ཇ༽ དབྱིག་གཉེན་བསྟེན་ནས་མཁས་པར་གྱུར་ཚུལ།
དེ་ཡང་ཨཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ (1910-1948/1949) མཛད་པའི་སློབ་དཔོན་ཕྱོགས་གླང་གི་བསྟོད་པ་ལས[1]།
དེས་ནས་ཆོས་མཛོད་བྱེ་བའི་བདག་པོ་ཆེ། །
ཀུན་མཁྱེན་གཉིས་པ་དབྱིག་གི་གཉེན་པོ་ཡི། །
ཞབས་སྐྱེས་གཙུག་གི་རྒྱན་དུ་རབ་བཀོད་པས། །
ཟླ་མེད་མཁས་མཆོག་གྱུར་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར་དུས་སྐབས་དེར་སློབ་དཔོན་དབྱིག་གཉེན་ནི་ཀུན་མཁྱེན་གཉིས་པ་ཞེས་འགྲན་ཟླ་བྲལ་བའི་མཁས་པའི་སྙན་གྲགས་ཀྱིས་ཁྱབ་པ་བཅས་རྒྱལ་བའི་བསྟན་པ་ལ་འཆད་རྩོད་རྩོམ་གསུམ་གྱི་མཛད་འཕྲིན་སྤེལ་བཞིན་པར་མ་ག་དྷར་བཞུགས་པར་ཐོས་ནས། སློབ་དཔོན་ཕྱོགས་ཀྱི་གླང་པོ་མཐར་གྱིས་སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་བྱོན་པ་ནི། ཁྲི་མཚོ་མཁན་པོ་བློ་གྲོས་བཟང་པོས་ (1924-1986) སྦྱར་བའི་རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་ལྟ་བ་མདོར་བསྡུས་ལས[2]། སྐབས་ཤིག་ན་དཔལ་ནཱ་ལེནྡྲར་བྱོན་ཏེ་ཐམས་ཅད་མཁྱེན་པ་གཉིས་པ་དབྱིག་གཉེན་གྱི་ཞབས་ལ་བསྟེན་ཏེ་ཐེག་པ་གསུམ་ལ་མཁས་པར་སྦྱངས། ཁྱད་པར་རིག་པར་སྨྲ་བའི་གྲུབ་མཐའ་དང་ཚད་མ་ལ་ཤིན་ཏུ་མཁས་པར་གྱུར་ཏེ། འཁོར་བར་འཁྱམ་པའི་རྒྱུའི་གཙོ་བོ་མ་རིག་པའི་མུན་པ་དཔྱིས་འབྱིན་པར་བྱེད་པའི་གཉེན་པོ་རྣམ་པར་འབྱེད་པའི་ཤེས་རབ་བསྐྱེད་པར་བྱེད་པའི་ཚད་མ་ལ་སོགས་པའི་བསྟན་བཅོས་ཐོར་བུ་བརྒྱ་རྩར་ལོངས་པ་བརྩམས་སོ། །ཞེས་གསུངས་ལ། དེ་བཞིན་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[3]། མཐར་གྱིས་སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་གཤེགས། ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་གསན། མཐར་མདོ་ལྔ་བརྒྱ་ཙམ་བཟུང་བར་གྲགས་ཏེ་ཐེག་པ་ཆེ་ཆུང་དང༌། གཟུངས་སྔགས་ཚུན་ཆད་བསྡོམས་པའོ། །ཁྱད་པར་དུ་སྔགས་མཁན་གྱི་སློབ་དཔོན་ཞིག་ལས་རིག་སྔགས་མནོས་ཏེ་བསྒྲུབས་པས་འཕགས་པ་འཇམ་དཔལ་གྱི་ཞལ་མངོན་སུམ་དུ་གཟིགས་པས་ཇི་ལྟར་བཞེད་པ་ན་ཆོས་གསན་པར་མཛད་དོ།།
ཨོ་ཌི་བི་ཤའི་ཡུལ་ (དེང་གི་ཨོ་རི་སའི་གཞིས་ཁོངས།) ནགས་ཚལ་ཤིན་ཏུ་དབེན་པའི་ཕྱོགས་གཅིག་བྷོ་ཏ་སཻལ་[4]ཞེས་བྱ་བའི་བྲག་རིའི་ཕུག་ཏུ་བཞུགས། རྩེ་གཅིག་ཏུ་བསམ་གཏན་ལ་རྩོལ་བར་མཛད་དོ། །ཞེས་གསལ་ལ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[5]། དེ་ནས་ཐེག་པ་ཆེན་པོའི་ལུང་དང་མན་ངག་མཐའ་དག་གསན་པར་བཞེད་ནས་སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་བྱོན། སྤྱིར་ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་དང་། ཁྱད་པར་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་དང་། རྗེ་བཙུན་བྱམས་པ་ནས་བརྒྱུད་པའི་ཐེག་པ་ཆེན་པོའི་མན་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་ལེགས་པར་གསན། ཐེག་པ་ཆེན་པོའི་མདོ་སྡེ་ལྔ་བརྒྱ་ཙམ་ཁ་ཏོན་དུ་མཛད། དེ་ནས་རྡོ་རྗེ་སློབ་དཔོན་ཞིག་ལས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་དབང་དང་སྒྲུབ་ཐབས་ལེགས་པར་གསན་ནས་སྒྲུབ་པ་མཛད་པས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་མངོན་དུ་གཟིགས་ཤིང་། གདམས་པ་དང་རྗེས་སུ་བསྟན་པ་ལེགས་པར་ཐོབ། དེ་ནས་བཟུང་ནམ་འདོད་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་གཟིགས་ཤིང་ཆོས་གསན་པར་མཛད། ཅེས་གསལ་ནའང་། གཞུང་དེ་དག་ཏུ་རྡོ་རྗེ་སློབ་དཔོན་གང་ཡིན་མཚན་གསལ་བའི་གཞུང་ལུགས་ནི་མི་སྣང་ལ།[6] སློབ་དཔོན་འདི་ཉིད་སྔགས་ལམ་ལ་ཞུགས་པའི་རྣམ་ཐར་སྐོར་ཤིན་ཏུ་མི་གསལ་བས་འདིར་འགོད་ཐབས་བྲལ་ཞིང་། སྤྱིར་ཤིང་རྟ་ཆེན་པོ་རྣམ་གཉིས་ལ་སོགས་པ་ཐེག་པ་ཆེན་པོའི་སློབ་དཔོན་རྣམས་སྔགས་ལམ་ལ་མ་བསྟེན་པ་མི་སྲིད་པ་ལྟར་སྣང་ལ། ཐོགས་མེད་སྐུ་མཆེད་སོགས་སློབ་དཔོན་ཕལ་ཆེ་བ་སྔགས་ལམ་ལས་དངོས་གྲུབ་ཐོབ་པ་ཤ་སྟག་ཡིན་མོད། སློབ་དཔོན་ཆོས་ཀྱི་གྲགས་པའི་རིང་ཙམ་ནས་གསང་སྔགས་མངོན་གསལ་དུ་བྱུང་བ་མ་གཏོགས་དེའི་སྔོན་གྱི་སློབ་དཔོན་རྣམས་གསང་སྔགས་ཤིན་ཏུ་གསང་བའི་ཚུལ་དུ་སྤྱོད་པ་ཡིན་པས་[7]རྣམ་ཐར་ལོ་རྒྱུས་སོགས་སུ་དེ་སྐོར་མི་གསལ་ལོ།།
འོན་ཀྱང་སློབ་དཔོན་ཕྱོགས་ཀྱི་གླང་པོས་སྔགས་ཀྱི་ཉམས་བཞེས་མཛད་ཅིང་། མཐར་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ཏེ་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ཁོངས་སུ་གསལ་བ་སྟེ། དེ་ཡང་དཔལ་ཨུ་རྒྱན་དུ་ཚོགས་འཁོར་བྱས་པའི་དུས་སུ་རྣལ་འབྱོར་པ་གྲུབ་པ་ཐོབ་པ་བཞི་བཅུས་རྡོ་རྗེའི་མགུར་བཞེངས་པ་ཉམས་ཀྱི་མན་ངག་ཐིག་ལེ་གསེར་གྱི་ཕྲེང་བར[8]། སློབ་དཔོན་ཀླུ་སྒྲུབ་དང་། སློབ་དཔོན་ཕྱོགས་ཀྱི་གླང་པོ། བྷུ་སུ་ཀུ་རྣམ་པ་གསུམ་གྱི་མཚན་དང་དེ་དག་གིས་གསུངས་པའི་མགུར་དུ་བཞེངས་པའི་ཚིགས་སུ་བཅད་པ་རེ་རེ་བཞུགས་ལ། དེ་བཞིན་མཁའ་འགྲོ་མའི་གསང་མཛོད་ནས་ཕྱུང་སྟེ་རྗེ་དམ་པ་རྒྱ་གར་རིན་པོ་ཆེ་ལ་གནང་བ་ཞ་མ་ལོ་ཙཱ་བས་བསྒྱུར་བའི་གྲུབ་ཐོབ་ལྔ་བཅུའི་རྟོགས་པ་བརྗོད་པ་ཐིག་ལེ་འོད་ཀྱི་ཕྲེང་བ་ལས[9]། ཨཱརྱ་དེ་བ་དང་། ནཱ་གཱ་རྫུ་ན། ཤཱནྟ་དེ་བ། ཕྱོགས་ཀྱི་གླང་པོ། ཟླ་བ་གྲགས་པ་བཅས་པཎ་གྲུབ་བཅུ་བདུན་གྱི་ཁྲོད་ནས་སློབ་དཔོན་ལྔའི་མཚན་དང་། དེ་དག་གི་མགུར་ཚིགས་སུ་བཅད་པ་རེ་རེ་བཞུགས་པར་མ་ཟད། གཞན་ཡང་སློབ་དཔོན་འདིས་མཛད་པའི་རྒྱུད་ཀྱི་སྐོར་ལ། འཕགས་པ་འཇམ་པའི་དབྱངས་ཀྱི་བསྟོད་པ་བཅས་ཀྱང་བསྟན་འགྱུར་དུ་བཞུགས་སོ།། །།

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] ཨཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན། གསུང་འབུམ། ༼ཉ༽ ཤིང་དཔར། ཤོག་ ༡༩བ༡
[2] རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་ལྟ་བ་མདོར་བསྡུས། དཔེ་རིང་། ཤོག་ ༣༧ན༥
[3] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༦༥
[4] བྷོ་ཏ་སེལ། ཞེས་པ་རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་སྐད་ཀྱི་མིང་དུ་མངོན་ནོ།།
[5] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་ ༨༥
[6] འདིར་སྔགས་མཁན་གྱི་སློབ་དཔོན་དང་། རྡོ་རྗེ་སློབ་དཔོན་ཞིག་ཅེས་པ་ཙམ་ལས་དེ་སུ་ཡིན་མཚན་དང་། སློབ་དཔོན་དུ་བསྟེན་ཚུལ་སོགས་ཀྱི་སྐོར་གསལ་བ་མ་མཐོང་ཡང་། འདི་གྲུབ་ཆེན་སྨན་ཞབས་མིན་ནམ་སྙམ།
[7] ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་། སློབ་དཔོན་ཆེན་པོ་ཆོས་ཀྱི་གྲགས་པ་ཡན་ཆད། ལེ་ ༢༣། ཤོག་ ༡༧༨
[8] བསྟན་འགྱུར་དཔེ་བསྡུར་མ། རྒྱུད་ ༼ཟི༽ དེབ་ཨང་། ༢༧ པ། ཤོག་ ༣༨༢ ནས་ ༣༩༠ བར།
[9] བསྟན་འགྱུར་དཔེ་བསྡུར་མ། རྒྱུད་ ༼ཟི༽ དེབ་ཨང་། ༢༧ པ། ཤོག་ ༣༤༡ ནས་ ༣༤༩ བར།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༥༥ ནས་ ༢༥༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།