༧) ཕྱོགས་གླང་དང་དེའི་གཞུང་གི་ཁྱད་ཆོས།

༧) ཕྱོགས་གླང་དང་དེའི་གཞུང་གི་ཁྱད་ཆོས།

 

དེ་ཡང་པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་དཔལ་ཕྱོགས་ཀྱི་གླང་པོའི་རྟོགས་པ་བརྗོད་པའི་གཏམ་ལས[1]།

ཁྱད་པར་དུ་ཡང་ཤིང་རྟའི་སྲོལ། །གཞན་ལ་མ་གྲགས་རིག་པའི་གནས། །

རང་ཉིད་གཅིག་པུའི་རྣམ་དཔྱོད་ཀྱིས། །རྩལ་སྟོན་མཛད་པ་ཚད་མའི་མདོ། །

ཅེས་གསུངས་པ་ལྟར་སློབ་དཔོན་ཕྱོགས་ཀྱི་གླང་པོས། ཚད་མ་རིག་པའི་ཤིང་རྟའི་སྲོལ་ཇི་ལྟར་ཕྱེ་བའི་ཚུལ་ཅུང་ཟད་གོང་དུའང་བརྗོད་ཟིན་ལ། དེ་ཡང་སློབ་དཔོན་འདིས་རིག་གཞུང་དེ་ཁྱད་པར་དུ་བྱས་ཚུལ་ནི། སྤྱིར་ཤིང་རྟ་ཆེན་པོ་རྣམ་གཉིས་ལ་སོགས་པ་སྔོན་གྱི་མཁས་མཆོག་རྣམས་ཀྱིས་རྒྱལ་བའི་གསུང་རབ་ལས་བྱུང་བའི་ཟབ་པ་དང་རྒྱ་ཆེ་བའི་ཚུལ་དང་། གཞི་ལམ་འབྲས་བུ་དང་བཅས་པའི་རྣམ་པར་བཞག་པ་རྣམས་ཉིན་མོ་ལྟར་གསལ་བར་མཛད་མོད། དུས་དང་བློ་གྲོས་ཀྱི་ནུས་པའི་དབང་གིས་འགྲོ་བ་མང་པོ་ཞིག་གཞུང་ལུགས་དེ་དག་ལས་ལྡོག་པར་མཐོང་ཞིང་། ཁྱད་པར་དུ་འཇལ་བྱེད་ཚད་མ་དང་། གཞལ་བྱ་ཡུལ་གྱི་གནས་ལུགས་ལ་ལོག་པར་རྟོག་པའི་མུན་མཚོ་བརྡོལ་ཏེ་ཡང་དག་པའི་ཤེས་པ་དང་ཤེས་བྱའི་གནད་ལ་ལེགས་པར་དཔྱོད་པའི་བློའི་གོམ་འགྲོས་འཁྱོར་བཞིན་པར་གནས་པའི་ཚེ་ལས་དང་སྨོན་ལམ་གྱི་མཐུ་གྲུབ་ཅིང་། བློ་གྲོས་ཀྱི་ནུས་པ་རྫོགས་པའི་སློབ་དཔོན་བདག་ཉིད་ཆེན་པོ་འདི་བྱོན་རྗེས་འཕགས་ཡུལ་གྱི་ཚད་མ་རིག་པའི་གཞུང་ལུགས་ཀུན་ལ། རྒྱ་མཚོ་འཁྲུགས་པ་ལྟ་བུའི་གཡོ་འགུལ་ཆེན་པོ་ཞིག་བྱུང་ཞིང་། རིགས་ལམ་གྱི་སྣང་བས་འཇིག་རྟེན་མ་ལུས་པ་གསལ་བ་ཞིག་བྱུང་ངོ་།།

དེ་ཡང་སྔོན་རྟོག་གེ་དང་རིག་གཞུང་ཀུན་ཆོས་དང་གྲུབ་མཐའ་དང་། སྨན་དཔྱད་སོགས་ཀྱི་ཉེར་མཁོའི་ཚུལ་དུ་གནས་པ་ཙམ་ལས། རང་མཚན་དུ་རང་ཚུགས་ཐུབ་པའི་ཚུལ་དུ་མེད་ཅིང་། ཚད་མའམ་ཡང་དག་པའི་ཤེས་པ་བསྒྲུབ་བྱའི་ཚུལ་དུ་གཏན་ལ་འབེབས་པའི་རྣམ་དཔྱོད་ཅན་བྱོན་མེད་ལ། སློབ་དཔོན་འདིས་རང་གི་རྣམ་དཔྱོད་ཀྱི་ནུས་པས་ཡང་དག་པའི་ཤེས་པ་ཉིད་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པའི་རྒྱུ་དང་། བླང་དོར་ལ་འཇུག་ལྡོག་གི་བྱ་བ་ཐམས་ཅད་དེའི་རྩ་བ་ཅན་དུ་མཐོང་སྟེ། ཡང་དག་པའི་ཤེས་པ་སྟེ། བསྒྲུབ་བྱ་ཚད་མའི་རྣམ་གཞག་དང་། དེ་ཉིད་དོན་ལ་མི་སླུ་བའི་སྒྲུབ་བྱེད་ཚད་མའི་རྣམ་གཞག་གཉིས་གྲུབ་མཐའ་དང་། ལྟ་བ་སོགས་གང་གིའང་ཕྱོགས་སུ་མ་ལྷུང་བར་དངོས་པོའི་གནས་ལུགས་ཉིད་དཔང་དུ་བཞག་སྟེ། རྒྱས་པར་གཏན་ལ་ཕབ་པར་མཛད། དེ་ཡང་ཤེས་བྱའི་གནས་ལུགས་སྟོན་པའི་ལུང་རིགས་དང་རྣམ་དཔྱོད་ཕྱོགས་རེ་བ་ཙམ་དང་། ལོ་རྒྱུས་དང་། གཞུང་ལུགས་གཞན་ལ་སྐྱབས་བཅོལ་བའི་ཚུལ་ཙམ་དུ་མ་ཡིན་པར། ཤེས་བྱ་མཐའ་དག་ཚིག་དོན་བརྒྱད་དུ་བསྡུས་ཏེ། དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ཉིད་ཀྱི་སྒོ་ནས་བསྟན་པས་མཁས་པ་ཀུན་གྱི་ཡིད་རང་དབང་མེད་པར་འཕྲོག་སྟེ། རིགས་ཚུལ་འདིར་ཞུགས་པ་མང་དུ་བྱུང་ངོ་།།

དུས་དེ་ཙམ་ནས་བཟུང་རང་གཞན་གྱི་སྡེ་པའི་ཕྱོགས་གཉིས་ཀ་ནས་སློབ་དཔོན་གྱི་ལུགས་དེ་གཞིར་བཞག་སྟེ་དགག་སྒྲུབ་ཅི་རིགས་པའི་སྒོ་ནས་འཕགས་ཡུལ་འདིར་ཚད་མའི་གཞུང་དང་། རྟོག་གེའི་རིགས་པའི་ཚུལ་རྣམས་ཕྱོགས་ཀུན་ནས་དར་ཞིང་། ཁྱད་པར་ཨེ་ཤི་ཡའི་གླིང་ཆེན་པོ་འདིར་དེ་ཁོ་ན་ཉིད་ལ་དཔྱོད་པའི་བློ་ཆེན་གྲངས་ལས་འདས་པ་ཞིག་དེ་སྔོན་བྱོན་ཟིན་ལ། དེ་དག་ཐམས་ཅད་ཀྱང་རང་རང་གི་བློ་གྲོས་ཀྱིས་ཤེས་བྱའི་མཐའ་འཆིང་བྱེད་ཀྱི་རིགས་ཚུལ་གྱི་ལུས་ཡོངས་སུ་མ་རྫོགས་པས། ཚད་མ་དང་། གཞལ་བྱའི་གནས་མཐའ་ཡས་པ་ཞིག་ཁ་འཐོར་དུ་ལུས་པ་ལྟར་སོང་བ་ན། སློབ་དཔོན་གྱིས། ཤིན་ཏུ་ཉུང་ངུའི་ཚིག་གིས་གནས་ལུགས་ཀྱི་དོན་ཀུན་ནས་གསལ་བ་དང་། ལུས་ཆ་ཡོངས་སུ་རྫོགས་པར་[2]སྟོན་པའི་ཚད་གཞུང་[3]ཀུན་བཏུས་ལ་སོགས་པ་མཛད་དེ། གནས་ལུགས་ཀྱི་དོན་ལ་དཔྱོད་པའི་དམ་པ་རྣམས་ཀྱི་བློ་གྲོས་ཀྱི་ཁུར་ཐམས་ཅད་དུ་ཡང་བར་མཛད་པ་ན། ཕྱོགས་ཀྱི་གླང་པོས་ཚད་མ་རིག་པའི་ཤིང་རྟའི་སྲོལ་ཕྱེས་སོ། །ཞེས་མཁས་པ་ཀུན་ལ་ཡོངས་སུ་གྲགས་ཤིང་། ཐམས་ཅད་ཀྱིས་སློབ་དཔོན་འདི་ཚད་རིག་གི་ཤིང་རྟའི་སྲོལ་འབྱེད་དུ་ཞལ་གྱིས་བཞེས་སོ།།  །།

 

༨) དུས་རབས་ཉི་ཤུ་པའི་མཁས་པར་གྲགས་ཚུལ།

 

སློབ་དཔོན་ཞི་དབྱིངས་སུ་ཐིམ་སྟེ། འདས་ལོ་བརྒྱ་ཕྲག་བཅོ་ལྔ་བརྒལ་བར་ཉེ་བའི་དེང་གི་དུས་སུ་ཡང་། སྨྲ་བའི་ཕུལ་བྱུང་དེའི་གསུང་རབ་རྣམས་ལེགས་བཤད་ཀྱི་ཁ་རླངས་དང་མ་བྲལ་བར་གནས་ལུགས་ཀྱི་རོ་ཞིམ་པོ་བྲོ་བཞིན་དུ་བརྗོད་བྱ་དོན་གྱི་ལང་ཚོ་མཆོག་ཏུ་དར་བའི་ཡན་ལག་རིང་པོ་དག་བདུད་ཀྱི་མེ་ཏོག་གི་མདའ་ཀུན་ཟིལ་གྱིས་གནོན་པའི་རིགས་ཚུལ་གྱི་སོར་མོ་ཕྱོགས་ཀུན་ཏུ་བསྐྱོད་ཅིང་། བློ་ལྡན་མ་ལུས་པ་དགའ་བའི་དུས་སྟོན་དུ་འོངས་ཏེ། ཡ་མཚན་པའི་སྒྲ་དང་ལྷན་ཅིག་ཏུ་ཕྱོགས་ཀྱི་གླང་པོ་རིགས་པའི་དབང་ཕྱུག །ཤིང་རྟ་ཆེན་པོ། འཕགས་ཡུལ་གྱི་རིགས་གཞུང་གི་ཡབ་གཅིག །ཨེ་ཤི་ཡའི་རིགས་ཚུལ་གྱི་ཡོ་ལང་ཆེན་པོའི་དེད་དཔོན་ཞེས་པ་དང་། འདིའི་ཚད་རིག་གི་རྒྱ་ཁྱོན་རྒྱལ་བ་ཤཱཀྱ་ཐུབ་པའི་འཕྲིན་ལས་དང་མཉམ་མོ། །[4]ཞེས་བྱ་བ་ལ་སོགས་པའི་གླུ་དབྱངས་སྙན་པོ་དག་གིས་ད་ལྟ་ཡང་སྐྱེ་བོ་རྣམས་ཀྱི་རྣ་བའི་ལམ་ཀུན་ཤིས་པར་བྱེད་བཞིན་དུ་ཡོད་པ་ནི་ངོ་མཚར་བས་ཀྱང་ཆེས་ངོ་མཚར་རོ། །ངོ་མཚར་བའི་གཏམ་དེ་དག་ནི། ཕྱོགས་སུ་ལྷུང་བ་དང་དད་པའི་དབང་ལས་ཐོན་པ་ཙམ་མ་ཡིན་གྱི། སྐྱེས་བུ་དེའི་གསུང་རབ་ལེགས་བཤད་རྣམས་ཤེས་བྱའི་དེ་ཁོ་ན་ཉིད་དང་ལྷན་ཅིག་ཏུ་ཞུགས་ཏེ་ཅི་དགར་རོལ་བའི་ངང་ཚུལ་གྱིས་ཡིད་འཕྲོགས་པས་དངོས་པོའི་རང་གཤིས་ལས་ཐོན་པ་མིན་ནོ། །འདི་རྣམས་ནི་སློབ་དཔོན་གྱི་ཆེ་བ་ཤར་ཕྱོགས་ལ་གྲགས་པ་རྣམས་སོ།།  །།

 

༩) ཡོ་རོབ་སོགས་ལ་དར་ཚུལ།

 

དུས་རབས་ཉི་ཤུ་པ་ཚུལ་ཁྲིམས་ཀྱི་ལེའུ་ཡི་སྐབས་འདིར། ཕྱི་འབྱུང་བའི་རྫས་སྦྱོར་ལ་བརྟེན་པའི་ཚན་རིག་ལ་འབད་རྩོལ་འབྲས་བཅས་སུ་སོང་བའི་དབང་གིས་ཡུལ་དུས་ཀྱི་རིང་ཆ་ལ་དབང་བྱས་ཏེ། མི་རིགས་ནང་ཕན་ཚུན་མཇལ་འཕྲད་དང་། ཤེས་ཡོན་དཔལ་འབྱོར་སོགས་ཕྱི་ནང་གི་ཆ་རྐྱེན་གང་ཡིན་འབུལ་ལེན་གྱི་བྱ་བ་རྣམས་ཡུལ་དུས་ཀྱི་ཉེ་རིང་ལ་མ་ལྟོས་པར་བྱེད་ཐུབ་པ་དང་། སྒྲུབ་ཐུབ་པར་བརྟེན་སྔོན་ཨེ་ཤི་ཡའི་ཡུལ་ཆ་འགའ་ཞིག་ལ་མ་གཏོགས་མེད་པའི་ཕྱི་ནང་གི་ཚད་རིག་རྣམས་དེང་དུས་ཤར་ནུབ་ཡོངས་ལ་ཁྱབ་པ་ལྟ་བུར་སོང་ཡོད།

དེ་སྔོན་ཡུ་རོབ་དང་ཨ་རི་སོགས་ཀྱི་མཁས་པ་རེ་ཟུང་མ་གཏོགས་ཡོངས་གྲགས་ཀྱི་བསམ་ཚུལ་ལ། དངོས་པོའི་གནད་དོན་འབིགས་པ་སྟེ། དེ་ཁོ་ན་ཉིད་ལ་དཔྱོད་པའི་གྲུབ་པའི་མཐའ་རྣམས་ནུབ་ཕྱོགས་ཡུ་རོབ་ལ་མ་གཏོགས་ཡུལ་གཞན་ལ་མེད་སྙམ་པ་དང་། རྟོག་གེའི་གཞུང་བཤད་ཀྱང་། ནུབ་ཕྱོགས་ཀྱི་མཁས་པ་ཨེ་རིས་ཌོ་ཌལ་ (Aristotles) ཞེས་པ་དེས་གཏན་ལ་ཕབ་པ་ཉིད་མཐར་ཐུག་པའི་བཤད་པ་ཡིན་སྙམ་པ་ལས་མེད་ཅིང་། ཨེ་ཤི་ཡའི་གླིང་ཆེན་པོ་འདིའི་ནང་དེ་ལྟ་བུའི་གྲུབ་མཐའ་དང་། རིག་གཞུང་ཡོད་པའི་དོགས་པ་ཙམ་ཡང་མེད་པར་གནས་ཡོད།

དེ་ནས་ཕྱི་ལོ་བརྒྱ་ཕྲག་བཅོ་བརྒྱད་པའི་མཇུག་དང་། བཅུ་དགུ་པའི་འགོ་ཙམ་ནས་ནང་པའི་རིག་གཞུང་དང་ཆོས་དང་གྲུབ་མཐའ་སོགས་ཀྱི་སྐོར་ནུབ་ཕྱོགས་ཡུ་རོབ་ཕྱོགས་སུ་ཆེས་ཆེར་དར། དུས་རབས་དེ་དག་ཏུ་ཕཱརནས་ཞེས་པའི་ཡུལ་དུ་བཡུརནུཕ་ (E. Burnouf) ཞེས་པ་དང་། ཨིན་ཡུལ་དུ་ཀོལབྲུཀས་ (H. Colebrooks) ཞེས་པ་དང་། ཇཱར་མན་ཡུལ་དུ་བོན་ཕེའི་ (Th. Bonfey) ཞེས་པ་རྣམས་བྱུང་ཞིང་། མཁས་པ་དེ་རྣམས་ཀྱིས་ཨེ་ཤི་ཡ་དང་། ཁྱད་པར་རྒྱ་གར་གྱི་རིག་གཞུང་། གྲུབ་མཐའ་རྣམས་ནུབ་ཕྱོགས་སུ་དར་བར་བྱས་སོ།།

དེའི་རྗེས་ཕྱི་ལོ་ ༡༨༦༦-༡༩༤༢ ནང་རུ་སུའི་མཁས་མཆོག་ཨཅིརབཌསཀ་ (F. Th. Stcherbatsky) ཞེས་བྱ་བ་དེ་བྱུང་ཞིང་། དེས་ཤེར་ཕྱིན་མངོན་རྟོགས་རྒྱན་ལ་སོགས་པ་ནང་པའི་གཞུང་མང་པོ་ཞིག་དང་། ཁྱད་པར་ཚད་མའི་གཞུང་གི་སྐོར་རྒྱ་ནག་དང་། རྒྱ་གར་དང་། བོད་དང་། སོག་པོ་ལ་སོགས་པའི་ཡུལ་ཐ་དད་པ་ན་ཡོད་པ་ཐམས་ཅད་ལ་ཞིབ་ཏུ་དཔྱད་སྦྱང་བྱས་ཏེ། ཨིན་སྐད་དུ་བསྟན་བཅོས་གནད་དུ་སྨིན་པ་འགའ་བརྩམས། དེ་ནས་བཟུང་ཡུ་རོབ་ནང་ཡོད་པའི་གོང་གསལ་ལྟ་གྲུབ་མཆོག་འཛིན་གྱི་ལོག་རྟོག་ཐམས་ཅད་རྩ་བ་དྲུངས་ཕྱུང་བའི་རྩྭ་ལྟར་སོང་སྟེ། དེ་གའི་མཁས་པ་རྣམས་ཀྱི་བློ་གྲོས་ཀྱི་རྒྱུན་ཕྱོགས་ཨེ་ཤི་ཡའི་རིག་གཞུང་གི་ཕྱོགས་སུ་ཕྱོགས་པ་དང་། མཁས་པ་རྣམས་ཀྱིས་འབད་བརྩོན་ལྷོད་མེད་དུ་མུ་མཐུད་བྱས་པ་ལས། ཡུ་རོབ་ཀྱི་ཤེས་ལྡན་རྣམས་ཀྱིས་འདི་གའི་ཆོས་དང་གྲུབ་མཐའ་དང་། ཁྱད་པར་རིག་གཞུང་གི་གནད་དོན་ཤེས་རྟོགས་ཡོད་པ་འདི་བྱུང་བ་ཡིན།།  །།

 

༡༠) ངོ་མཚར་ལོ་རྒྱུས་ལས་མཐོང་ཚུལ།

 

དེ་ལྟར་ཤར་ནུབ་ཀྱི་མཁས་མཆོག་རྣམ་དཔྱོད་ཀྱི་སྤྱན་ཡངས་པ་རྣམས་ཀྱིས་ཤར་ནུབ་ཀྱི་སའི་དཀྱིལ་འཁོར་ཆེན་པོ་དེར། སྔ་ལམ་བྱུང་ཟིན་མི་རིགས་ཀྱི་ཤེས་ཚད་དང་། རིག་གཞུང་སོགས་ཀྱི་ལུས་སྟོབས་ལང་ཚོ་སོགས་དར་ཚུལ་ཇི་འདྲ་ཞིག་བྱུང་ཡོད་སྙམ་སྟེ། དེ་ཉིད་འཚོལ་ཐབས་སུ་སྔོན་རབས་ལོ་རྒྱུས་དང་། ས་དང་། རྡོ་དང་། རི་དང་། ཆུ་ཀླུང་སོགས་ཀྱིས་བདག་གིར་བྱས་ཡོད་པའི་རྡོ་ཡིག་དང་ཟངས་ལྕགས་གསེར་དངུལ་ལ་སོགས་ཀྱི་གླེགས་བུར་བྲིས་ཡོད་པའི་གནའ་བྲིས་སོགས་དང་། ཁྱད་པར་དུས་རབས་དེ་དང་དེར་བྱུང་ཡོད་པའི་གསུང་རབ་གཞུང་ལུགས་ཡིག་ཐོག་ལ་འཁོད་པ་རྣམས་ཏེ། སྔོན་གནས་གསལ་བྱེད་ཀྱི་ཆ་རྐྱེན་གསུམ་ཚོགས་ཀྱི་མེ་ལོང་ཆེན་པོར་ཡང་དང་ཡང་དུ་བལྟས་པས། རྨད་དུ་བྱུང་བའི་གནས་ཚུལ་མང་དུ་མཐོང་ཞིང་། ཁྱད་པར་དུ་བར་ལམ་ (ཕྱི་ལོ་མ་ཚུགས་གོང་བརྒྱ་ཕྲག་དྲུག་པ་ནས་ཕྱི་ལོ་བརྒྱ་ཕྲག་ལྔ་པའི་བར།) ཤེས་བྱའི་དཀྱིལ་འཁོར་ཆེན་པོ་འདི་ལ་མི་ཟད་པའི་རྣམ་དཔྱོད་ཀྱི་ནུས་མཐུ་མངའ་བ་རྣམས་ཀྱིས་རིགས་པའི་གོམ་འགྲོས་ཅུང་ཟད་སྤོ་བ་མ་བཟོད་པས་དེ་ལ་གཡོ་འགུལ་ཡོ་ལང་ཆེན་པོ་ (Move ment) ལན་གསུམ་ཙམ་བྱུང་བར་མཐོང་ཞིང་། (སངས་རྒྱས་དང་། ཀླུ་སྒྲུབ་དང་། ཕྱོགས་གླང་གི་སྐབས།) དེ་ཡང་ཕྱི་མ་ཕྱི་མ་སྔ་མ་སྔ་མའི་དོན་དང་སྙིང་པོ་གསལ་བར་བྱེད་པའི་གསལ་བྱེད་ཀྱི་ཚུལ་དུ་སྟེ། འགྲེལ་བཤད་དཀའ་གནས་གསལ་བྱེད་ཀྱི་ཉི་མ་གཞོན་ནུ་དུ་མ་དུས་དང་ཕྱོགས་ཀུན་ནས་བློ་གྲོས་ཀྱི་ཆུ་གཏེར་ལས་གནས་ལུགས་ཤེས་བྱའི་ནམ་མཁར་འཕོས་པར་མཐོང་བ་ན། འདི་དག་གི་བྱེད་པོ་སུ་ཞིག་ཡིན་སྙམ་སྟེ་བཙལ་བས་གོ་རིམ་བཞིན་ཀུན་མཁྱེན་བུ་རམ་ཤིང་པ་དང་། བསྟན་པའི་གསལ་བྱེད་ཀླུའི་མཚན་ཅན་དང་། ཁྱད་པར་ཤེས་བྱའི་ཕྱོགས་ཀུན་མ་ལུས་པ་རྣམ་དཔྱོད་ཀྱི་ཚད་ལ་འཇལ་བཟོད་པའི་ངོ་མཚར་གྱི་གླང་པོ་མ་ཏངྒེ་པ་མིའི་ཤ་ཚུགས་ཅན་དེ་ཡིན་པར་ཀུན་གྱིས་ལེགས་པར་གཟིགས་སོ།།  །།

 

༡༡) སྙིང་དོན།

 

མདོར་ན་ཕྱི་ལོ་འགོ་མ་ཚུགས་གོང་གི་འདས་ལོ་བརྒྱ་ཕྲག་དྲུག་པའི་ནང་རྒྱལ་བ་ཉི་མའི་གཉེན་ཏེ། ས་འདིའི་ཤེས་ཚད་རིག་གཞུང་སོགས་ཕྱི་ནང་གི་ཀུན་སྤྱོད་གཤིས་ལུགས་ཐམས་ཅད་ལ་སྔོན་མེད་སྣང་བ་གསར་པ་ཐོབ་སྟེ། མི་རིགས་ཐམས་ཅད་དེའི་གསུང་རབ་དང་ལེགས་བཤད་ཀྱི་རོ་ལ་ལོངས་སྤྱད། དེ་ལྟར་སྐལ་བཟང་འབྲས་བུའི་དུས་ཀྱི་སྣང་བ་དེ། ལས་དང་དུས་ཀྱི་སྤྲིན་པས་ཅུང་ཟད་ཉམ་དམའ་བར་སོང་བ་ན། འཕགས་པ་ཀླུའི་མཚན་ཅན་ལ་སོགས་པས་བསྟན་པའི་ཉིན་བྱེད་སླར་ཡང་ཤར་རིའི་སྤོ་ལ་མངའ་གསོལ། དེ་ཡང་རིམ་གྱིས་བློའི་ནུས་པ་དམན་པ་དང་། གཞུང་ལུགས་ཀྱི་དྲི་མ་མང་པོས་ནག་ནོག་ཏུ་བྱས་པར་གཟིགས་ཏེ། གཞལ་བྱ་ཡུལ་གྱི་གནས་ལུགས་དང་། འཇལ་བྱེད་ཚད་མའི་ཚུལ་ལ་མ་རྟོགས་པ་དང་། ལོག་པར་རྟོག་པའི་སྐྱོན་དང་དྲི་མ་མ་ལུས་པར་བསལ་ཏེ། རྒྱལ་བསྟན་གསལ་བ་དང་ལྷན་ཅིག་སྐྱེས་བུའི་དོན་ཐམས་ཅད་གྲུབ་པའི་འབྲས་བུ་ཅན་ཡང་དག་པའི་ཤེས་པ་རྒྱུ་དང་བཅས་པ་རྒྱས་པར་བཤད་དེ། གཞལ་བྱའི་གནས་གསུམ་དང་། འཇལ་བྱེད་མངོན་རྗེས་ལ་སོགས་པའི་ཚད་མ་འབྲས་བུ་དང་བཅས་པ་ལེགས་པར་གཏན་ལ་ཕབ་པ་ན། སླར་གླིང་འདིར་རྣམ་དཔྱོད་རིག་གཞུང་གི་ཚུལ་ལ་ནུས་པ་དང་། མཐུ་ཕུལ་དུ་བྱུང་བའི་འགྱུར་བ་ཆེན་པོ་ཞིག་བྱུང་བ་ཡིན་ཅིང་། འགྱུར་བ་དེའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཡིན་ལ། ཚུལ་དེ་མཐོང་ན་སློབ་དཔོན་དང་། དེའི་གསུང་རབ་ཀྱི་བསྔགས་པ་མང་པོ་ཞིག་དུས་འདིར་ཡང་ཤར་ནུབ་ཀྱི་མཁས་པ་ཀུན་གྱིས་སྒྲོག་བཞིན་དུ་ཡོད་དོ།།[5]  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་བཀའ་འབུམ། ༼མ༽ འཕྲུལ་པར་དཔེ་རིང་། ཤོག་ ༡༡ན༦ ནས་ ༡༣བ༣ བར།

[2]  ཇི་སྐད་དུ། ཙནྡྲ་གོ་མིས། གྲུབ་པ་ཀུན་མཁྱེན་ཀུན་ལ་སྨན། །འགྲོ་བའི་བླ་མར་ཕྱག་འཚལ་ནས། །ཉུང་ངུ་རྣམ་གསལ་ཡང་དག་རྫོགས། །སྒྲ་ཡི་མཚན་ཉིད་བརྗོད་པར་བྱ། །ཞེས་གསུངས་པ་ལས་ཚིག་བསྒྱུར་ཏེ། ཚད་མའི་མཚན་ཉིད་བརྗོད་པར་བྱ། །ཞེས་གོ་བར་བྱའོ། །ཙནྡྲ་པ། ཤོ་ལོ་ཀ་ ༡།༡ འདི་ཀརྨ་བསྟན་པའི་ཉིན་བྱེད་ཀྱི་གསུང་། ཀ་པར་ཡང་བཞུགས་སོ།།

[3]  སངས་རྒྱས་པ་རྣམས་ཚད་མ་ཞེས་པའི་སྒྲ་མི་སླུ་བའི་ཤེས་པ་ཉིད་ལ་འཇུག་པར་འདོད་ལ། གྲུབ་མཐའ་གཞན་བྱེ་བྲག་པ་སོགས་ནི། པྲམཱཎ་ཞེས་པ་ཚད་མ་སྟེ། མངོན་སུམ་གྱི་ཡུལ་གཟུགས་ལྟ་བུ་དང་། རྗེས་དཔག་གི་རྟེན་གཏན་ཚིགས་ལ་སོགས་པ་སྒྲ་དེའི་འཇུག་ཡུལ་དུ་འདོད་ལ། ཤེས་པའི་རང་བཞིན་དུ་གྱུར་པའི་ཚད་མ་ལ་ནི། པྲམེཎི་ཞེས་པ་སྟེ། ཚད་འཇལ་ཞེས་ཟེར། དེ་ལ་འདིར་ནང་པའི་བཤད་ཚུལ་གྱི་དབང་དུ་བྱས་ཤིང་། དེ་ཡང་སྒྲ་ཡང་བའི་དབང་དུ་བྱས་ཏེ། སྒྲུབ་བྱེད་ཚད་མ་དང་། འཇལ་བྱེད་ཚད་མ་གཉིས་ཀ་ཚད་མ་ཞེས་པའི་སྒྲའི་བརྗོད་བྱར་བྱས་ཏེ། རྟོག་གེའི་ཚིག་དོན་ཡོངས་རྫོགས་དང་། ཕྱོགས་རེ་བ་སྟོན་པའི་གཞུང་ཀུན་ཚད་གཞུང་དུ་བྱས་པའོ།།

[4]  It is the Lost oF series three Works dislined to elucidate what is perhaps the most Powerful movement of ideas in the history of Asia, a movment which, originating in the vi Century BC. B. Logic. F. Stcherbatsky. P. xi (ii)

[5]  རིགས་པ་ལ་འཇུག་པའི་མདོ། ཝཱར་ཎ་ཆེས་མཐོའི་སློབ་ཁང་། ༡༩༨༣ ལོ། ཤོག་ ༡-༩༤ གསལ་བ་ལས་མཁོ་བཏུས་ཞུས།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༣༩ ནས་ ༣༤༧ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *