ཛ༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ།
དེ་ཡང་མདོ་སྡེ་པ་དང་སེམས་ཙམ་པའི་ཟབ་རྒྱས་ཀྱི་ལམ་ཀུན་ཚད་མའི་རིགས་ལམ་ནས་དྲངས་ཏེ་ཚུལ་བཞིན་འདོམས་པའི་སྒོ་ནས་རིགས་པའི་དབང་ཕྱུག་སློབ་དཔོན་ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས་པ་ནི། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་མཛད་པའི་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལས[1]།
ཕྱི་ནང་ཚད་མའི་གནད་ཀུན་ལེགས་དགོངས་ཤིང༌། །
མདོ་སེམས་ཟབ་རྒྱས་ལམ་ཀུན་རིགས་ལམ་ནས། །
ངེས་སྟེར་རྨད་བྱུང་ཆོས་ཚུལ་འདོམས་མཁས་པའི། །
ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
ཞེས་གསུངས་པའི་དོན་ནི། གྲངས་ཅན་པའི་སློབ་དཔོན་གཞོན་ནུ་མ་ལེན་ལས་ཕྱི་རོལ་པའི་རྟོག་གེའི་རིག་པ་དང་། སློབ་དཔོན་ཕྱོགས་ཀྱི་གླང་པོའི་དངོས་སློབ་སློབ་དཔོན་དབང་ཕྱུག་སྡེ་ལས་ནང་པའི་ཚད་མའི་སྐོར་གསན་པས་ཕྱི་ནང་གི་གཏན་ཚིགས་རིག་པའི་གཞུང་ལུགས་ཀྱི་ཤིན་ཏུ་ཕྲ་བའི་རིགས་པའི་གསང་གནད་ཀུན་ལེགས་པར་དགོངས་པ་སྟེ་ཆད་ལྷག་མེད་པར་ཐུགས་དགོངས་སུ་བཞེས་ཤིང་། དེ་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་འཕགས་ཡུལ་མཁས་པའི་དབང་ཕྱུག་འཛམ་གླིང་རྒྱན་དྲུག་མཆོག་གཉིས་རྣམས་ཀྱི་རྟོགས་བརྗོད་ངོ་མཚར་སྙན་ངག་གསེར་གྱི་ཉག་ཐག་ལ་བསྟར་བའི་བསྟོད་པ་རྨད་བྱུང་ནོར་བུའི་འཕྱང་འཕྲུལ་བློ་གསལ་མགུལ་རྒྱན་ལས[2]།
བདེན་བཞི་ཚུལ་བཞིན་འདོམས་པ་ཐུབ་པའི་གསུང་། །
མ་རྟོག་ཐེ་ཚོམ་གཅོད་པ་རིག་པའི་གཞུང་། །
མ་ནོར་ཇི་བཞིན་འཆད་པ་ཟླ་མེད་མཆོག །
ཆོས་ཀྱི་གྲགས་པའི་རྣམ་ཐར་བསམ་མི་ཁྱབ། །
ཅེས་གསུངས་པ་ལྟར། སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཚད་མ་མདོའི་ཕྲ་ཞིབ་ཀྱི་དགོངས་དོན་ཁག་ཆེས་ཤིན་ཏུ་གསལ་བར་དགྲོལ་ཕྱིར་ཚད་མ་སྡེ་བདུན་སོགས་མཛད་ནས་མདོ་སྡེ་བ་དང་སེམས་ཙམ་པ་གཉིས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་ཀུན་ཚད་མའི་རིགས་ལམ་ནས་དྲངས་ཏེ། རྣམ་དཔྱོད་ཅན་ལ་ངེས་ཤེས་སྟེར་བར་མཛད་པར་མ་ཟད། དེས་མཚོན་པའི་རྨད་དུ་བྱུང་བའི་ཆོས་ཚུལ་མཐའ་དག་ཚུལ་བཞིན་འདོམས་པ་ལ་ལྷག་པར་མཁས་པའི་རིགས་པའི་དབང་ཕྱུག་དཔལ་ལྡན་ཆོས་ཀྱི་གྲགས་པ་ཞེས་མཚན་གྱི་སྙན་པ་ཡོངས་སུ་གྲགས་པའི་པཎྜི་ཏ་དེ་ཉིད་ཀྱི་བཀའ་དྲིན་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་འཕགས་ཡུལ་མཁས་པའི་དབང་ཕྱུག་འཛམ་གླིང་རྒྱན་དྲུག་མཆོག་གཉིས་རྣམས་ཀྱི་རྟོགས་བརྗོད་ངོ་མཚར་སྙན་ངག་གསེར་གྱི་ཉག་ཐག་ལ་བསྟར་བའི་བསྟོད་པ་རྨད་བྱུང་ནོར་བུའི་འཕྱང་འཕྲུལ་བློ་གསལ་མགུལ་རྒྱན་ལས[3]།
རྨད་བྱུང་ཏིང་འཛིན་སྒོ་བརྒྱ་མངོན་དུ་བརྙེས། །
ཕུལ་བྱུང་གསུང་རབ་དགོངས་འགྲེལ་ཇི་སྙེད་དང་། །
ལེགས་བཤད་བདུད་རྩིའི་རྒྱུན་གྱིས་ཉིན་རེ་བཞིན། །
ཁྱོད་ཐུགས་དབྱར་མཚོ་རྒྱས་པ་སྙིང་ལ་དྲན། །
ཞེས་གསུངས་པ་ལྟར། བཀའ་དྲིན་སྙིང་ལ་དྲན་པའི་སྒོ་ནས་ཞབས་ལ་ཡིད་དང་བ་ཆེན་པོས་གསོལ་བ་འདེབས་སོ་ཞེས་པའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད། ༼༨༡༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༦ ལོ། ཤོག་ ༡༤༡
[2] ཇོ་ནང་མདོ་སྔགས་རིག་པའི་དཔེ་ཚོགས། ༼༢༦༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༤ ནས་ ༦ བར།
[3] ཇོ་ནང་མདོ་སྔགས་རིག་པའི་དཔེ་ཚོགས། ༼༢༦༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༤ ནས་ ༦ བར།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༧༥ ནས་ ༤༧༧ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།