ཁ༽ སློབ་དཔོན་སེངྒེ་བཟང་པོ་ཞེས་པའི་མཚན་ཐོགས་ཚུལ།

ཁ༽ སློབ་དཔོན་སེངྒེ་བཟང་པོ་ཞེས་པའི་མཚན་ཐོགས་ཚུལ།

 

དེ་ཡང་དབྱངས་ཅན་དགའ་བློས་ (1740-1827) མཛད་པའི་རྒྱལ་སྲས་བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་པོ་ལ་བསྟོད་པ་བྱིན་རླབས་མྱུར་འཇུག་ལས[1]།

རླབས་ཆེན་ཚོགས་གཉིས་གངས་རིའི་སྤོ་ལ་འགྱིང་། །

རྨད་བྱུང་ལུང་རྟོགས་གཡུ་རལ་རྣམ་པར་རྒྱས། །

འཆད་རྩོད་རྩོམ་པའི་མཆེ་སྡེར་རབ་ཏུ་རྣོ། །

རྒྱལ་སྲས་སེང་གེ་བཟང་པོར་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར་སློབ་དཔོན་སེང་གེ་བཟང་པོ་ཞེས་པའི་མཚན་ཇི་ལྟར་ཐོགས་སམ་སྙམ་ན། དགེ་སློང་ལོ་ཙཱ་བ་དབྱངས་ཅན་མགུ་བྱེད་དམ་ཀརྨ་པ་མི་བསྐྱོད་རྡོ་རྗེས་ (1507-1554) མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུང་ཆོས་མཐའ་དག་གི་བདུད་རྩིའི་སྙིང་པོར་གྱུར་པ་གང་ལ་ལྡན་པའི་གཞི་རྗེ་བཙུན་མཆོག་ཏུ་དགྱེས་པར་ངལ་གསོ་བའི་ཡོངས་འདུ་ས་བརྟོལ་གྱི་ལྗོན་པ་རྒྱས་པ་ལས[2]། གཉིས་པ་འཆད་བྱེད་ཀྱི་འགྲེལ་པ་ཇི་ལྟར་བརྩམས་པའི་ཚུལ་ནི། འཕགས་པ་རྣམ་པར་གྲོལ་བའི་སྡེའི་མཐུ་ཡིས་ཡུམ་གྱི་དོན་མཐོང་བའི་སྒོ་ནས་ནི་གོ་བར་སླ་བའི་ཕྱིར་ཡུམ་གསུམ་པོའི་ཚིག་རེ་རེ་དང་རིམ་པ་བཞིན་དུ་ནི་བསྟན་བཅོས་ཀྱི་ངག་སོགས་སྦྱོར་བའི་མདོ་སྦྱོར་མ་བྱས་པར་མཁན་པོ་ཡང་དག་རྣམ་སྣང་མཛད་དེ་བླ་མ་བཟང་པོ་འདི་ལྟ་བུ་ལ་ཕྱག་འཚལ་ནས། བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་གསལ་བ་འདི་ནི་སེང་གེ་བཟང་པོ་བདག་གིས་བྱས་སོ། །ཞེས་གསུངས་པ་ལྟར་མཁན་པོ་རྣམ་པར་སྣང་མཛད་བཟང་པོ་ལས་རབ་ཏུ་བྱུང་བས་མཁན་པོའི་མཚན་གྱི་ཆ་ཤས་ལས་དྲངས་པས་བཟང་པོ་དང་། སློབ་དཔོན་འདི་ཉིད་ཡུམ་གྱི་མངལ་ན་གནས་པའི་ཚེ་ཡུམ་ལ་སེངྒེའི་གནོད་པ་བྱུང་སྟེ་ཡུམ་གྱི་སྐུ་ལུས་སེངྒེས་ཟོས་ཀྱང་མངལ་ན་གནས་པའི་ཁྱེའུ་སེངྒེའི་གནོད་འཚེ་མ་བྱུང་བར་བདེ་བར་འཁྲུངས་པས་སེངྒེ་སྟེ་སེངྒེ་བཟང་པོ་ཞེས་མཚན་ཐོགས་པའོ།།

དེའི་ཚུལ་ནི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[3]། སྔོན་ཡུན་རིང་པོ་ནས་ཐུགས་བསྐྱེད་དེ་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་བསླབས་ནས་ཞིང་འདིར་རྒྱལ་བའི་བསྟན་པའི་སྙིང་པོ་ཤེར་ཕྱིན་གྱི་མན་ངག་སྤེལ་ཕྱིར་བསམ་བཞིན་དུ་བྱོན་པ་ཞིག་སྟེ། དེ་ཡང་སློབ་དཔོན་འདི་རྒྱལ་རིགས་སུ་སྐུ་འཁྲུངས། སྔོན་གྱི་ཆོས་འབྱུང་འགའ་ཞིག་ཏུ་སློབ་དཔོན་འདི་མའི་ལྟོ་ན་གནས་པའི་ཚེ་མ་ལ་སེང་གེའི་གནོད་པ་བྱུང་སྟེ་མའི་ལུས་སེང་གེས་ཟོས་ཀྱང་ལྟོ་ན་གནས་པའི་ཁྱེའུ་སེང་གེས་མ་ཟོས་པར་བདེ་བར་སྐྱེས་པས་སེང་གེ་བཟང་པོ་ཞེས་བཏགས་པར་བཤད། ཅེས་གསུངས་པ་ལྟར། སྒྲ་བཤད་ནི། མ་སེངྒེས་བསད་ནའང་བུ་མ་ཤི་བར་བཙས་པས་སེངྒེ་བཟང་པོ་ཞེས་བཏགས་པའོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  དབྱངས་ཅན་དགའ་བློའི་གསུང་འབུམ། པོད། ༼ཁ༽ སེང་བསྟོད། དཔེ་རིང་། ཤོག་གྲངས་ ༡ན༡

[2]  ཀརྨ་ལེགས་བཤད་གླིང་། བལ་ཡུལ་རྒྱལ་ས། དཔེ་རིང་། ༢༠༡༢ ལོ། ཤོག་གྲངས་ ༥༦༢ན

[3]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༠༠

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༨༣ ནས་ ༨༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *