ན༽ ངོ་མཚར་གྱི་མཛད་པ་བསྟན་ཏེ་ཕྱོགས་གླང་མྱ་ངན་ལས་འདས་ཚུལ།

ན༽ ངོ་མཚར་གྱི་མཛད་པ་བསྟན་ཏེ་མྱ་ངན་ལས་འདས་ཚུལ།

 

དེ་ཡང་ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་གཙོ་བོར་བསྟོད་པ་རིན་པོ་ཆེའི་རྒྱུད་མངས་བསྒྲེང་བ་ལས་[1]ཀྱང་།

འཇམ་པའི་དབྱངས་ཀྱིས་རྗེས་གཟུང་དྲི་མེད་བློ། །

ཀུན་བཏུས་རལ་གྲི་རེངས་པ་སྣར་བཅངས་ནས། །

རྩོད་པའི་མདུན་སར་མུ་སྟེགས་བཀར་བཏགས་ཤིང་། །

རྒྱལ་བསྟན་བཏེགས་པའི་ཕྱོགས་ཀྱི་གླང་པོར་འདུད། །

ཅེས་གསུངས་པ་ལྟར་རྒྱལ་བསྟན་བཏེགས་པའི་སློབ་དཔོན་ཕྱོགས་གླང་དཔལ་ནཱ་ལེནྡྲ་ནས་སླར་ཡང་ལྷོ་ཕྱོགས་སུ་བྱོན་ནས་ཡུལ་ཐ་དད་པ་མང་པོར་ཕྱི་རོལ་པ་དང་རྩོད་པས་ཕམ་པ་རྣམས་ནང་པར་བཙུད་པ་དང་། ཆོས་གཞི་གསར་དུ་བཙུགས་པ་སོགས་རྒྱལ་བསྟན་ལ་བྱ་བ་མང་དུ་མཛད། དེ་ནས་སླར་ཨོཊིཝིཥྜཔར་[2]བྱོན་ནས་བསྟན་འགྲོའི་མཛད་པ་བསྐྱངས་ཚུལ་ནི། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[3]། དེ་ནས་བསྟན་བཅོས་དེ་ཡང་ལེགས་པར་བརྩམས། ལན་ཅིག་ཅུང་སྙུང་བར་གྱུར་ཏེ། གྲོང་ཁྱེར་ནས་བསོད་སྙོམས་བླངས་ཏེ་ནགས་མཐོང་ཞིག་ཏུ་བཞུགས་པས་ཡུར་ཏེ་མནལ་དུ་སོང༌། མནལ་ལམ་དུ་སངས་རྒྱས་མང་པོའི་ཞལ་མཐོང་ཞིང་ཏིང་ངེ་འཛིན་མང་པོ་ཐོབ། ཕྱི་རོལ་ཏུ་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ། ནགས་ཀྱི་མེ་ཏོག་རྣམས་ཀྱང་འདུད་པར་གྱུར། གླང་པོ་ཆེ་རྣམས་བསིལ་གྲིབ་ཏུ་བྱེད་ཅིང་ཡོད་པ་ལས་ཡུལ་གྱི་རྒྱལ་པོ་སྐྱེ་བོའི་འཁོར་དང་བཅས་པ་སྐྱོ་སངས་ལ་འོངས་པས་མཐོང་སྟེ། ངོ་མཚར་སྐྱེས་ནས་རོལ་མོའི་སྒྲ་བསྒྲགས་པས་མནལ་སད་དེ། ཁྱོད་ཕྱོགས་ཀྱི་གླང་པོ་ཡིན་ནམ་དྲིས་པས། དེ་ལྟར་འདོགས་གསུངས། དེར་རྒྱལ་པོས་ཞབས་ལ་ཕྱག་བྱས། དེ་ནས་མཐར་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན། ཡུལ་ཐ་དད་ཀྱི་མུ་སྟེགས་ཀྱི་རྒོལ་བ་ཕལ་ཆེར་ཚར་བཅད་དེ། སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཙུགས་པའི་ཆོས་གཞི་ཉམས་པ་ཕལ་ཆེར་སོར་ཆུད་པར་མཛད། སླར་ཡང་ཨོ་ཌི་བི་ཤའི་རྒྱལ་པོའི་བློན་པོ་བྷ་དྲ་པཱ་ལི་ཏ་ཞེས་བྱ་བ་རྒྱལ་པོའི་མཛོད་ཀྱི་སྤྱན་པ་ཡིན་པ་དེ་སངས་རྒྱས་ཀྱི་བསྟན་པ་ལ་བཅུག་སྟེ། བྲམ་ཟེ་དེས་གཙུག་ལག་ཁང་ཆེན་པོ་བཅུ་དྲུག་བཞེངས། དེ་རེ་རེར་དགེ་འདུན་གྱི་སྡེ་ཆེན་པོ་རེ་བཙུགས། གཙུག་ལག་ཁང་རེ་རེར་ཡང་ཆོས་གཞི་དུ་མ་ཡོད་པ་བྱས། ཚུལ་ཁྲིམས་རྣམ་པར་དག་པའི་རྟགས་སུ། བྲམ་ཟེ་དེའི་སྐྱེད་མོས་ཚལ་ན་ནད་ཐམས་ཅད་གསོ་བར་ནུས་པ་མུཥྟི་ཧ་རི་ཏ་ཀ་ཞེས་བྱ་བ་ཨ་རུ་རའི་ཁྱད་པར་ཞིག་གི་སྡོང་པོ་ཡོད་པས་སྐྱེ་བོ་མང་པོ་ལ་ཕན་པ་ཞིག་ལས། ལན་ཅིག་ཤིང་གི་སྡོང་པོ་ཤིན་ཏུ་བསྐམས་པར་གྱུར་པ་ལ་སློབ་དཔོན་གྱིས་སོས་པར་སྨོན་ལམ་བཏབ་པས་ཞག་བདུན་ན་སོར་ཆུད་དོ།།

དེ་ལྟར་མུ་སྟེགས་ཀྱི་རྒོལ་བ་ཕལ་ཆེར་ཚར་བཅད་པས་རྩོད་པའི་ཁྱུ་མཆོག་ཏུ་གྲགས་ཤིང༌། ཆོས་ཀྱིས་སྦྲེལ་བའི་སློབ་མས་ནི་ཕྱོགས་ཐམས་ཅད་ཁྱབ་པར་ཡོད། ཕྱི་བཞིན་འབྲང་བའི་དགེ་སློང་ནི་གཅིག་ཀྱང་ཡོངས་སུ་མ་བཟུང༌། འདོད་པ་ཆུང་ཞིང་ཆོག་ཤེས་པས་ཇི་སྲིད་འཚོའི་བར་དུ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་བཞིན་དུ་ཨོ་ཌི་བི་ཤའི་ནགས་ཚལ་དབེན་པ་ཞིག་ཏུ་སྐུ་འདས་སོ། །ཞེས་བྱུང་ལ། ཁྲི་མཚོ་མཁན་པོ་བློ་གྲོས་བཟང་པོས་ (1924-1986) སྦྱར་བའི་རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་ལྟ་བ་མདོར་བསྡུས་ལས[4]། གཞན་ཡང་དེའི་རང་འགྲེལ་དང་། དམིགས་པ་བརྟག་པ་རྩ་འགྲེལ་དང་། དུས་གསུམ་བརྟག་པ་དང་། རིགས་པ་ལ་འཇུག་པ་དང་། ཕྱོགས་ཆོས་དགུའི་འཁོར་ལོ། བརྒྱད་སྟོང་དོན་བསྡུས་ལ་སོགས་པ་མང་དུ་མཛད་པའི་སྒོ་ནས་བསྟན་པ་ཤིན་ཏུ་རྒྱས་པར་མཛད་དོ། །དེའི་ཚེ་ཤར་ཕྱོགས་སུ་རྒྱལ་པོ་བི་ག་མ་ཙནྡྲ་དང་། དེའི་ཀ་མ་ཙནྡྲ་གཉིས་ཀྱིས་རྒྱལ་སྲིད་སྐྱོང་བའི་དུས་ཕྱོགས་གླང་གི་འགྲོ་དོན་མཛད་མཐར་ཨོ་བི་ཤའི་ནགས་ཚལ་དབེན་པ་ཞིག་ཏུ་སྐུ་འདས་སོ། །[5]ཞེས་གསུངས། དེ་ལྟར་འཕགས་ཡུལ་གྱི་ཕྱོགས་ཐམས་ཅད་དུ་སངས་རྒྱས་ཀྱི་བསྟན་པས་ཁྱབ་པར་མཛད་ནས་མཐར་ཨོ་ཌི་བི་ཤའི་ནགས་ཚལ་དབེན་པའི་སྒྲུབ་ཕུག་དེ་ཉིད་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་ཞིང་གཞན་དུ་གཤེགས་ཤིང་། དགུང་ལོ་ཅི་ཙམ་བཞུགས་པ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས་[6]ཀྱང་། དགུང་ལོ་ཇི་ཙམ་བཞུགས་པ་ད་ཕན་མཐོང་བའི་བོད་ཡིག་གི་ལོ་རྒྱུས་ཚོར་མི་གསལ། ཞེས་གསུངས་པ་ལྟར་གསལ་ཁ་མི་སྣང་ངོ་།།  །།

      

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  འདོན་ཆ་ཉེར་མཁོ་ཕན་བདེའི་བུམ་བཟང་། ཆོད་བརྗོད། དཔེ་གཟུགས། ཤོག་ ༡༤ན༢ ནས་ ༡༥ན༦ བར།

[2]  དེང་སང་ཨོ་ཌི་སཱ་དང་། བོད་མིས་ཨོ་རི་ས་ཟེར་བ་དེ་སྒྲ་ཟུར་ཆག་པ་ཡིན་ནམ་སྙམ་པས་དཔྱད་དགོས།

[3]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༦༨

[4]  རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་ལྟ་བ་མདོར་བསྡུས། དཔེ་རིང་། ཤོག་གྲངས་ ༣༧ན༥

[5]  སློབ་དཔོན་འདིའི་སྐུ་གཤེགས་པའི་སྐོར་ལ་བཤད་ཚུལ་མང་ཞིང་། རེ་འགས། སློབ་དཔོན་གྱིས་རྩོད་པས་ཕམ་པའི་ཕྱི་རོལ་པའི་སློབ་དཔོན་ཞིག་གི་སློབ་མས་ནགས་དབེན་པར་བཀྲོངས་པ་ཡིན་ཞེས་དེང་སང་བྲིས་མཁན་མང་།

[6]  དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིགས་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༡༣༥༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༠༡ ནས་ ༣༠༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *