༣༽ ཕྱོགས་གླང་གི་ཚད་མའི་གཞུང་ངོ་སྤྲོད།
དེ་ཡང་ཀློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱིས་ (1456/1441-1532/1525) མཛད་པའི་སྡེ་བདུན་མདོ་དང་བཅས་པའི་དགོངས་འགྲེལ་ཚད་མ་རིགས་གཏེར་ལ་ཉེ་བར་མཁོ་བ་མཐའ་གཉིས་གསལ་བྱེད་ལས[1]།
མོས་སྤྱོད་སར་གནས་རྣམ་དཔྱོད་རྒྱ་ཆེ་བ། །
ཕྱོགས་གླང་རིགས་པའི་སྟོབས་ཀྱིས་རིགས་པ་ཡི། །
རྣམ་གྲངས་མི་འདྲའི་བསྟན་བཅོས་བརྒྱ་རྩ་བརྒྱད། །
སོ་སོར་མཛད་ཅེས་གྲགས་ཀྱང་ཀུན་གྱི་དོན། །
ལེགས་བཏུས་མདོ་དང་དེ་འགྲེལ་རྣམ་གཉིས་དང་། །
དམིགས་བརྟག་རྩ་འགྲེལ་དུས་གསུམ་བརྟག་པ་དང་། །
གཏན་ཚིགས་འཁོར་ལོ་རིགས་པར་འཇུག་སྒོ་སྟེ། །
ཕྱི་རབས་རྟོག་གེའི་རྩ་བའི་གཞུང་བདུན་མཛད། །
ཅེས་གསུངས་པ་ལྟར་སློབ་དཔོན་ཕྱོགས་གླང་ནི། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཚད་མ་རང་ལས་མཁས་པ་ཞེས་རང་རེའི་ཆོས་འབྱུང་གི་ཡིག་ཆ་དག་ལས་བསྙད་ཅིང་། སློབ་དཔོན་འདི་ཉིད་འཕགས་ཡུལ་གྱི་ལྟ་གྲུབ་སྤྱི་དང་། བྱེ་བྲག་ཚད་མ་རིག་པའི་སློབ་དཔོན་གལ་ཆེ་ཤོས་ཤིག་ཡིན་པར་ཕྱི་ནང་གི་མཁས་པ་རྣམས་ལ་རྩོད་མེད་ཡོངས་སུ་གྲགས་པར་མ་ཟད། ཡང་སྒོས་ནང་པའི་ཚད་མ་རིག་པའི་མེས་པོའམ་ཤིང་རྟའི་སྲོལ་འབྱེད་ཀྱང་ཡིན་པར་ཡོངས་སུ་གྲགས་པ་ལྟར་ལགས། ཕྱོགས་གླང་གི་སྔོན་དུ་འཕགས་ཡུལ་གྱི་ནང་པའི་གཞུང་དུ་ཚད་མ་རིག་པའི་ཆ་ཤས་གཏན་ཚིགས་དང་སུན་འབྱིན་བེད་སྤྱད་དེ་དགག་བཞག་གི་ཚུལ་ལ་འཇུག་པ་བྱུང་ཡོད་པ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞིབ་མོ་རྣམ་འཐག་དང་། རྩོད་བཟློག་རྩ་འགྲེལ། དེ་བཞིན་དུ་སློབ་དཔོན་ཐོགས་མེད་ཀྱི་མངོན་པ་ཀུན་བཏུས་ཀྱི་འབེལ་གཏམ་བརྟག་པའི་ལེའུ་དང་། དབྱིག་གཉེན་གྱི་རྩོད་སྒྲུབ་སོགས་བྱུང་བ་དག་ལས་དཔོག་ནུས་ཀྱང་། རྟོག་གེའི་ཚིག་དོན་བརྒྱད་ཀ་རྩལ་དུ་བཏོན་ཅིང་། ཚད་མའི་ངོ་བོ་དང་། གྲངས་དང་། སྤྱོད་ཡུལ། སྒྲའི་དོན་གྱི་སྐོར། གཞན་ཡང་རིག་པ་ཅན་པའི་མདོ་རྩ་འགྲེལ་ལས་བྱུང་བའི་རྟོག་གེའི་སྤྱི་སྐད་ཀྱི་ཚིག་དོན་རྟགས་དང་། དཔེ། ལྟག་ཆོད་སོགས་ལ་ཞིབ་ཏུ་བརྟགས་ཏེ་ཚད་མའི་གཞུང་ལུགས་གཏན་ལ་འབེབས་པ་ནི། སངས་རྒྱས་པའི་གྲུབ་མཐའི་ནང་སློབ་དཔོན་ཕྱོགས་གླང་ཉིད་ཐོག་མར་འཇོག་དགོས་སོ།།
སྤྱིར་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཚད་མ་ཙམ་མིན་པར་རྣལ་འབྱོར་སྤྱོད་པ་བའི་སློབ་དཔོན་ཆེ་གྲས་ཤིག་ཡིན་ལ། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྡུས་པ་བྱ་བ་བརྒྱད་སྟོང་དོན་བསྡུས་སུ་གྲགས་པ་བརྩམས་ཏེ། མདོ་དེའི་དོན། རྟེན་དང་དབང་དུ་བྱ་བ་དང་། །ཞེས་སོགས་དོན་ཚན་སོ་གཉིས་སུ་བསྡུས་ཏེ་གཏན་ལ་འབེབས་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡོད་པས། བོད་སྔ་མ་རྣམས་སློབ་དཔོན་ཕྱོགས་གླང་ཤེར་ཕྱིན་གྱི་མདོ་དོན་འགྲེལ་བའི་ཤིང་རྟ་ཆེན་པོ་ཞིག་ཏུའང་བརྩི་བ་བྱུང་།[2] གཞན་ཡང་ཕྱོགས་གླང་གིས་རྣལ་འབྱོར་སྤྱོད་པའི་གཞུང་རྣལ་འབྱོར་ལ་འཇུག་པ་ཞེས་པ་དང་། ཆོས་མངོན་པ་དབྱིག་གཉེན་གྱི་མངོན་པ་མཛོད་ཀྱི་འགྲེལ་པ་གནད་ཀྱི་སྒྲོན་མེ་བྱ་བ་དང་། དེ་བཞིན་བསྟོད་པའི་གཞུང་རེ་གཉིས་མཛད་ཡོད་པ་རྣམས་རང་རེའི་བསྟན་འགྱུར་དུ་བཞུགས་ཡོད།
ཁོང་གི་བརྩམས་ཆོས་ལ་ཡོངས་གྲགས་སུ་སློབ་དཔོན་ཕྱོགས་གླང་གིས་ཚད་མའི་བསྟན་བཅོས་རྐྱང་པ་བརྒྱ་རྩ་ལྷག་མཛད་པར་གྲགས་ལ། ལ་ལས་བསྟན་བཅོས་སོགས་བརྒྱ་རྩ་ལྷག་མཛད་པར་བཤད། ཕྱི་མ་ནི་དོན་ལ་གནས་པར་སེམས་ཏེ། བུ་སྟོན་ཆོས་འབྱུང་དང་། རྒྱ་གར་ཆོས་འབྱུང་གཉིས་སུ་བསྟན་བཅོས་ཐོར་བུ་བརྒྱ་རྩ་བརྩམས། ཞེས་པ་དང་། བསྡོམས་པ་ལ་བསྟན་བཅོས་བརྒྱ་རྩ་མཛད་པར་གྲགས། ཞེས་གསུངས་པ་དང་། ད་དུང་ཀུན་བཏུས་རང་འགྲེལ་ལས[3]།
ཚད་མ་སྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །
བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །
ཞེས་གསུངས་པའི་དོན་ལ་གཞིགས་ན་ཡང་སློབ་དཔོན་གྱིས་ཚད་མའི་བསྟན་བཅོས་དང་ཚད་མའི་བསྟན་བཅོས་མ་ཡིན་པའི་བསྟན་བཅོས་ཡོད་དོ་ཅོག་གི་ཚད་མའི་བརྗོད་བྱ་རྣམས་གཅིག་ཏུ་བསྡུས་པ་ཚད་མ་ཀུན་བཏུས་རྩོམ་རྒྱུ་ཡིན་ཞེས་པའི་དོན་ཡིན་པར་གསལ་ལ། སློབ་དཔོན་ཁོང་གི་ཚད་མའི་བསྟན་བཅོས་ལ། ཚད་མ་ཀུན་བཏུས་དང་། ཚད་མ་ཀུན་བཏུས་ཀྱི་རང་འགྲེལ་དང་། དམིགས་པ་བརྟག་པ་དང་། དམིགས་པ་བརྟག་པའི་འགྲེལ་པ་དང་། དུས་གསུམ་བརྟག་པ་དང་། ཕྱོགས་ཆོས་དགུའི་འཁོར་ལོ་དང་། རིགས་པ་ལ་འཇུག་པའི་སྒོ་དང་། རིགས་པ་ལ་འཇུག་པ་སོགས་ཡོད་པ་དང་། དེ་དག་ལས་ཚད་མའི་དགོངས་པ་ཡོངས་སུ་མཚོན་པར་བྱེད་པའི་བསྟན་བཅོས་ནི་ཚད་མ་ཀུན་བཏུས་ཞེས་པ་དེ་ཡིན་པར་བཤད། གཞུང་དེས་ནང་པའི་ཚད་མ་རིག་པའི་ཤིང་རྟའི་སྲོལ་ཕྱེ་ཕྱིར། རྒྱ་ནག་པ་རྣམས་ཀྱིས་སངས་རྒྱས་པའི་གཏན་ཚིགས་རིག་པ་ཞེས་བརྗོད་པར་གྲགས་ལ། བོད་ཀྱི་མཁས་པ་མང་པོས་གཞུང་དེ་ཉིད་གཏན་ཚིགས་རིག་པའི་བསྟན་བཅོས་སུ་འདོད་པར་མ་ཟད། ནང་རིག་པའི་བསྟན་བཅོས་ཀྱང་ཟེར་རོ།།
མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས[4]། རྒྱ་ནག་གི་འགྱུར་ཁོ་ནར་བཞུགས་པ་རིགས་སྒོ་བཅས་དངོས་སུ་བཞུགས་ལ། ཚད་ཆེན་དཀའ་འགྲེལ་དུ་ལུང་འདྲེན་བྱས་པ་གཏན་ཚིགས་ཀྱི་སྒོ་དང་། བཙུན་པ་སྙན་ལྡན་གྱི་རྣམ་འགྲེལ་འགྲེལ་བཤད་དུ་ལུང་འདྲེན་བྱས་པ་སྤྱི་མཚན་བརྟག་པ་དང་། ཀུན་བཏུས་རང་འགྲེལ་དུ་ལུང་འདྲེན་བྱས་པ་རིགས་པ་བརྟག་པ་དང་། བྱེ་བྲག་པའི་རིགས་པ་བརྟག་པ་དང་། རྐང་མིག་གི་རིགས་པ་བརྟག་པ་དང་། རྩོད་པའི་རབ་བྱེད་དམ་ཡོངས་གྲགས་ཐར་ལམ་གསལ་བྱེད་ (ཞོལ་པར། ཆ 33a3) དུ་རླུང་གི་རབ་བྱེད་ཅེས་གྲགས་པ་སོགས་རྟོག་གེའི་བསྟན་བཅོས་བཅོ་ལྔ་ཙམ་དང་། ཚད་མའི་བསྟན་བཅོས་མིན་པར་མཛོད་འགྲེལ་དང་། བརྒྱད་སྟོང་དོན་བསྡུས། བསྟོད་པ་བཅས་གཞུང་བརྒྱད་ཙམ་བཞུགས་སོ། །ཞེས་གསུངས་པ་ལྟར་རོ།།
སྤྱིར་སློབ་དཔོན་ཕྱོགས་གླང་གིས་ཚད་མའི་སྐོར་ལ་གཞུང་མང་དག་ཅིག་བརྩམས་ཡོད་པ་ཕྱི་ནང་གི་ཚད་མ་རིག་པའི་མཁས་པའི་གསུང་ལས་གསལ་བར་རྟོགས་ནུས་ལ། སློབ་དཔོན་རང་ཉིད་ཀྱིས་ཀྱང་ཚད་མ་ཀུན་བཏུས་ཀྱི་འགྲེལ་པའི་དབུར། ཚད་མ་བསྒྲུབ་པར་བྱ་བའི་ཕྱིར་རང་གི་རབ་ཏུ་བྱེད་པ་རིགས་པའི་སྒོ་ལ་སོགས་པ་རྣམས་ལས། འདིར་གཅིག་ཏུ་བཏུས་ཏེ་ཚད་མ་ཀུན་ལས་བཏུས་པ་བརྩམ་པར་བྱའོ། །ཞེས་དངོས་སུ་ཀུན་བཏུས་རྩ་འགྲེལ་གཉིས་ནི། རང་ཉིད་ཀྱིས་སྔར་བརྩམས་ཟིན་པའི་ཚད་མའི་གཞུང་རྣམས་ཀྱི་དོན་ཕྱོགས་གཅིག་ཏུ་བསྡུས་ཏེ་ཆེད་དུ་མཛད་པར་གསུངས་པ་ལས་ཀྱང་ཤེས་ནུས། དེ་ལྟར་བསྟན་བཅོས་ཀྱི་མཚན་དངོས་སུ་ངོས་འཛིན་ཐུབ་པའི་ཕྱོགས་གླང་གི་ཚད་མའི་གཞུང་གི་གྲངས་འདིར་སྨོས་ན། ༡༽ ཚད་མ་རིགས་སྒོའམ། ནྱཱ་ཡ་མུ་ཁ་བྱ་བ་ཚད་མ་ཀུན་བཏུས་རང་འགྲེལ་གྱི་དབུར་མིང་འདོན་མཛད་པ། ༢༽ སྤྱི་བརྟག་པའི་བསྟན་བཅོས་རྣམ་འགྲེལ་རང་འགྲེལ་དུ་ཞལ་འཕངས་ཐོན་པ། ༣༽ དྭཱ་ད་ཤ་ཤ་ཏི་ཀཱ་བྱ་བ་རྣམ་འགྲེལ་རང་འགྲེལ་དུ་ཤུགས་ལ་ཐོན་པ། ༤༽ རིག་པ་ཅན་བརྟག་པ་དང་། ༥༽ བྱེ་བྲག་པ་བརྟག་པ། ༦༽ གྲངས་ཅན་བརྟག་པ་བཅས། ཀུན་བཏུས་རང་འགྲེལ་གྱི་མཇུག་ཏུ་ཞལ་འཕངས་མཛད་པའི་བརྟག་པ་གསུམ། ༧༽ རླུང་གི་རབ་བྱེད་དང་།[5] ༨༽ ཧེ་ཏུ་མུ་ཁ་སྟེ་གཏན་ཚིགས་ཀྱི་སྒོ་ཞེས་པ་རྣམས་ལས། རྒྱ་ནག་གི་སྐད་དུ་རིགས་སྒོ་ཡོད་པ་མ་གཏོགས་ལྷག་མ་མདུན་རྣམས་དེང་དཔེ་མཇལ་དུ་མེད་ཀྱང་། ད་ལྟ་བསྟན་འགྱུར་དུ་བཞུགས་ནས་མཇལ་དུ་ཡོད་པ་རྣམས་ནི།
༩-༡༠༽ ཚད་མ་ཀུན་བཏུས་རྩ་འགྲེལ་དང་། ༡༡༽ གཏན་ཚིགས་ཀྱི་འཁོར་ལོ་གཏན་ལ་ཕབ་པ། ༡༢-༡༣༽ དམིགས་པ་བརྟག་པ་རྩ་འགྲེལ་གཉིས། ༡༤༽ རིགས་པ་ལ་འཇུག་པའི་སྒོ་འམ་ནྱཱ་ཡ་པྲ་བེ་ཤ ། ༡༥༽ དུས་གསུམ་བརྟག་པ་བཅས་བདུན་དང་། དེའི་སྟེང་གཞུང་ཚིགས་བཅད་བཅུ་གསུམ་གྱི་བདག་ཉིད་ཅན། ༡༦༽ ཨུ་པཱ་དཱ་ཡ་པྲཛྙཱཔྟི་བྱ་བ་ཕྱོགས་གླང་གིས་མཛད་པར་གྲགས་པ་དེང་རྒྱ་ནག་གི་སྐད་དུ་བཞུགས་པ་བཅས་བསྡོམས་ན་ཚད་མའི་སྐོར་ལ་གཞུང་བཅུ་དྲུག་ཙམ་བྱུང་བར་སྣང་ལ། འགའ་ཤས་ཀྱིས་གོང་གི་དེ་རྣམས་ཀྱི་སྟེང་། རང་རེའི་བསྟན་འགྱུར་གྱི་དབུ་མའི་སྡེ་ཚན་དུ་འཕགས་པ་ལྷས་མཛད་པར་གྲགས་པའི་གཞུང་རབ་ཏུ་བྱེད་པ་ལག་པའི་ཚད་རྩ་འགྲེལ་གཉིས་ཀའང་ཕྱོགས་གླང་གི་ཡིན་པར་བཤད་ལ། དེ་བཞིན་དུ་ཕྱོགས་གླང་གིས་དབྱིག་གཉེན་གྱི་རྩོད་སྒྲུབ་ཀྱི་འགྲེལ་པ་ཞིག་ཀྱང་བརྩམས་ཡོད་པར་བཤད་པ་གསུམ་བསྣན་ན། ཚད་མའི་སྐོར་ལ་གཞུང་བཅུ་དགུ་ཙམ་ཞིག་བརྩི་དགོས་པར་མཐོང་། ད་ལྟ་གཙོ་བོ་བོད་སྐད་དང་། གཞན་ཡང་རྒྱ་ནག་གི་སྐད་དུ་བཞུགས་པ་ཕྱོགས་གླང་གི་ཚད་མའི་གཞུང་ཇི་ཡོད་གོང་དུ་བཀོད་པ་ལྟར་རོ།།[6]
དེ་བཞིན་སློབ་དཔོན་ཕྱོགས་གླང་གི་གསུང་གྲགས་ཆེ་བ་ཚད་མ་ཀུན་བཏུས་དང་། ཚད་མ་ལ་འཇུག་པ། ཚད་མ་རིགས་པའི་སྒོ་གསུམ་ལས་ཚད་མ་རིག་པའི་སྒོ་ཞེས་པ་བོད་སྐད་དུ་བསྒྱུར་མེད། གཞན་གཉིས་བོད་སྐད་དུ་བསྒྱུར་ཡོད། ཅེས་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༡༥ ཟླ་བ་ ༦ ཚེས་ ༢༣ ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་རྒྱས་པའི་དབུ་འབྱེད་མཛད་སྒོའི་གསུང་བཤད་ནང་གསུངས་སོ།། །།
༤༽ དམིགས་པ་བརྟག་པ།
དེ་ཡང་བཙུན་པ་དཀོན་མཆོག་འཇིགས་མེད་དབང་པོས་ (1728-1791) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྔགས་པ་ལས[7]།
མང་དུ་ཐོས་པའི་ཡན་ལག་ལྷུན་སྟུག་ཅིང་། །
དྲི་མེད་བསླབ་གསུམ་དག་པའི་ལུས་སྟོབས་རྒྱས། །
རིགས་ལམ་གསེར་གྱི་དྲ་བས་གདོང་མཛེས་པ། །
ཕྱོགས་ཀྱི་གླང་པོའི་ཞབས་ལ་ཕྱག་འཚལ་ལོ། །
ཞེས་བསྔགས་པ་ལྟར་རིགས་ལམ་གསེར་གྱི་དྲ་བས་ཡོངས་སུ་མཛེས་པའི་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་དམིགས་པ་བརྟག་པ་ནི། དབང་ཤེས་ལྔའི་གཟུང་ཡུལ་དུ་གྱུར་པའི་དམིགས་རྐྱེན་ཕྱི་རོལ་གྱི་དོན་བརྟག་པ་ཞེས་པ་ཡིན་ལ། འདིའི་བརྗོད་བྱ་ནི། བསྟན་བཅོས་ཀྱི་མིང་ཉིད་ཀྱིས་གོ་ནུས་ལ། འདི་ནི་རྣམ་རིག་པའི་གྲུབ་མཐའི་རྩ་གཞུང་ལྟ་བུ་ཡིན་ཏེ། དེ་ཡང་རྣམ་རིག་པའི་གྲུབ་མཐའི་དགག་བྱའི་གཙོ་བོ་ནི་མིག་སོགས་དབང་ཤེས་ལ་གཟུགས་སོགས་ཕྱི་རོལ་དོན་དུ་སྣང་བ་ལྟར་གྲུབ་པ་ཉིད་ཡིན་ལ། དེ་དག་ཐ་སྙད་དུ་ཡང་ཡོད་པར་ཚད་མས་ལྷག་མེད་དུ་མ་ཁེགས་ན། རྣམ་རིག་ཙམ་གྱི་དོན་བརྗོད་བྱས་སྟོང་ལ། དེ་ཡང་ཕྱི་དོན་ཕྲ་རབ་ནས་མ་ཁེགས་ན་རགས་པ་མི་ཁེགས་པས། རྡུལ་ཕྲ་རབ་སོགས་འགོག་པའི་རིགས་པ་རྣམས་ཀྱི་གནད་རྣམས་འདིར་ལེགས་པར་བཤད་དོ། །དེ་ཡང་དེ་ཉིད་ལས[8]།
དབང་པོ་རྣམ་པར་རིག་པའི་རྒྱུ། །ཕྲ་རབ་རྡུལ་དག་ཡིན་མོད་ཀྱི། །
དེར་མི་སྣང་ཕྱིར་དེ་ཡི་ཡུལ། །རྡུལ་ཕྲན་མ་ཡིན་དབང་པོ་བཞིན། །
ཞེས་སོགས་གསུངས་པ་ལྟར་རོ།། །།
༥༽ དུས་གསུམ་བརྟག་པ།
དེ་ཡང་རྫོགས་ཆེན་མཁན་ཆེན་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོས་ (1899-1959) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ཨུ་དུམ་ཝ་རའི་ཆུན་འཕྱང་ལས[9]།
ཐུབ་བསྟན་ཀེ་ལ་ཤ་རིའི་ལྷུན་པོའི་སྤོར། །
འཆད་རྩོད་རྩོམ་པའི་རྩལ་གསུམ་རབ་རྫོགས་པས། །
ལུང་རིགས་སེངྒེའི་ང་ཚོས་ས་གསུམ་ལྗོངས། །
དོག་པོར་བགྱིད་མཛད་ཕྱོགས་གླང་ཞབས་ལ་འདུད། །
ཅེས་བསྔགས་པ་སློབ་དཔོན་འདིས་མཛད་པའི་དུས་གསུམ་བརྟག་པ་འདི་ཡང་། གཞུང་གི་རིགས་པའི་འགྲོས་དམིགས་བརྟག་དང་མཐུན་ཞིང་། འདིའི་དཔྱད་གཞི་ནི་དུས་རྫས་གྲུབ་ཡིན་ལ། འདིའི་ཕྱོགས་སྔ་ཡང་རང་གཞན་གྱི་སྡེ་པ་བྱེ་སྨྲ་སོགས་དུས་རྫས་གྲུབ་ཏུ་སྨྲ་བ་ཐམས་ཅད་དང་། མདོ་སྡེ་པ་ཁ་ཅིག་ཀྱང་ཡོད་པར་སྣང་ངོ་། །འདི་ཡང་རིགས་པའི་འགྲོས་ལ་བལྟས་ན་སེམས་ཙམ་པའི་རང་གཞུང་ལྟ་བུར་སྣང་བས་དཔྱད་དོ། །འདི་ལས་འཕྲོས་པའི་གཞུང་ནི། སློབ་དཔོན་དགེ་སྲུང་དང་། དེའི་སློབ་མ་སློབ་དཔོན་ཆོས་མཆོག་སྟེ། རྒྱལ་རྔ་བདུན་པར་གྲགས་པས་མཛད་པའི་སྐད་ཅིག་མ་འཇིག་པར་སྒྲུབ་པའི་གཞུང་རྣམས་སོ།། །།
༦༽ གཏན་ཚིགས་འཁོར་ལོ།
དེ་ཡང་སྟག་བྲག་པཎྜི་ཏ་ངག་དབང་གསུང་རབ་མཐུ་སྟོབས་ (1874-1952) ཀྱིས་མཛད་པའི་གསུང་རྩོམ་རྒྱན་དྲུག་མཆོག་གཉིས་ལ་སྦྱར་རྒྱུ་ལས[10]།
གཞུང་ལུགས་མཁྱེན་པའི་ལུས་ཀུན་ཡོངས་སུ་རྫོགས། །
རྣམ་བཀྲ་རིག་པའི་སྣ་ཞགས་རིང་དུ་བརྐྱངས། །
ལོག་སྨྲ་འདམ་སྐྱེས་རྩ་བ་དྲུངས་འབྱིན་པའི། །
ཟླ་བྲལ་མཁས་དབང་ཕྱོགས་ཀྱི་གླང་པོའི་ཞབས། །
ཞེས་བསྔགས་པ་མཛད་པ་ལྟར་འགྲན་ཟླ་དང་བྲལ་བའི་མཁས་མཆོག་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་གཏན་ཚིགས་ཀྱི་འཁོར་ལོའམ་ཕྱོགས་ཆོས་འཁོར་ལོ་འདི་ཡང་། བསྟན་བཅོས་ཐོར་བུ་བའི་ནང་ཚན་ཞིག་སྟེ། འདི་ལ་གཞུང་ཚད་ཤོ་ལོ་ཀ་བཅུ་གཅིག་དང་རྐང་པ་གཅིག་ཡོད་ལ། ཕལ་ཆེར་ཚད་མ་རིགས་པ་ལ་འཇུག་པའི་དོན་བསྡུས་ལྟར་འདུག་ཅིང་། བོད་ཀྱི་ཚད་གཞུང་མང་པོར་གཞུང་འདི་ནས་ལུང་དྲངས་པ་མང་ཡང་། སྣར་ཐང་དང་སྡེ་དགེའི་བསྟན་འགྱུར་ནང་བཞུགས་པའི་དཔེ་གཉིས་སུ་ལུང་འདྲེན་གྱི་ཚིག་དེ་དག་དང་ཚིག་རིས་ཤིན་ཏུ་མི་མཐུན་པ་མང་པོ་འདུག་ཅིང་། དེ་རྣམས་གཞུང་ཐ་དད་པའམ་ལོ་ཙཱ་བའི་འགྱུར་ཁྱད་གང་ཡིན་དཔྱད་དགོས་ཀྱང་། ལེགས་སྦྱར་གྱི་མ་དཔེ་མ་མཐོང་བས་དཀའ་བར་སྣང་། ཕྱོགས་ཆོས་འཁོར་ལོའི་ཚིགས་བཅད་དེ་དག་གི་དོན་གསལ་བྱེད་ཀྱི་ཚུལ་ཟུར་མཆན་མཛད་བྱང་མེད་པ་ཚིགས་བཅད་དྲུག་ཅན་ཞིག་བསྟན་འགྱུར་ནང་རྩ་གཞུང་དེ་དང་ལྷན་ཅིག་ཏུ་འདུག་ཀྱང་། ཚིགས་སུ་བཅད་པ་རྣམས་བོད་ཚིག་གཙང་མར་འདུག་པས། འདི་ནི་བོད་ཀྱི་ལོ་ཙཱ་བ་ཞིག་གིས་མཆན་གྱི་ཚུལ་དུ་མཛད་པར་མངོན་ནོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཚད་མ་རིགས་གཏེར་གྱི་འགྲེལ་པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་ ༢༩༧
[2] དཔེར་ན་རྗེ་ཙོང་ཁ་པ་ཆེན་པོའི་ལེགས་བཤད་གསེར་ཕྲེང་། སྟོད་ཆ། ཤོག་ ༤ན༣ ལ་གཟིགས།
[3] བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ཤོག་གྲངས་ ༣
[4] དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༦༢༦
[5] འདིའི་མཚན་ཤཱཀྱ་བློའི་རྣམ་འགྲེལ་ལེའུ་དང་པོའི་འགྲེལ་བཤད་དུ་ལུང་འགལ་གྱི་ཐད་དུ་དངོས་སུ་ཐོན་མོད། ལེགས་སྦྱར་གྱི་མཚན་དངོས་སུ་ངོས་འཛིན་མ་ཐུབ་ལ། གཞན་ཡང་གོང་དུ་དྲངས་པའི་ཨང་གྲངས་གསུམ་པ་དྭཱ་ད་ཤ་ཤ་ཏི་ཀཱ་ཞེས་པ་དེ་དང་། བརྒྱད་པ་ཧེ་ཏུ་མུ་ཁ། འོག་གི་བཅུ་དྲུག་པ་ཨུ་པཱ་དཱ་ཡ་པྲཛྙཱ་པྟི་ཞེས་པ་དེ་གསུམ་རང་ཅག་བོད་ཀྱི་ཚད་མ་པ་རྣམས་ལ་རྒྱུས་མེད་པས། བོད་འགྱུར་ཚད་མའི་གཞུང་རྣམས་སུ་དེ་གསུམ་ཞལ་འཕངས་ཡོད་མེད་དཔྱད་དགོས་པར་མཐོང་ངོ་།།
[6] སློབ་དཔོན་ཕྱོགས་གླང་གི་ཚད་མའི་གཞུང་ཕྱོགས་བཏུས། གླང་རི་བ་ཐུབ་བསྟན་སྦྱིན་པ། ༢༠༡༦ ལོ། ལྡི་ལི། ཤོག་ I བཏུས།
[7] དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ། ༼ཉ༽ ཐོར་བུ། དཔེ་རིང་། ཤོག་ ༡ན༡ ནས་ ༢བ༤ བར།
[8] བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ཤོག་གྲངས་ ༤༣༠
[9] འཇིགས་མེད་ཡོན་ཏན་མགོན་པོའི་གསུང་འབུམ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་ ༢༡༠
[10] ངག་དབང་གསུང་རབ་མཐུ་སྟོབས་ཀྱི་གསུང་འབུམ། ༼༢༽༼ན༽ དཔེ་རིང་། ཤོག་གྲངས་ ༡༩ན༢ ནས་ ༢༠ན༢ བར།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༡༡ ནས་ ༣༢༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།