགས་པ་གྲོལ་སྡེ་དང་། སློབ་དཔོན་སེངྒེ་བཟང་པོ་རྣམ་གཉིས་ཡིན་པར་གྲགས་སོ།།

དེ་དག་གི་རྗེས་སུ་འབྲངས་པའི་བོད་ཀྱི་མཁས་གྲུབ་རིམ་བྱོན་རྣམས་ཀྱིས་མཛད་པའི་འགྲེལ་པ་ལ་མཚོན་ནའང་། རྗེ་བཙུན་ཙོང་ཁ་པ་ཆེན་པོས་མཛད་པའི་ལེགས་བཤད་གསེར་ཕྲེང་དང་། ཀུན་གཞི་རྩ་འགྲེལ། བཞུགས་གནས་བརྒྱད་ཀྱི་ཐེམ་སྐས་སོགས་པ་དང་། རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་ཕར་ཕྱིན་རྣམ་བཤད་སྙིང་པོ་རྒྱན། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་ཕར་ཕྱིན་རྟོག་གེའི་སྣང་བ། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་ཕར་ཕྱིན་བློ་བཟང་དགོངས་རྒྱན། དེ་མིན་གདན་ས་གྲྭ་ཚང་ཁག་གི་ཡིག་ཆའི་བདག་པོ་མཁས་གྲུབ་ཆེན་པོ་རྣམས་ཀྱིས་མཛད་པའི་གྲྭ་ཚང་སོ་སོའི་ཡིག་ཆ་ཁག་མང་དུ་བཞུགས་ཡོད་པར་མ་ཟད། བོད་གངས་ཅན་ལྗོངས་ཀྱི་རིས་མེད་ཀྱི་མཁས་པ་མང་པོས་བརྩམས་པའི་ཕར་ཕྱིན་གྱི་འགྲེལ་པ་མཐའ་ཡས་ཤིང༌། བོད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཕར་ཕྱིན་གྱི་འགྲེལ་པ་མ་བརྩམས་པ་མེད་པ་ལྟ་བུར་གསུང་སྲོལ་ཡོད། དེ་ལྟར་འཕགས་བོད་གཉིས་སུ་ཤེར་ཕྱིན་གྱི་མདོའི་གཞུང་འགྲེལ་མཐའ་ཡས་པ་བྱུང་སྟེ། ཤེར་ཕྱིན་གྱི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད་དོ།།

 

༣༽ ཕར་ཕྱིན་གྱི་བཤད་རྒྱུན་བྱུང་ཚུལ།

དེ་ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[7]། སངས་རྒྱས་རང་ཉིད་ཀྱིས་ཤེར་ཕྱིན་རྒྱས་འབྲིང་བསྡུས་གསུམ་གསུངས་པའི་སྦས་དོན་གྱི་རིམ་པ་རྣམས་རྒྱལ་བ་མི་ཕམ་མགོན་པོ་ལས། ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད་ཀྱིས་གསན་པ་ནས་སློབ་དཔོན་སེང་གེ་བཟང་པོ་བྱུང་ཞིང་། བར་དུ་སེང་བཟང་ལ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་གསན། དེའི་སློབ་མ་ཡོན་ཏན་བཤེས་གཉེན་ལ་ལོ་ཆེན་རིན་ཆེན་བཟང་པོས་གསན་ཏེ་འཆད་ཉན་མཛད། དེ་ལ་ཤར་ཕྱོགས་པ་ཟླ་བ་བཟང་པོས་གསན་པ་བཅས་ནི་རྒྱ་གར་དུ་ཕར་ཕྱིན་གྱི་བཤད་རྒྱུན་བྱུང་ཚུལ་ཡིན།

བོད་ལྗོངས་སུ་བསྟན་པ་སྔ་དར་གྱི་སྐབས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་། ཁྲི་ལྡེ་སྲོང་བཙན། ཁྲི་རལ་པ་ཅན་བཅས་ཀྱི་རིང་ལ་འབུམ་རྒྱས་འབྲིང་བསྡུས་གསུམ་དང་། ཕར་ཕྱིན་གྱི་འགྲེལ་པའི་སྐོར་ཁག་གཅིག་བཅས་བོད་སྐད་དུ་བསྒྱུར་ཅིང་། བསྟན་པ་ཕྱི་དར་གྱི་སྐབས་སུ་འབུམ་རྒྱས་འབྲིང་བསྡུས་གསུམ་གྱི་འགྲེལ་པ༌དུས་སྐབས་དེར་རྒྱ་གར་དུ་གང་ཡོད་ཐམས་ཅད་དང་། གཞན་ཡང་ཕར་ཕྱིན་དང་འབྲེལ་བ་ཡོད་པའི་བྱམས་ཆོས་ཕྱི་མ་བཞི་སྟེ།  མདོ་སྡེ་རྒྱན། དབུས་མཐའ་རྣམ་འབྱེད། ཆོས་ཉིད་རྣམ་འབྱེད། རྒྱུད་བླ་མ༌བཅས་དང་། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔ་སྟེ། སའི་དངོས་གཞི། གཏན་ལ་དབབ་པ་བསྡུ་བ། གཞི་བསྡུ་བ། རྣམ་པར་བཤད་པའི་སྒོ་བསྡུ་བ༌སོགས་ཕར་ཕྱིན་གྱི་སྐོར་རྣམ་གྲངས་བཞི་བཅུ་ཞེ་གསུམ་དང་། ཕར་ཕྱིན་དང་འབྲེལ་བ་ཡོད་པའི་གཞུང་གི་རྣམ་གྲངས་སུམ་ཅུ་སོ་གཉིས་བཅས་བསྟན་འགྱུར་པོད་ ༼ཕི༽ ནས་པོད་ ༼ཧི༽ བར་པོད་བཅུ་དྲུག་ཡོད། བོད་འདིར་བསྟན་པ་སྔ་དར་དང་། ལྷག་པར་དུ་ཕྱི་དར་གྱི་སྐབས་སུ་དབུས་གཙང་གདན་ས་ཆེན་པོ་དྲུག་སོགས་དང་། གྲུབ་མཐའ་རིས་མེད་ཀྱི་གདན་ས་ཆེན་པོ་ཁག་ལ་ཕར་ཕྱིན་གྱི་འཆད་ཉན་དང་། སློབ་གཉེར་དར་སྲོལ་ཆེན་པོ་བྱུང་སྟབས་གདན་ས་རང་རང་སོ་སོར་འཆད་ཉན་གྱི་ཡིག་ཆ་རྒྱས་བསྡུས་མི་འདྲ་བ་ཧ་ཅང་མང་པོ་ཡོད། ཅེས་གསུངས་སོ།།

རྒྱལ་བའི་ཡུམ་གསུམ་གའི་སྙིང་པོ་གཅིག་ཏུ་བསྡུས་པའི་སྡོམ་ཚིག་ལྟ་བུ་ནི། བསྟན་བཅོས་མངོན་རྟོགས་རྒྱན་ཡིན་པ་དང་། ཕར་ཕྱིན་གྱི་རྒྱ་འགྲེལ་ཉེར་གཅིག་ལས་ཚིག་ཉུང་དོན་གསལ་དང་། ཁ་གསལ་གོ་བདེའི་ཁྱད་ཆོས་ལྡན་པའི་འགྲེལ་པ་ཁྱད་དུ་འཕགས་པ་ནི། སློབ་དཔོན་སེངྒེ་བཟང་པོས་མཛད་པའི་འགྲེལ་པ་དོན་གསལ་འདི་ཉིད་ཡིན་ཞེས་སྔོན་བྱོན་མཁས་པའི་སྤྱི་སྐད་དུ་གྲགས་ཤིང་། དེ་ལྟར་ཕར་ཕྱིན་ལ་འགྲེལ་པ་ཤིན་ཏུ་མང་ཡང་ཐུན་མོང་གི་སྦྱང་བྱའི་རྒྱ་གཞུང་ནི། སློབ་དཔོན་སེང་གེ་བཟང་པོས་མཛད་པའི་འགྲེལ་པ་དོན་གསལ་ཡིན་ལ། བྱམས་ཆོས་སྡེ་ལྔ་དང༌། ས་སྡེ་ལྔ་རྣམས་ལས་མང་ཆེ་བ་ནི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བོད་སྐད་དུ་བསྒྱུར་བ་དང་། འགའ་ཞིག་དུས་རབས་བཅུ་གཅིག་པའི་མཇུག་ཏུ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བ་ཡིན་ནོ།།

དེ་ལྟར་ཐོག་མར་སྟོན་པ་ཐུབ་པའི་དབང་པོ་དགའ་ལྡན་དུ་སྐྱེ་བ་སྤྲུལ་སྐུའི་ཚུལ་བཟུང་སྟེ་རྒྱལ་བ་འོད་སྲུང་གི་སྐུ་དུས་ནས་འཇིག་རྟེན་གྱི་ཞིང་འདིར་འབྱོན་པ་ལ་ཉེ་བའི་བར་དགའ་ལྡན་གྱི་ལྷ་རྣམས་ལ་ཆོས་བསྟན་ནས་འཛམ་གླིང་དུ་འབྱོན་པ་ལ་ཉེ་བར་ཕྱོགས་པའི་ཚེ། རྒྱལ་ཚབ་ཏུ་དབང་བསྐུར་བའི་རྒྱལ་བ་མི་ཕམ་མགོན་པོ་ལ་ས་གསུམ་བརྙེས་པ་འཕགས་པ་ཐོགས་མེད་ཀྱིས་གསན་པར་གྲགས་ལ། འདིས་མངོན་པར་རྟོགས་པའི་རྒྱན་དང་ཡུམ་གྱི་མདོ་སྟོན་པ་དེ་ཉིད་རྣམ་ངེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་སོགས་བསྟན་བཅོས་མང་དུ་མཛད། དེ་ལ་འཛམ་གླིང་མཁས་པའི་གཙུག་རྒྱན་སློབ་དཔོན་དབྱིག་གཉེན་གྱིས་གསན། དེ་ལས་དབུ་མའི་ལམ་བཟང་བརྙེས་པ་འཕགས་པ་རྣམ་གྲོལ་སྡེས་གསན་ཅིང་མངོན་རྟོགས་རྒྱན་དང་ཉི་ཁྲི་སྦྱར་བའི་བསྟན་བཅོས་ཆེན་པོ་ཉི་ཁྲི་སྣང་བ་སོགས་མཛད།

དེ་ལ་དད་པའི་སར་གནས་བཙུན་པ་རྣམ་གྲོལ་སྡེས་གསན། འདིས་བྱང་ཆུབ་ལམ་གྱི་རིམ་པའི་གནད་རྣམས་རྒྱས་པར་སྟོན་པའི་ཉི་ཁྲི་རྣམ་འགྲེལ་མཛད། དེ་ལ་སློབ་དཔོན་ཆེན་པོ་མཆོག་གི་སྡེས་གསན། དེ་ལ་རྒྱལ་སྲས་དུལ་བའི་ལྷས་གསན། དེ་ལ་ཟ་ཧོར་མཁན་པོ་ཞི་བ་འཚོའམ་རྣམ་སྣང་མཛད་ཀྱིས་གསན། དེ་ལ་ཤེར་ཕྱིན་རྒྱས་མཛད་སློབ་དཔོན་སེང་གེ་བཟང་པོས་གསན། འདི་པས་མངོན་རྟོགས་རྒྱན་གྱི་འགྲེལ་པ་དོན་གསལ་དང་། མངོན་རྟོགས་རྒྱན་དང་བརྒྱད་སྟོང་པ་སྦྱར་བའི་མན་ངག་བརྒྱད་སྟོང་འགྲེལ་ཆེན་དང་། འཕགས་པ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ་དང་མཐུན་པར་ཉི་ཁྲིའི་བསྡུས་དོན་ལེ་བརྒྱད་མ་དང་། སྡུད་འགྲེལ་རྟོགས་པར་སླ་བ་དང་། ཤེར་ཕྱིན་བསྒོམ་པ་སོགས་གཞུང་མང་སྐྱེ་འགྲོའི་བསོད་ནམས་ཀྱི་དཔལ་དུ་བསྐྲུན།

དེ་ནས་སེང་བཟང་ལ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་གསན། དེའི་སློབ་མ་ཡོན་ཏན་བཤེས་གཉེན་ལ་ལོ་ཆེན་རིན་ཆེན་བཟང་པོས་གསན་ཏེ་འཆད་ཉན་ཤིན་ཏུ་རྒྱས་པར་མཛད། དེ་ལ་ཤར་ཕྱོགས་པ་ཟླ་བ་བཟང་པོས་གསན། དེ་ལ་སློབ་དཔོན་བསྟན་སྐྱོང་ངམ་འབུམ་ཕྲག་གསུམ་པས་གསན། དེ་ལ་ལོ་ཙཱ་བ་ཆེན་པོ་རྔོག་བློ་ལྡན་ཤེས་རབ་ཀྱིས་གསན་ཅིང་རྩ་འགྲེལ་གཉིས་ཀྱི་འགྱུར་སོགས་འགྱུར་མང་པོ་དང་། ཡིག་ཆ་ཡང་བྱམས་ཆོས་སྡེ་ལྔའི་ཊཱིཀྐ་དང་། ཕར་ཕྱིན་གྱི་ཊཱིཀ་ཆུང་། དབུ་ཚད་ཀྱི་གཞུང་སོགས་གཞུང་ཤིན་ཏུ་མང་པོ་མཛད་ཡོད་ལ། འགྱུར་གྱི་ཚད་ནི་ཉིད་ཀྱི་རྣམ་ཐར་གྲོ་ལུང་བ་བློ་གྲོས་འབྱུང་གནས་ཀྱིས་མཛད་པ་ལས[8]།

དམ་ཆོས་བསྒྱུར་ལ་མངའ་བརྙེས་པས། །རྒྱལ་ཡུམ་གཉིས་དང་བསྟན་བཅོས་གཞུང་།།

འབུམ་ཕྲག་གཅིག་དང་ཁྲི་ཕྲག་གསུམ། །སྟོང་ཕྲག་བདུན་ནི་ལྷག་བཅས་བསྒྱུར།།

ཅེས་པ་ལྟར་རོ།།

གཞན་ཡང་དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱིས་ (1292-1361) མཛད་པའི་སློབ་མ་ལ་སྤྲིང་པ་སྐུར་འདེབས་དང་སྒྲོ་འདོགས་སྤང་བ་ལས[9]། ཁོང་པ་ལ་རང་བས་ལྷག་པའི་སློབ་མ་བཞི་ཡོད་པ་ལས། ཕར་ཕྱིན་རང་བས་མཁས་པ་འཕགས་པ་རྣམ་གྲོལ་སྡེ་ཡིན། ཞེས་གྲགས་པ་འདི་ཡང་དོན་ལ་མི་བདེན་པར་གདའ་ཞིང༌། གལ་ཏེ་བདེན་སྙམ་པ་གདའ་ན། དེའི་ཤེས་བྱེད་རྣམ་དག་དྲིས་ནས་ཡི་གེར་ཡང་བྲིས་མཛོད། ཉི་ཁྲི་ལེ་མང་དང་ལེ་བརྒྱད་མ་ལེའུ་མང་ཉུང་མ་གཏོགས་པ་གཅིག་རང་ཡིན་ཞེས་གྲགས་པ་འདི་ཡང་དོན་ལ་མི་བདེན་པར་གདའོ། །གལ་ཏེ་བདེན་སྙམ་པ་གདའ་ན། གཞུང་དེ་གཉིས་བསགས་ནས་ཞུ་དག་ཐེབས་པ་གཅིག་མཛད་པར་ཞུས་མཛོད་དང༌། དེ་ནས་གསལ་བར་འགྱུར་ལགས་ཀྱི། གཞན་ཡང་ཉི་ཁྲི་ལེ་བརྒྱད་མ་བཀའ་ཡིན་ནམ་བསྟན་བཅོས་ཡིན། བསྟན་བཅོས་ཡིན་ན་མཛད་པ་པོ་སུ་ཡིན་མཁྱེན་ནམ་ཞུས་མཛོད། བྱང་ཆུབ་སེམས་དཔའི་བསླབ་པ་རབ་ཏུ་དབྱེ་བའི་ལེའུ་ཞེས་བྱ་བ་སངས་རྒྱས་ཀྱི་རང་འགྲེལ་ཁྱད་འཕགས་དེ་ལེའུ་མང་དུ་འོང་ལ། ལེའུ་བརྒྱད་མར་མི་འོང་བའི་རྒྱུ་མཚན་དང༌། བསེ་རུ་ལྟ་བུ་དེ་ལེ་བརྒྱད་མར་འོང་ལ། ལེ་མང་དུ་མི་འོང་བའི་རྒྱུ་མཚན་ཡང་ཞུས་མཛོད།  དེ་དག་ལ་སོགས་པ་ཞུས་དག་གྲུབ་ན་མ་བདེ་བ་ཞུ་རྒྱུ་འགའ་རེ་འོང་བར་གདའ་བས་ཐད་ཀ་ཐད་ཀར་ཞུས་ལ། ལན་གསུང་རྒྱུ་གདའ་ན་ཡི་གེར་བྲིས་མཛོད། ཡུམ་རྒྱས་འབྲིང་བསྡུས་གསུམ་ཡང་རྫོགས་ལྡན་གྱི་མཁས་པ་ཆེན་པོ་རྣམས་ཀྱིས་དོན་བདུན་ཅུ་ཚང་བའི་འབུམ་དང༌། ཉི་ཁྲི་ལྔ་སྟོང་པ་དང༌། ཁྲི་བརྒྱད་སྟོང་པ་རྣམས་ལས་གསུངས་ཀྱིས། ཤེས་རབ་ཁྲི་པ་དང༌། བརྒྱད་སྟོང་པ་ལ་སོགས་པ་ཟབ་མོ་སྟོན་ཀྱང༌། གོ་རིམ་མི་མཐུན་པ་རྣམས་ལ་མ་གསུངས་ཤིང༌། ཡོན་ཏན་རིན་ཆེན་སྡུད་པ་ནི། ཁྲི་བརྒྱད་སྟོང་པའི་ལེའུ་གཅིག་ཡིན་པས། སྲས་ཡུམ་བཅུ་བདུན་གྱི་གཅིག་ཏུ་བགྲང་བར་མི་རིགས་པར་སྣང་སྟེ། རིགས་ན་ལེའུ་གཞན་རྣམས་ལ་ཡང་མཚུངས་པར་ཧ་ཅང་ཐལ་བས་གནོད་པའི་ཕྱིར་རོ། །ཞེས་པ་ལྟར་ཞིབ་ཏུ་དཔྱད་དགོས་པའི་གནད་ཤིན་ཏུ་མང་ངོ་།།

 

༤༽ ཕར་ཕྱིན་སློབ་གཉེར་གྱི་གལ་གནད།

དེ་ཡང་རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་མདོ་སྡེ་རྒྱན་ལས[10]།

རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །

འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །

དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་གཟུང་དང་། །

བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །

ཅེས་གསུངས་པ་ལྟར། རིག་པའི་གནས་ལྔ་སྤྱི་དང་། བྱེ་བྲག་ཏུ་ཐུན་མོང་མ་ཡིན་པ་ནང་དོན་རིག་པ་ལ་སློབ་གཉེར་བྱེད་དགོས་གལ་གནད་ཤིན་ཏུ་ཆེ་བ་དང་། ཐོས་བསམ་བྱ་བའི་རིམ་པ་ཡང་རྗེའི་རྟོགས་བརྗོད་མདུན་ལེགས་མ་ལས[11]།

དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །

བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །

ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །

ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །

ཞེས་འབྱུང་བ་ལྟར་གོ་རིམ་བཞིན་དུ་བྱེད་དགོས་ལ། ནང་དོན་རིག་པའང་མདོ་སྔགས་གཉིས་སུ་ཡོད་པ་ལས། དེ་ལ་ཐོག་མར་མདོ་ཕྱོགས་ལ་ཐོས་བསམ་བྱ་རྒྱུའི་སྦྱང་གཞི་གཙོ་བོ་ནི། གུང་ཐང་བསྟན་པའི་སྒྲོན་མེས་ (1762-1823) མཛད་པའི་སློབ་གཉེར་གྱི་བསླབ་བྱ་ལས[12]། ཇི་སྐད་དུ།

དབུ་ཚད་ཟུང་དུ་འཇུག་པའི་ལྟ་བ་དང་། །

ཆོས་མངོན་མཛོད་དང་ཕ་རོལ་ཕྱིན་པའི་སྒོམ། །

བསྟན་པའི་ནང་མཛོད་འདུལ་བའི་སྤྱོད་པ་རྣམས། །

མ་ཚང་བསླབ་གསུམ་ཡ་བྲལ་འགྱུར་བའི་ཕྱིར། །

བཀའ་པོད་ལྔ་ལ་ཚང་བར་སྦྱོངས་ཤིག་ཨང་། །

ཞེས་གསུངས་པ་ལྟར། གཞུང་ཆེན་བཀའ་པོད་ལྔ་ལ་ཕྱོགས་རེའི་མིག་ཅན་དུ་མ་སོང་བར་སློབ་གཉེར་བྱེད་དགོས། དེ་དག་གི་ནང་ནས་ཀྱང་ཕ་རོལ་ཏུ་ཕྱིན་པའི་གཞུང་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་བཤད་བྱ་རྩ་འགྲེལ་དང་བཅས་པ་ལ་སྦྱངས་ན། ལུང་གི་ཆོས་མ་ལུས་པ་ལ་ངེས་པ་རྙེད་པར་འགྱུར་བ་ནི། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ (1309-1385) རྗེ་བླ་མར་ཞལ་གདམས་གནང་བ་ལས[13]།

ཡུམ་ཆེན་རྒྱས་འབྲིང་བསྡུས་གསུམ་གྱི། །རྒྱན་དུ་གྱུར་པའི་མངོན་རྟོགས་རྒྱན། །

ཐོག་མར་བསླབ་ཅིང་ནན་ཏན་བྱ། །དེ་ལ་མཁས་པར་གྱུར་པ་ན། །

ལུང་ཆོས་ཀུན་ལ་འཕྲིག་ཚུད་འགྱུར། །

ཞེས་བསྔགས་པ་མཛད་པ་ལྟར། སྔོན་རྒྱ་གར་འཕགས་ཡུལ་དུ་ཕར་ཕྱིན་ལ་མཁས་ན་པཎྜི་ཏའི་གྲལ་མགོ་དང་། གསང་འདུས་ཤེས་ན་གྲུབ་ཐོབ་ཀྱི་གྲལ་མགོར་འཇོག་པའི་སྲོལ་བྱུང་བ་ཡང་རྒྱུ་མཚན་དེ་དག་གིས་ཡིན་ལ། བོད་གངས་ཅན་པའི་སྔོན་བྱོན་མཁས་པའི་ཞལ་རྒྱུན་ལའང་།

ཆོས་ཆེན་པོ་ཕར་ཕྱིན་ནང་དུ་ཡོད། །ཉ་ཆེན་པོ་རྒྱ་མཚོའི་ནང་དུ་ཡོད། །

ཅེས་གསུང་རྒྱུན་དུ་ཡོད་ལ། ལྷག་པར་སྔོན་བྱུང་སྟོན་པའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན་ཞེས་གསུང་སྲོལ་ཡོད་པ་ལྟར། རྒྱ་ཤཱཀྱ་གཞོན་ནུ་དང་། སོ་ཡེ་ཤེས་བརྩོན་འགྲུས་གཉིས་ཀྱིས་མཁན་སློབ་གནང་སྟེ། རབ་བྱུང་གི་སྡེའི་སློབ་མ་མང་དུ་གསོ་སྐྱོང་གནང་བའི་ཁྲོད་ནས་འབྲོག་མི་ཤཱཀྱ་ཡེ་ཤེས་ (993-1074) དང༌། སྟག་ལོ་གཞོན་ནུ་ཚུལ་ཁྲིམས་གཉིས་སྡུག་སྲན་དང་དཔྱད་པ་ཆེ་བར་དགོངས་ནས། རྒྱ་གར་དུ་ཆོས་སློབ་ཏུ་འགྲོ་དགོས་གསུངས་པར། ཁོང་གཉིས་ཀྱིས་ཁས་བླངས་པ་ལྟར་མཁན་སློབ་རྣམ་གཉིས་ཀྱིས་གསེར་མང་དུ་བསྐུར་ནས། ཞལ་བཀོད་གསུམ་མཛད་པ་ནི། འགོས་ལོ་གཞོན་ནུ་དཔལ་ (1392-1481) གྱིས་མཛད་པའི་དེབ་ཐེར་སྔོན་པོ་ལས[14]། རྒྱ་གར་དུ་བྱོན་དུས་མཁན་སློབ་གཉིས་ཀྱི་ཞལ་བཀོད་ལ། བསྟན་པའི་གཞི་མ་ཡིན་པས་འདུལ་བ་སློབས། བསྟན་པའི་སྙིང་པོ་ཡིན་པས་ཤེར་ཕྱིན་ཉོན། བསྟན་པའི་ཉིང་ཁུ་ཡིན་པས་གསང་སྔགས་ཉོན། ཞེས་གསུངས་པ་དང་མཐུན་པར། འབྲོག་མིས་ཤཱནྟི་པ་ལ་དང་པོར་འདུལ་བ་གསན། དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསན། དེ་ནས་གསང་སྔགས་མང་དུ་གསན་ནས་མཁས་པ་ཆེན་པོར་གྱུར།[15] ཞེས་གསུངས་པ་ལྟར་རོ།།

 

༥༽ གཞུང་ཆེན་བཀའ་པོད་ལྔའི་ངོ་སྤྲོད།

རྒྱུ་མཚན་ཉིད་ཐེག་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་ལས། རྒྱུ་མཚན་ཉིད་ཐེག་པའི་གཞུང་ལུགས་མཐའ་དག་དབུ་ཕར་འདུལ་མཛོད་ཚད་མ་དང་བཅས་པའི་གཞུང་ཆེན་བཀའ་པོད་ལྔའི་ཆ་ལག་ཏུ་མ་འདུས་པ་མེད་ལ། གཞུང་ཆེན་བཀའ་པོད་ལྔའི་སྲོག་རྩ་དང་། གཞུང་ཤིང་ལྟ་བུ་ནི་གཞུང་ཤེར་ཕྱིན་འདི་ཉིད་ཡིན་ཏེ། སྔོན་བྱོན་མཁས་པའི་གསུང་རྒྱུན་ལ། དབུ་མ་ཕར་ཕྱིན་གྱི་ལྟ་བ་དང་། ཚད་མ་ཕར་ཕྱིན་གྱི་རིགས་པ། མཛོད་ཕར་ཕྱིན་གྱི་མིང་གི་རྣམ་གྲངས། འདུལ་བ་ཕར་ཕྱིན་གྱི་ཉམས་ལེན་དངོས་ཡིན། ཞེས་སྡོམ་ཚིག་བཀོད་པ་ལྟར་གཞུང་ཆེན་བཀའ་པོད་ལྔ་ནང་ཕན་ཚུན་བར་ལ་འབྲེལ་བ་དམ་ཟབ་ཡོད་ཅིང་། བྱང་ཆུབ་ལམ་རིམ་གྱི་གདམས་ངག་གི་རྩ་བ་མངོན་རྟོགས་རྒྱན་ཡིན་པར་ལམ་རིམ་ལས་གསུངས་པའི་རྒྱུ་མཚན་ཡང་དེ་དག་ལ་ཐུག་ཡོད། ལྷག་པར་གཞུང་ཆེན་བཀའ་པོད་ལྔ་བྱུང་བའང་། ལྟ་སྒོམ་སྤྱོད་གསུམ་དང་། བརྗོད་བྱ་བསླབ་པ་གསུམ་དང་། རྗོད་བྱེད་སྡེ་སྣོད་གསུམ་ཞེས་གསུང་སྲོལ་ཡོད་པ་ལྟར་བསླབ་གསུམ་ཡ་མ་བྲལ་བར་ཉམས་སུ་ལེན་དགོས་པའི་གནད་ཀྱིས་ཡིན་པར་མ་ཟད། གཞུང་ཆེན་བཀའ་པོད་ལྔ་ནི་དེ་དག་གི་སྡོམ་ལྟ་བུ་ཡང་ཡིན། དེ་ཡང་།

1} སྡེ་སྣོད་གསུམ་གྱི་དབང་དུ་བྱས་ཚེ། ལུང་གི་ཆོས་ཐམས་ཅད་སྡེ་སྣོད་གསུམ་དུ་འདུ་བས། དབུ་ཚད་མཛོད་གསུམ་ནི་མངོན་པའི་སྡེ་སྣོད་ཀྱི་སྡོམ་དང་། ཕར་ཕྱིན་ནི་མདོ་སྡེའི་སྡེ་སྣོད་ཀྱི་སྡོམ། འདུལ་བ་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་འདུལ་བའི་སྡེ་སྣོད་ཀྱི་སྡོམ་ལྟ་བུ་ཡིན།

2} བསླབ་པ་གསུམ་གྱི་དབང་དུ་བྱས་ན། རྟོགས་པའི་བསྟན་པ་བསླབ་པ་གསུམ་དུ་འདུ་ཞིང་། དེ་ཡང་འདུལ་བས་ཚུལ་ཁྲིམས་ཀྱི་བསླབ་པ། དབུ་ཚད་མཛོད་གསུམ་གྱིས་ཤེས་རབ་ཀྱི་བསླབ་པ། ཕར་ཕྱིན་གྱིས་ཏིང་ངེ་འཛིན་གྱི་བསླབ་པ་རྒྱས་པར་སྟོན་པའོ། །

3} ལྟ་སྒོམ་སྤྱོད་གསུམ་གྱི་དབང་དུ་བྱས་ན། དབུ་ཚད་གཉིས་ཀྱིས་ལྟ་བ་དང་། ཕར་ཕྱིན་དང་མཛོད་ཀྱིས་སྒོམ་པ། འདུལ་བས་སྤྱོད་པ་རྒྱས་པར་གཏན་ལ་ཕབ་ནས་བསྟན་ཡོད། དེ་ཡང་བཀའ་པོད་ལྔ་ཡིས་ཐེག་པ་ཆེ་ཆུང་གཉིས་ཀའི་ལྟ་སྒོམ་སྤྱོད་གསུམ་ཡང་སྟོན་པ་སྟེ། དབུ་ཚད་གཉིས་ཀྱིས་ཐེག་པ་ཆེན་པོའི་ལྟ་བ་གཙོ་བོར་སྟོན་པ་དང་། ༼དེ་ཡང་ཚད་མས་སེམས་ཙམ་པའི་ལྟ་བ་བསྟན་པ་ཡིན།༽ ཕར་ཕྱིན་གྱིས་ཐེག་པ་ཆེན་པོའི་སྒོམ་གཙོ་བོར་སྟོན་པ། མཛོད་ཀྱིས་ཐེག་པ་ཆུང་ངུའི་ལྟ་སྤྱོད་གཉིས་ཀ་སྟོན་ལ། འདུལ་བས་ཐེག་པ་ཆེ་ཆུང་གཉིས་ཀའི་ཐུན་མོང་གི་ཚུལ་ཁྲིམས་སམ་སྤྱོད་པའི་རྣམ་གཞག་སྟོན། ཐེག་པ་ཆེ་ཆུང་གི་སྤྱོད་པ་འཆད་པའི་ཞོར་ལ་དེ་དག་གི་སྒོམ་གྱི་རྣམ་གཞག་ཀྱང་འཆད་པས་ན། ལྟ་སྒོམ་སྤྱོད་གསུམ་གྱི་གནད་ཀུན་ཀྱང་བཀའ་པོད་ལྔའི་ནང་འདུས་ཡོད། དེ་བཞིན་གཞུང་ཆེན་བཀའ་པོད་ལྔ་སོ་སོའི་ཐད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་ལྡན་ཡོད། དེ་ཡང་སྔ་རྒོལ་ཕྱི་རྒོལ་བྱས་ནས་རྩོད་དཀའ་བའི་ཆ་ནས་ཚད་མ་རྩ་འགྲེལ། གཏིང་དཔག་དཀའ་བའི་ཆ་ནས་ཕར་ཕྱིན་རྩ་འགྲེལ། རྣམ་གྲངས་བརྩི་དཀའ་བའི་ཆ་ནས་མངོན་པ་རྩ་འགྲེལ། ཉམས་སུལེན་དཀའ་བའི་ཆ་ནས་འདུལ་བ་རྩ་འགྲེལ་ཞེས་ཀྱང་གྲགས་ལ། བརྗོད་བྱའི་ཆ་ནས་ཀྱང་དབུ་ཕར་རྣམ་འགྲེལ་གསུམ་གྱིས་བརྗོད་བྱ་ལྐོག་གྱུར་གཙོ་བོར་སྟོན་པ་དང་། མངོན་པ་མཛོད་དང་། འདུལ་བ་གཉིས་ཀྱིས་བརྗོད་བྱ་མངོན་གྱུར་གཙོ་བོར་སྟོན་པར་བྱེད་པ་ཡིན་ནོ།།

དེ་ལྟར་གཞུང་ཆེན་བཀའ་པོད་ལྔའི་གལ་གནད་ལ་གཟིགས་ནས་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་བྱེད་སྲོལ་ཤུགས་ཆེར་དར་སྲོལ་བྱུང་ཡོད་ཅིང་། ནང་པ་སངས་རྒྱས་པའི་གྲུབ་མཐའི་དབང་དུ་བྱས་ན། གྲུབ་མཐའ་སྨྲ་བ་ལ་བྱེ་མདོ་གཉིས་དང༌། དབུ་སེམས་གཉིས་ཏེ་བཞི་ཡོད་པ་ལས། གྲུབ་མཐའ་བཞི་སོ་སོའི་ལྟ་བ་རྣམས་སྐས་ཀྱི་རིམ་པ་ལྟར་གོམ་པ་རིམ་བགྲོད་དང་ཐེག་པ་རིམ་འཛེགས་ཀྱིས་དབུ་མའི་ལྟ་བར་འཛེགས་ཐུབ་པའི་ཁྱད་ཆོས་ཡོད་ལ། དེ་ལ་བརྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་མཐར་ཕྱིན་པ་མ་བྱས་ན་རྟོགས་དཀའ་བ་ཡིན།

 

༦༽ གཞུང་ཆེན་བཀའ་པོད་ལྔ་སྦྱོང་ཚུལ།

དེ་ཡང་དཀོན་མཆོག་བསྟན་པའི་སྒྲོན་མེས་ (1762-1823) མཛད་པའི་བློ་བཟང་རྒྱལ་བསྟན་མ་ལས[16]།

ལུང་ཆོས་སྡེ་སྣོད་གསུམ་གྱི་འཆད་ཉན་དང་། །

རྟོགས་པའི་བསྟན་པ་བསླབ་གསུམ་ཉམས་ལེན་ཏེ། །

མཁས་ཤིང་གྲུབ་པའི་རྣམ་ཐར་རྨད་དུ་བྱུང་། །

བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

ཅེས་གསུངས་པ་ལྟར། དབུ་ཕར་འདུལ་མཛོད་ཚད་མ་དང་བཅས་པའི་གཞུང་ཆེན་བཀའ་པོད་ལྔ་ལས་ཕར་ཕྱིན་གཞུང་ནི་མངོན་རྟོགས་རྒྱན་དང་། དབུ་མའི་གཞུང་ནི་དབུ་མ་འཇུག་པ་དང་། ཚད་མའི་གཞུང་ནི་རྣམ་འགྲེལ། འདུལ་བའི་གཞུང་ནི་འདུལ་བ་མདོ་རྩ། མངོན་པའི་གཞུང་ནི་མཛོད་བཅས་གཞུང་ཆེན་བཀའ་པོད་ལྔ་པོ་དེ་དག་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གསུམ་སྟེ་མཁས་པའི་ཚུལ་དགུས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ནི་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མིན་པའི་ཁྱད་ཆོས་སོ།།

དེས་ན་རྟོགས་པའི་བསྟན་པ་བསླབ་པ་གསུམ་གྱི་ཉམས་ལེན་རྣམས་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ལམ་རིམ་ལ་བློ་སྦྱོང་བར་ལུང་ཆོས་སྡེ་སྣོད་གསུམ་ལ་སློབ་གཉེར་བྱེད་དགོས་པ་ནི། སྐྱབས་རྗེ་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་ (1888-1959) གྱིས་བརྩམས་པའི་བཀའ་པོད་ལྔའི་འཆད་ཉན་གཙོ་བོར་གྱུར་པའི་ཐོས་བསམ་ལ་འཇུག་པར་བསྐུལ་བའི་བསླབ་བྱ་ལས[17]། བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་དོན་དུ་གཉེར་བ་ལ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་བློ་སྦྱང་དགོས། སྐྱེས་བུ་ཆུང་འབྲིང་གི་ལམ་རྫོགས་པར་ཤེས་པ་ལ་ལུང་གི་ཆོས་མངོན་པ་མཛོད་དང་། རིགས་པའི་ཆོས་མངོན་པ་དང་རྣམ་འགྲེལ་གཉིས་ལ་སྦྱང་དགོས། ངེས་པར་འབྱུང་བའི་ཚུལ་ཁྲིམས་རྫོགས་པར་ཤེས་པ་ལ་འདུལ་བ་ལུང་སྡེ་བཞིའི་གནད་བསྡུས་པ་མདོ་རྩ་བ་ལ་སྦྱང་དགོས། སྐྱེས་བུ་ཆེན་པོའི་ལམ་ལ་ཟབ་རྒྱས་གཉིས་སུ་ངེས་པ་ལས། ཟབ་པའི་ཆ་[18]རྫོགས་པར་ཤེས་པ་ལ་དབུ་མའི་གཞུང་། རྒྱ་ཆེ་བའི་ཆ་[19]རྫོགས་པར་ཤེས་པ་ལ་མངོན་རྟོགས་རྒྱན་ལ་སྦྱང་དགོས། དེ་རྣམས་ལས་གཅིག་ལ་མ་སྦྱངས་ན་ཡང་། གོང་སྨྲས་ཀྱི་དགོས་དོན་གཅིག་ཆད་པར་འགྱུར་བས་ན། རང་རེ་རི་བོ་དགེ་ལྡན་པའི་མཁས་གྲུབ་གོང་མ་རྣམས་ཀྱིས། ཐུབ་དབང་ལུང་རྟོགས་ཀྱི་བསྟན་པ་བཀའ་པོད་ལྔའི་འཆད་ཉན་གྱི་སྒོ་ནས་གསལ་བར་བྱས་ཏེ་རང་རྒྱུད་ལ་བག་ཆགས་འཇོག་པའི་སྲོལ་བཟང་པོ་འཛུགས་པར་མཛད་པ་ཡིན་ནོ། །ཞེས་གསུངས་སོ།།

དེ་བཞིན་བློ་བཟང་དཔལ་ལྡན་གྱི་གསུང་ལས[20]། སྦྱང་རིམ་ཡང་དང་པོར་ཟབ་རྒྱས་གཉིས་ཀའི་ཡན་ལག་དང་། ཐེག་པ་གཉིས་ཀའི་རྟོགས་རིགས་གསལ་རྒྱས་སུ་སྟོན་པས་རྣམ་འགྲེལ་ལ་སྦྱངས། དེ་ནས་བསམ་པ་ཐར་པ་དོན་གཉེར་གྱི་ཡན་ལག་རྒྱས་པར་སྟོན་པ་མངོན་པ་དང་། སྦྱོར་བ་ཚུལ་ཁྲིམས་ཀྱི་བསླབ་པ་གསལ་རྒྱས་སུ་སྟོན་པ་འདུལ་བ་ལ་སྦྱངས་ན་འབྲེལ་ཆགས་པའི་ཕྱིར་རོ། །རྒྱུ་མཚན་དང་དགོས་པ་དེ་ལྟར་གོ་ན་རྩོད་སྤོང་གི་རིམ་པ་ཡང་དོན་གྱིས་གོ་བས་ཟུར་དུ་སྤྲོ་མི་དགོས་པ་ཤེས་སླ། ཡང་རྒྱུ་མཚན་དང་དགོས་པ་ཕལ་པའི་དབང་དུ་བྱས་ན་བཤད་པའི་རྣམ་གྲངས་གཞན་ཡང་ཡོད་དེ། ཕར་ཕྱིན་ནི་བཀའ་པོད་གཞན་གྱི་དོན་སྣ་འགངས་ཆེ་རིགས་ཀྱང་ལེགས་པར་ཚང་བས་གཞུང་ཆེན་དུ་མའི་སྡོམ་ལྟ་བུ་ཡིན་པས། ཐོག་མར་དེ་ལ་གཙོ་བོར་སྦྱངས་ན། གསུང་རབ་མཐའ་དག་ལ་ནང་བྱན་ཆུད་སླ་ཞིང་། གཞན་རྣམས་བདེ་བླག་ཏུ་གོ་བར་འགྱུར་བ་ནི། ལམ་རིམ་གྱི་གདམས་ངག་ལ་བསླབས་ན་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང་། གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་སླ་བ་བཞིན་ཡིན། རིམ་པ་དེ་ལྟར་བཀའ་པོད་ལྔ་ལ་སྦྱངས་ནས་དེ་ལྔའི་དོན་མཐའ་དག་བྱང་ཆུབ་ལམ་རིམ་དུ་བསྡུ་ཤེས་པ་དང་། ལམ་རིམ་གྱི་དོན་བཀའ་པོད་ལྔར་སྤྲོ་ཐུབ་སྟེ། བསྲངས་ན་མདའ་དང་བཀུག་ན་གཞུ། ཟེར་བ་བྱུང་ན་གཞུང་ཆེན་སྦྱངས་པའི་ལག་རྗེས་ལ་གོ་ཆེན་བྱུང་བ་ཡིན་ཅིང་། ལམ་རིམ་དང་བཀའ་པོད་ལྔ་རྩ་འགྲེལ་དུ་ངོ་འཕྲོད་པ་ཡིན། ཞེས་གསུངས་པ་ལྟར་རོ།།

 

༧༽ གཞུང་ཆེན་བཀའ་པོད་ལྔ་མཛད་པ་པོའི་པཎ་གྲུབ།

ནང་པ་སངས་རྒྱས་པའི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་རྣམས་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་དང་མཐུན་པར་རྒྱ་གར་འཕགས་ཡུལ་དུ་འཛིན་སྐྱོང་སྤེལ་གསུམ་མཛད་པ་ལ་འགྲན་ཟླ་དང་བྲལ་བའི་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་དང་། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་རྣམས་གཙོ་བོ་ཡིན་ཅིང༌། དེ་ཡང་ཀླུ་སྒྲུབ་ཡབ་སྲས་གཉིས་ཀྱི་གཞུང་ནི་དབུ་མ་དང༌། ཐོགས་མེད་སྐུ་མཆེད་གཉིས་ཀྱི་གཞུང་ནི་མངོན་པ་གོང་འོག་དང༌། རིགས་པའི་དབང་ཕྱུག་ཕྱོགས་གླང་དང་ཆོས་གྲགས་གཉིས་ཀྱི་གཞུང་ནི་ཚད་མ། འདུལ་འཛིན་ཡོན་ཏན་འོད་དང་ཤཱཀྱ་འོད་བཅས་མཆོག་གཉིས་ཀྱི་གཞུང་ནི་འདུལ་བ། འཕགས་སེང་གཉིས་ཏེ་འཕགས་པ་གྲོལ་སྡེ་དང་སློབ་དཔོན་སེངྒེ་བཟང་པོ་གཉིས་ཀྱི་གཞུང་ནི་ཕར་ཕྱིན་བཅས། གཞུང་ཆེན་བཀའ་པོད་ལྔ་ལ་སློབ་སྦྱོང་བྱས་ན་རྒྱན་དྲུག་མཆོག་གཉིས་དང་། པཎ་གྲུབ་བཅུ་བདུན་གྱི་གཞུང་ལ་སློབ་གཉེར་བྱས་པ་ཞིག་ཡིན་པར་མ་ཟད། དེ་དག་གི་དགོངས་པ་མཐར་གཏུགས་ན་མཐའ་གཉིས་སེལ་བའི་དབུ་མའི་ལྟ་བ་ལ་འབབ་ཀྱི་ཡོད་པའི་གནད་འགག་ལེགས་པར་ཤེས་ཐུབ་པ་ཡིན།

 

༨༽ ཕར་ཕྱིན་གྱི་བརྗོད་བྱ།

ཕར་ཕྱིན་གྱི་རྩ་འགྲེལ་རྣམས་ཀྱི་བརྗོད་བྱ་རྒྱ་ཆེ་ལ་གཏིང་ཟབ་པ་དང་། མཐའ་ཡས་ལ་མུ་མེད་པ་ཞིག་ཡིན་ནའང་། གཞུང་གི་ནང་དོན་མདོར་བསྡུ་ན། གཙོ་བོ་ནི་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་བརྗོད་དོན་སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྣམས་མཁྱེན་པ་གསུམ་དང༌། སྦྱོར་བ་བཞི། འབྲས་བུ་ཆོས་སྐུ་བཅས་དངོས་པོ་བརྒྱད་དང༌། དོན་བདུན་ཅུ་སྟེ། དེ་ཡང་རྒྱལ་ཚབ་བྱམས་པ་མགོན་པོས་ (270-350 A.D.) མཛད་པའི་མངོན་རྟོགས་རྒྱན་ལས[21]།

ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །

རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །

རྣམ་ཀུན་མངོན་རྫོགས་རྟོགས་པ་དང༌། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །

སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམས་བརྒྱད། །

ཅེས་གསུངས་པ་ལྟར་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་བརྗོད་དོན་སྦས་པའི་དགོངས་པ་རྣམས། དངོས་བརྒྱད་དོན་བདུན་ཅུར་བསྡུས་ནས་གསུངས་པ་ནི། མངོན་རྟོགས་རྒྱན་གྱི་སྐབས་དང་པོས་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ། གཉིས་པས་ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག །གསུམ་པས་གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ། བཞི་པས་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག །ལྔ་པས་རྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་བརྒྱད། དྲུག་པས་མཐར་གྱིས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ། བདུན་པས་སྐད་ཅིག་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི། སྐབས་བརྒྱད་པར་འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་བཅས། ཡུམ་གྱི་མདོའི་དོན་ཐམས་ཅད་དངོས་པོ་བརྒྱད་དང་དོན་བདུན་ཅུར་བསྡུས་ནས་གསུངས་ཤིང་། དངོས་པོ་བརྒྱད་ནི་ཡུལ་མཁྱེན་པ་གསུམ་དང་། ཉམས་ལེན་སྦྱོར་བ་བཞི། འབྲས་བུ་ཆོས་ཀྱི་སྐུ་ཞེས་གསུམ་དུ་ཡང་བསྡུ་བར་གསུངས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཨ་མྱེས་ཞབས་བཀའ་འབུམ། ༼ཀ༽ ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། དཔེ་རིང་། ཤོག་གྲངས་ ༡༨ན༦

[2]  བློ་བརྟན། རྒྱལ་བའི་སྲས། དོན་གསང་། གང་སྤེལ། རྒྱན་མཁན་པོ། ཆོས་སྐྱོང་། ངོ་བོ་ཉིད་མེད་པ། གསེར་གླིང་པ། ཤནྟི་པ་སོགས་སོ།།

[3]  བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཕ༽ དེབ་ཨང་ ༥༥ པ། ༢༠༠༨ ལོ། ཤོག་གྲངས་ ༡༣༧༧

[4]  བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཆ༽ དེབ་ཨང་ ༥༡ པ། ༢༠༠༨ ལོ། ཤོག་གྲངས་ ༩༣༢

[5]  ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༤༠༢

[6]  གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། པོད། ༼༡༦༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༢༨

[7]  དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༢༠༤

[8]  རྔོག་ལོ་ཙཱ་བ་ཆེན་པོའི་རྣམ་ཐར། བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས། ༼༦༽ བྲིས་མ། ཤོག་ ༡༣ན༡

[9]  བཀའ་བསྡུ་བཞི་པའི་དོན་བསྟན་རྩིས་ཆེན་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༨༩

[10]  བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཕི༽ དེབ་ ༧༠ པ། ༢༠༠༨ ལོ། ཤོག་གྲངས་ ༨༣༧

[11]  རྗེ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༩༧

[12]  གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ། ༼ང༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༢༤༢

[13]  བློ་བཟང་དཔལ་ལྡན་གྱི་གསུང་ཐོར་བུ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༦༦

[14]  དེབ་ཐེར་སྔོན་པོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༢༥༧

[15]  འབྲོག་མི་ལོ་ཙཱ་བའི་རྣམ་ཐར། པོད། ༼༡༽ བྲིས་མ། ཤོག་གྲངས་ ༡བ༤ མཐུན་པར་བྱུང་ངོ་།།

[16]  དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ། ༼༥༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༡༩༣

[17]  བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན། ༼༡༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༤༠༤

[18]  སྟོང་ཉིད་སྟོན་པའི་མན་ངག་སྟེ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་ནས་རྗེ་བཙུན་འཇམ་དཔལ་དབྱངས་དང་། འཇམ་དབྱངས་ནས་ཀླུ་སྒྲུབ་ཞབས་དང་། ཞི་བ་ལྷ་སོགས་པར་བརྒྱུད་པའི་སྟོང་པ་ཉིད་ཀྱི་ལྟ་བའི་ཉམས་ལེན་ལ་བཤད་དོ།།

[19]  ངེས་འབྱུང་དང་། བྱང་སེམས། བཟོད་པ། སྦྱིན་པ་སོགས་རྒྱ་ཆེ་བའི་ལམ་གྱི་རིམ་པའི་མན་ངག་གི་ཉམས་ལེན་ལ་བརྗོད། དེ་ནི་སངས་རྒྱས་ནས་བྱམས་མགོན་དང་། བྱམས་པ་ནས་ཐོགས་མེད་སོགས་ལ་བརྒྱུད་པའི་ལམ་གྱི་སྲོལ་ལ་བཤད་དོ།།

[20]  བློ་བཟང་དཔལ་ལྡན་གྱི་གསུང་ཐོར་བུ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༦༥

[21]  བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཀ༽ དེབ་ ༤༩ པ། ༡༩༩༤ ལོ། ཤོག་གྲངས་ ༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༥ ནས་ ༦༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *