ཅ༽ ཕྱོགས་གླང་འཁྲུངས་ཡུལ་དང་འཁྲུངས་ནས་རབ་ཏུ་བྱུང་ཚུལ།

ཅ༽ འཁྲུངས་ཡུལ་དང་འཁྲུངས་ནས་རབ་ཏུ་བྱུང་ཚུལ།

 

དེ་ཡང་ཚད་མ་རིག་པའི་ཤིང་རྟའི་སྲོལ་འབྱེད་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཡུལ་གང་དུ་སྐུ་འཁྲུངས་པ་དང་། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཚུལ་ནི། ཨཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ (1910-1948/1949) མཛད་པའི་སློབ་དཔོན་ཕྱོགས་གླང་གི་བསྟོད་པ་ལས[1]།

རྨད་བྱུང་གྲུབ་པའི་གོ་འཕང་མཐོར་གཤེགས་ཀྱང་། །

ཐུབ་བསྟན་སྙིང་ལ་གཅེས་པ་འབའ་ཞིག་གིས། །

བྲམ་ཟེ་སཱ་ལ་ཆེན་པོའི་གདུང་རིགས་སུ། །

བསམ་བཞིན་ལེགས་པར་འཁྲུངས་ལ་ཕྱག་འཚལ་ལོ། །

དེ་ནས་གནས་མ་བུ་ཡི་མཁན་པོ་ལས། །

ཐུབ་པའི་བརྟུལ་ཞུགས་དྲི་མེད་རབ་བླངས་ཏེ། །

ཞེས་གསུངས་པ་ལྟར། བཙན་པོ་སྐུ་ཕྲེང་བཞི་པ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ (1789-1839) ཀྱིས་མཛད་པའི་འཛམ་གླིང་རྒྱས་བཤད་ལས[2]། ཛ་རི་ཁཎྚའི་ལྷོ་མཐའ་དང་། ཤི་ཀ་མོ་ནས་ནུབ་ཏུ་དཔལ་ཕྱོགས་ཀྱི་གླང་པོའི་འཁྲུངས་ཡུལ་ཏེ་ལཾ་ཀ་ཟེར་བའི་ཡུལ་ཡོད་པ་དེར་མ་སུར་པ་ཊ་ཎ་ཟེར་བའི་མཁར་དང་། ཡེ་ལུ་ར་ཟེར་བའི་མཁར་དང་། ཕེ་ཏེ་པུ་ར་ཟེར་བའི་གྲོང་ཁྱེར་སོགས་མང་། ཞེས་གསལ་བ་ལྟར་ལཾ་ཀའི་ཡུལ་དུ་འཁྲུངས་པར་གསུངས་ཀྱང་། ཐུབ་བསྟན་མཆོག་སྒྲུབ་ (དུས་རབས་ 20 པ།) ལགས་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་ལས[3]། ཕྱོགས་གླང་གི་འཁྲུངས་ཡུལ་ནི། ལྷོ་ཕྱོགས་ཀནྩི་པུརམ་ཁོངས་སེང་གེའི་འཁོར་ལོ་ཞེས་པའི་གྲོང་གསེབ་ཏུ་འཁྲུངས་པ་དང་། བྲམ་ཟེའི་རིགས་ཡིན་པར་འདོད། ཅེས་གསུངས་ལ། དེ་བཞིན་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས་[4]ཀྱང་། སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི། ལྷོ་ཕྱོགས་གྲོང་ཁྱེར་སིངྒ་བཀྟ་ཞེས་བྱ་བ་ཀཉྩིའི་ཡུལ་དང་ཉེ་བ་ཞིག་ཏུ་བྲམ་ཟེའི་རིགས་སུ་འཁྲུངས་ཤིང༌། མུ་སྟེགས་ཀྱི་གྲུབ་མཐའ་ཐམས་ཅད་ལ་ཤིན་ཏུ་མཁས་པར་བྱས་པ་ཞིག་གནས་མ་བུའི་སྡེ་པའི་མཁན་པོ་སྡེ་པ་དེ་ཉིད་ཀྱི་གྲུབ་མཐའ་འཛིན་པ་ནཱ་ག་དཏྟ་སྟེ་གླང་པོ་བྱིན་ཞེས་བྱ་བ་ལས་རབ་ཏུ་བྱུང་ཞིང་། ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལ་མཁས་པར་བྱས། ཞེས་གསུངས་པ་ལྟར་འཁྲུངས་ཡུལ་ལ་ཅུང་ཟད་མི་མཐུན་པ་བྱུང་ངོ་།།

གཞན་ཡང་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ (1349-1412) ཀྱིས་མཛད་པའི་བསྟོད་ཚོགས་ལས[5]། གང་གི་རྣམ་དཔྱོད་བློ་ཡི་གདོང་པ་ཐུབ་བསྟན་གསེར་གྱི་དྲ་བས་གཡོགས། །ཕ་རོལ་ཕྱིན་དྲུག་མཆེ་བ་དྲུག་མཛེས་བསྡུ་བཞིའི་གོམ་པའི་འགྲོས་དང་ལྡན། །ལྷག་བསམ་དག་པའི་ལུས་ཀྱི་སྟོབས་རྒྱས་བདེ་ལེགས་བསྟན་པའི་འཁུར་རབ་འཛིན། །ཕྱོགས་ལས་རྣམ་རྒྱལ་ཕྱོགས་ཀྱི་གླང་པོ་ཆོས་ཀྱི་གྲགས་པ་ལ་ཕྱག་འཚལ། །རྒྱལ་བའི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི། །དགོངས་དོན་འབྱེད་ལ་གཞན་དྲིང་མི་འཇོག་ཅིང་། །རིགས་པའི་ང་རོས་ཕས་རྒོལ་ཀླད་འགེམས་པའི། །རིགས་སྨྲ་རིགས་པའི་དབང་ཕྱུག་རྣམ་གཉིས་རྒྱལ། །

ཞེས་གསུངས་པ་ལྟར། རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་ཡ་གྱལ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཡུལ་གང་དུ་འཁྲུངས་པ་ནི། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[6]། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཚད་མ་ལ་མཁས་པའི་མཆོག་ཏུ་གྱུར་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཞེས་ཡོངས་སུ་གྲགས་པའི་བདག་ཉིད་ཆེན་པོ་དེ་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སིངྒ་བཀྟ་ཅེས་བྱ་བར་བྲམ་ཟེའི་རིགས་སུ་འཁྲུངས། སྐུ་འཁྲུངས་ནས་རིང་པོར་མ་ལོན་པར་བྲམ་ཟེའི་རིག་བྱེད་ཐམས་ཅད་དང་། གཞན་ཡང་རིག་གནས་ཐམས་ཅད་ལ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། སྔོན་ཡུན་རིང་པོ་ནས་གོམས་པའི་བག་ཆགས་བརྟས་པས་འཁོར་བ་མཐའ་དག་མེ་འབར་བའི་རླུབས་ལྟར་གཟིགས་ནས། ངེས་འབྱུང་ཤུགས་དྲག་པོས་བྲམ་ཟེའི་རིགས་དང་། ལོངས་སྤྱོད་དང་སློབ་འཁོར་རྒྱ་ཆེན་པོ་ལ་མ་ཆགས་པར། གནས་མ་བུ་པའི་སྡེ་པའི་མཁན་པོ་གླང་པོ་བྱིན་ཞེས་བྱ་བ་ལས་རབ་ཏུ་བྱུང་། མཚན་ཕྱོགས་ཀྱི་གླང་པོར་གསོལ། མཁན་པོ་དེ་ཉིད་ལ་བརྟེན་ཏེ་གནས་མ་བུ་པའི་ལུགས་དང་མཐུན་པའི་སྡེ་སྣོད་གསུམ་ལ་མཁས་པར་བྱས་ཤིང་ཁྱད་པར་ལྷག་པོར་རྟོགས། ཞེས་གསུངས་པ་ལྟར་ཆོས་འབྱུང་མཁས་པའི་དགའ་སྟོན་དང་། བུ་སྟོན་ཆོས་འབྱུང་བཅས་སུའང་བྲམ་ཟེའི་རིགས་ལས་སྐུ་བལྟམས་པར་གསུངས་མོད། འོན་ཀྱང་ཚིག་མཛོད་ཆེན་མོ་ལ་ལར། དབྱིག་གཉེན་གྱི་རང་མཁས་ཀྱི་སློབ་མ་བཞིའི་ཡ་གྱལ་ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་རྒྱལ་རིགས་ཀྱི་སྲས་སུ་སྐུ་འཁྲུངས་ཚུལ་གསལ་བ་ལྟར་སློབ་དཔོན་ཕྱོགས་གླང་རིགས་གང་དུ་སྐུ་འཁྲུངས་མིན་ལ་བཞེད་ལུགས་མི་མཐུན་གཉིས་བྱུང་ངོ་།།

ཡང་ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[7]། ཚད་མ་རང་ལས་མཁས་པ་དཔལ་ལྡན་ཕྱོགས་ཀྱི་གླང་པོ་ནི། རིགས་བྲམ་ཟེ་གནས་མ་བུ་པའི་སྡེ་པའི་མཁན་པོ་རྒྱལ་བའི་དབང་པོ་ཞེས་བྱ་བ་ལས་རབ་ཏུ་བྱུང་། ཞེས་དང་། དེ་བཞིན་ཁྲི་མཚོ་མཁན་པོ་བློ་གྲོས་བཟང་པོས་ (1924-1986) སྦྱར་བའི་རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་ལྟ་བ་མདོར་བསྡུས་ལས[8]། ཅུང་ཟད་ནར་སོན་ནས་བརྡ་སྤྲོད་རིག་པ་ལ་སོགས་པའི་གཙུག་ལག་ཐམས་ཅད་ལ་ཤིན་ཏུ་མཁས་པར་སྦྱངས་ནས། དམ་པའི་བསྟན་པ་ལ་དད་པར་གྱུར་ནས་གནས་མ་བུའི་སྡེ་པའི་མཁན་པོ་རྒྱལ་བའི་དབང་པོ་ཞེས་བྱ་བ་ལས་རབ་ཏུ་བྱུང་སྟེ་བསླབ་པའི་གཞི་ལྔ་ལེགས་པར་བཟུང་ངོ་། །ཞེས་སློབ་དཔོན་རྒྱལ་བའི་དབང་པོ་ལས་རབ་ཏུ་བྱུང་བར་གསུངས་པས། མདོར་ན་མཁན་པོ་གླང་པོ་བྱིན་དང་། རྒྱལ་བའི་དབང་པོ་གང་གི་དྲུང་ནས་རབ་ཏུ་བྱུང་མིན་ལའང་འདོད་ལུགས་གཉིས་སུ་གསལ་ལོ།།

དེས་ན་སྔ་འགྱུར་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པོ་ཆེའི་གླེགས་བམ་མམ་ཡོངས་གྲགས་རྙིང་མའི་རྒྱུད་འབུམ་ལས[9]། འཛམ་བུའི་གླིང་མཛེས་པར་བྱེད་པའི་རྒྱན་གཞུང་བྱེད་པ་པོ་སྨྲ་བའི་སེངྒེ་ཕྱོགས་ཀྱི་གླང་པོ་ནི། རྒྱལ་རིགས་སུ་སྨྲ་བའང་ཡོད་མོད་ཀྱི་འདིར་རྒྱ་གར་བའི་གཏམ་གྱི་རྗེས་སུ་འབྲངས་ནས། ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སིངྒ་བཀྟ་ཅེས་བྱ་བ་ཀ་ཀེའི་ཡུལ་དང་ཉེ་བར་བྲམ་ཟེའི་རིགས་སུ་འཁྲུངས། ཕྱི་རོལ་པའི་གྲུབ་མཐའ་ལ་ལེགས་པར་བྱང་བ་ཞིག་ཉན་ཐོས་གནས་མ་བུའི་སྡེ་པའི་མཁན་པོར་གྱུར་པ་གླང་པོ་བྱིན་ནམ། ཁ་ཅིག་ཏུ་རྒྱལ་བའི་དབང་པོ་ཞེས་བྱ་བ་ལས་རབ་ཏུ་བྱུང་། ཞེས་གསུངས་པ་ལྟར་སློབ་དཔོན་ཕྱོགས་ཀྱི་གླང་པོ་རིགས་བྲམ་ཟེ་དང་རྒྱལ་རིགས་སུ་འཁྲུངས་པའི་འདོད་ལུགས་གཉིས་དང་། དེ་བཞིན་རབ་ཏུ་བྱུང་སའི་མཁན་པོ་གླང་པོ་བྱིན་དང་། རྒྱལ་བའི་དབང་པོ་ཞེས་བཞེད་ལུགས་གཉིས་བྱུང་བ་ལས་རིགས་ཀྱི་ཐད་རྒྱ་གར་བའི་གཏམ་རྒྱུད་དང་། ལྷག་པར་སྔོན་བྱོན་མཁས་པ་ཕལ་མོ་ཆེས་བྲམ་ཟེའི་རིགས་སུ་འདོད་པ་ལྟར་དང་། སློབ་དཔོན་ཕྱོགས་གླང་གི་མཚན་གྱི་ཆ་ནས་མཁན་པོ་གླང་པོ་བྱིན་ལས་རབ་ཏུ་བྱུང་བར་གསུངས་པ་ལྟར་འདོད་ན་ལེགས་སམ་སྙམ་པས་དཔྱད་པར་འཚལ་ལོ།།

མདོར་ན། འདིའི་རིགས་ནི་རིགས་བཞི་ལས་བྲམ་ཟེའི་རིགས་ཡིན་པར་བཤད་ཅིང་། རིགས་ཀྱི་ཆོ་ག་[10]རྣམས་བྱས་ཏེ། བྲམ་ཟེའི་ཐུན་མོང་གི་གཞུང་སྒྲ་རིག་གསོ་བ་སོགས་རིག་པའི་གནས་དང་། ལུགས་ཀྱི་བསྟན་བཅོས་སོགས་དང་། ཐུན་མོང་མ་ཡིན་པའི་གཞུང་རིག་བྱེད་ཀྱི་སྔགས་དང་། ཆོ་ག་དང་། བྲམ་ཟེའི་ལས་དྲུག་དང་། ནང་རིག་པ་བདག་གི་དངོས་པོ་སོགས་གཏན་ལ་འབེབས་པའི་གཞུང་རྣམས་ལ་མཁས་པར་སྦྱངས་སོ།།

རིག་པའི་གནས་ལ་སྦྱོང་བའི་ལོ་ཚད་ཀྱང་། ཕྱི་གཞུང་རྣམས་སུ་ལོ་ ༢༥ བར་ཡིན་པར་བཤད་ཅིང་། སློབ་དཔོན་འདིས་ཀྱང་ལོ་ཉི་ཤུ་ལྷག་ཙམ་དེ་སྐོར་སྦྱང་བར་གསལ་ལ། རབ་ཏུ་བྱུང་མ་ཐག་བསྙེན་པར་རྫོགས་ཏེ། མཚན་ཕྱོགས་ཀྱི་གླང་པོར་གསོལ་བར་ངེས་ཤིང་། དེ་ཉིད་བསྙེན་རྫོགས་ཀྱི་མཚན་ནོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཨཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ། ༼ཉ༽ ཤིང་དཔར། ཤོག་ ༡༩བ༡

[2]  འཛམ་གླིང་རྒྱས་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༩༣

[3]  རྒྱ་གར་རྒྱལ་རབས། སྨད་ཆ། ལྡི་ལི་བོད་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༡༥

[4]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༦༤

[5]  རེད་མདའ་བའི་བསྟོད་ཚོགས། ༼ང༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༦ན༤ ནས་ ༧བ༣ བར།

[6]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༨༥

[7]  ཀུན་མཁྱེན་ཆོས་འབྱུང་། ༼ཁ༽ ༼ཀ༽ དཔེ་གཟུགས། ཤོག་གྲངས་ ༥༡ན༦

[8]  རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་ལྟ་བ་མདོར་བསྡུས། དཔེ་རིང་། ཤོག་ ༣༧ན༥

[9]  རྙིང་མ་རྒྱུད་འབུམ། དཀར་ཆག །མཚམས་བྲག་དགོན་པའི་བྲིས་མ། དཔེ་གཟུགས། ཤོག་ ༣༣ན༣

[10]  རིགས་ཀྱི་ཆོ་ག་སྐྱེ་སྟོན་སོགས་ཆོ་ག་བཅུ་བདུན་ནོ།།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༤༥ ནས་ ༢༥༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *