༣༽ བསྡུས་པར་མཛད་པ་ཚད་མ་རིགས་ཐིགས།

༣༽ བསྡུས་པར་མཛད་པ་ཚད་མ་རིགས་ཐིགས།

 

དེ་ཡང་པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་དཔལ་ལྡན་ཆོས་གྲགས་ཀྱི་རྟོགས་བརྗོད་ངེས་དོན་པདྨ་དཀར་པོའི་ཕྲེང་བས་རིགས་པའི་སྣང་བ་རྒྱས་བྱེད་ལས[1]།

རྣམ་འགྱུར་མི་འདྲའི་རྟ་བརྒྱས་དྲངས་པ་ཡི། །

ལུང་དང་རིགས་པའི་རབ་མཉམ་ཁ་ལོ་བས། །

གཞུང་ལུགས་ཀུན་གྱི་ལམ་སྲོལ་སྟོན་མཁས་པ། །

ཤིང་རྟའི་སྲོལ་འབྱེད་དེ་ལ་ཕྱག་བགྱིའོ། །

ཞེས་བསྔགས་པ་སློབ་དཔོན་ཆོས་གྲགས་ཀྱིས་བསྡུས་པར་བརྩམས་པའི་ཚད་མ་རིགས་ཐིགས་ནི། ཚད་མའི་ལུས་ཡོངས་སུ་རྫོགས་པ་ལས་དང་པོ་བའི་ཆེད་དུ་མཛད་པའི་ཚད་མའི་བསྟན་བཅོས་བསྡུས་པ་དེ་ཡིན་པ་ནི། རྒྱལ་ཚབ་རྗེའི་ (1364-1432) རིགས་ཐིགས་དར་ཊཱིཀ་ལས[2]། རིགས་པའི་ཐིགས་ནི། སྤྲོས་པ་རྒྱས་པའི་རྗེས་སུ་འཇུག་མི་ནུས་པ་དང་། ཚིག་ཉུང་ངུས་དོན་རྒྱ་ཆེན་པོ་ཁོང་དུ་ཆུད་ནུས་པའི་གང་ཟག་གཉིས་ཀྱི་དབང་དུ་བྱས་ནས་རྟོག་གེའི་ལུས་བསྡུས་ནས་བསྟན་པ་ཡིན་ནོ། །ཞེས་གསུངས་པ་ལྟར་དང་། ཚད་མ་སྡེ་བདུན་ནང་ནས་གཞུང་འདིའི་ལེགས་སྦྱར་ཕྱི་མོ་ཐོག་མར་པར་སྐྲུན་གནང་འདུག །ལེགས་སྦྱར་བྲིས་མ་མང་བ་རྒྱལ་བ་པའི་དགོན་པར་ཉར་ཚགས་གནང་ཡོད་པས་ན། རིགས་ཐིགས་ལ་རྒྱལ་བ་པས་སློབ་གཉེར་ནན་ཏན་གནང་གི་ཡོད་པ་མཚོན། འགྲེལ་པ་ནི། དུས་རབས་བརྒྱད་པར་བྱོན་པའི་སློབ་དཔོན་དུལ་བ་ལྷའི་[3]རིགས་ཐིགས་རྒྱ་ཆེར་འགྲེལ་དང་། སློབ་དཔོན་ཆོས་མཆོག་གི་རིགས་ཐིགས་རྒྱ་ཆེར་འགྲེལ་ལམ་འཐད་ལྡན་ཆུང་བ། སློབ་དཔོན་པདྨའི་ངང་ཚུལ་གྱི་རིགས་ཐིགས་ཕྱོགས་སྔ་མ་མདོར་བསྡུས་པ་ཞེས་པའི་འགྲེལ་པ་དང་། སློབ་དཔོན་ཆོས་མཆོག་གི་རིགས་ཐིགས་རྒྱ་ཆེར་འགྲེལ་པ། དུས་རབས་དགུ་པར་བྱོན་པའི་མལླ་ཝཱ་དཱིའི་ཆོས་མཆོག་རིགས་ཐིགས་འགྲེལ་བཤད་དང་། དུས་རབས་བཅུ་གཅིག་པར་བྱོན་པའི་དུ་རྭེ་ཀ་མི་ཤྲའི་ཆོས་མཆོག་རིགས་ཐིགས་འགྲེལ་བཤད་དང་། མཛད་པོ་གསལ་ཁ་མེད་པའི་ཆོས་མཆོག་གི་རིགས་ཐིགས་འགྲེལ་བཤད་གཉིས་བཅས་བཞུགས།

གཞན་ཡང་བོད་སྐད་དུ་རྒྱལ་བའི་བཤེས་གཉེན་གྱི་རིགས་ཐིགས་དོན་བསྡུས་ཀྱང་བཞུགས། དེའི་ནང་ནས་སློབ་དཔོན་ཆོས་མཆོག་གི་རིགས་ཐིགས་རྒྱ་ཆེར་འགྲེལ་ཁོ་ན་བོད་འགྱུར་དང་ལེགས་སྦྱར་གཉིས་ཀར་བཞུགས་ཤིང་། དུལ་བ་ལྷ་དང་པདྨའི་ངང་ཚུལ་གྱི་རིགས་ཐིགས་འགྲེལ་པ་བོད་འགྱུར་ཁོ་ན་དང་། ཕྱི་མ་བཞི་ལེགས་སྦྱར་ཁོ་ནར་བཞུགས། རིགས་ཐིགས་ལེགས་སྦྱར་ཕྱི་མོ་ལ་ཞུ་ཆེན་ཐོག་མར་གནང་མཁན་ནི་མཁས་པ་པེ་ཏོར་སོན་ཡིན། ཁོང་གིས་རིགས་ཐིགས་རྩ་བ་དང་སློབ་དཔོན་ཆོས་མཆོག་གི་རིགས་ཐིགས་རྒྱ་ཆེར་འགྲེལ་ལམ་འཐད་ལྡན་ཆུང་བ་གཉིས་ཀར་ཞུ་ཆེན་དང་སྦྲགས་པར་སྐྲུན་དང་།[4] དེ་རྗེས་སུ་ཨུ་རུ་སུའི་མཁས་པ་ཆེར་བྷག་ཀིས་རིགས་ཐིགས་རྩ་བ་དང་། སློབ་དཔོན་ཆོས་མཆོག་གི་རིགས་ཐིགས་རྒྱ་ཆེར་འགྲེལ་གཉིས་ཀར་ཞུ་ཆེན་དང་སྦྲགས་དེབ་བཟོ་གནང་ཚུལ་ཡང་པེ་ཏེར་སོན་གྱིས་རིགས་ཐིགས་རྩ་འགྲེལ་སོ་སོར་བཀོད་པ་དང་མི་འདྲ་བར་ཆོས་མཆོག་གི་རིགས་ཐིགས་རྒྱ་ཆེར་འགྲེལ་པའི་ནང་རིགས་ཐིགས་རྩ་བ་བཀོད་དེ་པར་སྐྲུན་དང་།[5] མཁས་དབང་ཁོང་གིས་དེའི་གོང་དུ་བོད་འགྱུར་རིགས་ཐིགས་རྩ་བ་དང་སློབ་དཔོན་ཆོས་མཆོག་གི་རིགས་ཐིགས་རྒྱ་ཆེར་འགྲེལ་གཉིས་ཀར་ཞུ་ཆེན་དང་སྦྲགས་པར་སྐྲུན་དང་།[6] དེ་རྗེས་ཤ་སྟྲིས་རིགས་ཐིགས་རྩ་བ་དང་སློབ་དཔོན་ཆོས་མཆོག་གི་རིགས་ཐིགས་རྒྱ་ཆེར་འགྲེལ་གཉིས་ལ་ཆེར་བྷག་གིས་ཞུ་ཆེན་གནང་བའི་ཕྱི་མོ་ལ་གཞི་བཅོལ་ཏེ་ཞུ་ཆེན་དང་སྦྲགས་པར་སྐྲུན་དང་།[7] དེ་རྗེས་ཏརྐ་ས་ཡིས་ཐབས་ལམ་དེ་དང་འདྲ་བ་ལ་བརྟེན་ནས་རིགས་ཐིགས་རྩ་བ་དང་སློབ་དཔོན་ཆོས་མཆོག་གི་རིགས་ཐིགས་རྒྱ་ཆེར་འགྲེལ་གཉིས་ལ་ཞུ་ཆེན་དང་སྦྲགས་པར་སྐྲུན་དང་།[8] དེ་རྗེས་མཁས་པ་མལྭ་ནི་ཨ་ཡིས་ཞུ་ཆེན་གོང་མ་རྣམས་ཟུར་ལྟའི་དཔྱད་གཞིའི་ཐོག་པཎྜི་ཏ་དུ་རྭེ་ཀ་མི་ཤྲའི་ཆོས་མཆོག་རིགས་ཐིགས་འགྲེལ་བཤད་ཐོག་མར་གསལ་བསྒྲགས་དང་།[9] དེ་བཞིན་ཁོང་གིས་མཛད་པོ་གསལ་ཁ་མེད་པའི་ཆོས་མཆོག་རིགས་ཐིགས་འགྲེལ་བཤད་གཉིས་ཀྱང་སྐབས་བསྟུན་གཤམ་མཆན་དུ་བཀོད་འདུག །དེ་རྗེས་དྭ་རི་ཀ་ད་ས། ཤསྟྲིས་ཆོས་མཆོག་གི་རིགས་ཐིགས་རྒྱ་ཆེར་འགྲེལ་དང་། དུལ་བ་ལྷའི་རིགས་ཐིགས་རྒྱ་ཆེར་འགྲེལ་དང་། མཛད་པོ་གསལ་ཁ་མེད་པའི་ཆོས་མཆོག་རིགས་ཐིགས་འགྲེལ་བཤད་གཉིས་བཅས་པར་སྐྲུན་དང་།[10] ནུབ་གླིང་གི་མཁས་པ་ཆེན་པོ་པུ་སང་གིས་བོད་འགྱུར་དུལ་བ་ལྷའི་རིགས་ཐིགས་རྒྱ་ཆེར་འགྲེལ་ལ་ཞུ་ཆེན་དང་སྦྲགས་པར་སྐྲུན་དང་།[11] མཁས་པ་གང་གོ་པ་དྷ་ཡ་ཡིས་པུ་སང་གིས་ཞུས་ཆེན་གནང་བའི་བོད་འགྱུར་དུལ་བ་ལྷའི་རིགས་ཐིགས་རྒྱ་ཆེར་འགྲེལ་ལེགས་སྦྱར་དུ་བསྐྱར་གསོ་དང་སྦྲགས་དབྱིན་སྒྱུར་གནང་འདུག[12] རིགས་ཐིགས་ལས་བརྩམས་པའི་དེང་རབས་མཁས་པའི་འགྱུར་དང་ཉམས་ཞིབ་མང་བས་མ་བྲིས།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  དཔལ་ལྡན་ཆོས་གྲགས་ཀྱི་རྟོགས་བརྗོད། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་བཀའ་འབུམ། ༼མ༽ དཔེ་རིང་། ཤོག་ ༡༣ན༣

[2]  ཚད་མ་རྣམ་ངེས་ཊཱིཀ་ཆེན། སྟོད་ཆ། ༼ཀ༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ ལོ། ཤོག་གྲངས་ ༥

[3]  སློབ་དཔོན་དུལ་བ་ལྷ་ནི། དུས་རབས་ ༧ པའི་སྨད་ཙམ་དུ་བྱོན། ཁོང་གིས་དམིགས་པ་བརྟག་པའི་རྒྱ་ཆེར་བཤད་པ་སོགས་བརྩམས་སོ།།

[4]  P. Peterson ed; Nyayabindutika of Dharmottaracharya to which is added The Nyayabindhu, Bibliotheca Indica, w.n. 128, Calcutta, 1889; repr, 1929.

[5]  F. I. Stcherbatsky (ed.): NYAYABINDU buddijskij uchebnik logiki sochinenie Darmakirti tolkovamie na nego NYAYABINDUTIKA sochinenie Dharmottary, sanskritskj tekst izdal s vvedeniem I primiechani jami, Bibliotheca Buddhica VII, Petrograd, 1918; repr. Osnabruck, 1970; Tokyo, 1977.

[6]  Th. Stcherbatsky ed. NYAYABINDU buddijskij uchebnik logiki sochinenie Darmakirti I tolkovamie na nego NYAYABINDTIKA sochinenie Dharmottary, tibetskij perevod izdal s vvedeniem I primiechani jami, Bibliogheca Buddhica VIII, Petrograd, 1904; repr, Osnabruck, 1970; Tokyo, 1977.

[7]  Ch. Sh. Shastri ed. Nyayabindhu by Darmakirti with a commentary of Shridharmottaracharya, Kashi Sanskrit Series No.22, Varanasi, 1924.

[8]  P. I. Tarks ed. Nyayabindu and Nyayabindutika, Nutana Sanskrit Granthamala of Akala No. I, 1952.

[9]  D. Malvania ed. Pandita Durvekamisra’s Dharmottarapradipa, Tibetan Sanskrit Works Series Vol. II, Patna, 1955; 2nd ed. 1971.

[10]  S. Dwarikada Shastri ed. Nyayabinduprakaranam, Boudha Bharati Series 18, Varanasi, 1985.

[11]  L. de la Vallee Poussin ed, Tibetan translation of the Nyayabindu of Darmakirti with the commentary of Vinitadeva, Bibliotheca Indica w.n. 171, Calcutta, 1908-1913; repr. 1984.

[12]  M. Ganggopadhyaya ed. Vinitadeva’s Nyayabindhu tika, Indian Studies Past & Present, Calcutta, 1971.

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༥༡ ནས་ ༤༥༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *