ག༽ སློབ་དཔོན་ཕྱོགས་གླང་གི་སྐུ་ཡི་ཆ་ལུགས།

ག༽ སློབ་དཔོན་ཕྱོགས་གླང་གི་སྐུ་ཡི་ཆ་ལུགས།

 

དེ་ཡང་དཀོན་མཆོག་འཇིགས་མེད་དབང་པོས་ (1728-1791) མཛད་པའི་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་ལས[1]།

འཇམ་དཔལ་དབྱངས་ཀྱིས་དགྱེས་བཞིན་རྗེས་བཟུང་བས། །

ཕྱི་ནང་གཙུག་ལག་མ་ལུས་ཐུགས་སུ་ཆུད། །

ཡང་དག་རིགས་པས་ལྟ་ངན་དྲུངས་འབྱིན་པ། །

ཕྱོགས་ཀྱི་གླང་པོའི་ཞབས་ལ་ཕྱག་འཚལ་ལོ། །

ཞེས་བསྟོད་ཕྱག་མཛད་ཡུལ་སློབ་དཔོན་ཕྱོགས་ཀྱི་གླང་པོའི་སྐུ་ཡི་ཆ་ལུགས་ནི། བོད་ལུགས་བྲིས་ཐང་ལྟར་ན་སྐུ་མདོག་དཀར་ལ་དམར་མདངས་ཆགས་པ། གནས་ལྔ་རིག་པ་སྤྱི་དང་། ལྷག་པར་སྡེ་སྣོད་གསུམ། ཡང་སྒོས་ཚད་མ་རིག་པའི་གཞུང་ལ་མཁས་པའི་ཕུལ་དུ་བྱུང་བའི་མཚོན་བྱེད་དུ་དབུ་ལ་པཎ་ཞྭ་དམར་པོ་སྐེད་འཆིང་གསུམ་ལྡན་གསོལ་ཞིང་། རྟེན་དགེ་སློང་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་གྱིས་ལེགས་པར་བརྒྱན་པ། མུ་སྟེགས་ནག་པོ་ཐུབ་རྒྱལ་སོགས་དང་བསྟན་པ་རྒྱན་དུ་བཙུགས་ནས་རྩོད་པ་དྲག་ཏུ་མཛད་པའི་མཚོན་བྱེད་དུ་ཞལ་ཅུང་ཙམ་གཏུམ་པོའི་ཚུལ་དུ་ཕྱག་གཉིས་བརྒལ་བརྟག་གི་རྣམ་པ་ཅན་ལ་ཕྱག་གཡོན་དུ་ཕྲེང་བ་བཞེས་པའམ། འགའ་ཞིག་ཏུ་བརྒལ་བརྟག་གི་ཕྱག་རྒྱ་ལས་ཕྱག་ཕྲེང་མ་བསྣམས་པའང་མཆིས། བཞུགས་གདན་འབོལ་རྩེག་གི་སྟེང་དུ་ཞབས་གཉིས་ཅུང་ཟད་བརྐྱངས་པའི་ཚུལ་དུ་བཞུགས་ཤིང་། རྒྱབ་ལྗོངས་སུ་སྒྲུབ་པ་མཛད་ཡུལ་གྱི་ཨོ་ཌི་བི་ཤའི་[2]བྲག་ཕུག་གི་རྣམ་པ་ཅན་ནོ།།

གཞན་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཕེབས་གསལ[3]། སློབ་དཔོན་ཕྱོགས་གླང་དང་། དཔལ་ལྡན་ཆོས་གྲགས་རྣམ་གཉིས་ཀྱི་སྐུ་ཐང་འབྲི་བཞེངས་གནང་བ་དག་ཏུ་རྟགས་གསལ་གཏོང་བ་ལྟ་བུ་དང་། སྤྱན་ཟླུམ་ལ་ཁྲོ་ཞལ་ལྟ་བུ་འབྲི་སྲོལ་འདུག་པ་དེ་ལྟར་དགོས་པ་ཨེ་ཡོད་སྙམ། དེ་དག་བྱང་ཆུབ་སེམས་དཔའ་ཤ་སྟག་ཡིན་པས། དེ་ལྟར་བྲིས་པ་གང་ཡིན་མི་ཤེས། ཞེས་བཀའ་སྩལ་ལ། ཨ་མདོ་བྱམས་པ་ལགས་ཀྱིས་བྲིས་པའི་རི་མོའི་སྐོར་གྱི་དཔྱད་པ་སྔོན་མེད་བཟོ་བ་རིག་པའི་དགོངས་རྒྱན་ལས་[4]ཀྱང་། རྒྱན་དྲུག་མཆོག་གཉིས་ཀྱིས་ནང་གི་སྤངས་རྟོགས་ཀྱི་ཡོན་ཏན་གྱིས་འཛམ་གླིང་མཛེས་པར་བྱས་པ་ལས། ཕྱིའི་རྣམ་འགྱུར་ངར་ངར་བྱས་པས་མཛེས་པར་བྱས་པ་མ་ཡིན། ཁོང་ཚོས་དྲི་མ་མེད་པའི་རིགས་པའི་ལམ་ནས་ལོག་པར་སྨྲ་བ་མཐའ་དག་ཚར་བཅད་དེ་ཕན་བདེ་མ་ལུས་པ་འབྱུང་བའི་གཞི་མ་རྒྱལ་བའི་བསྟན་པ་འགྲོ་བ་ཀུན་གྱི་དོན་དུ་རྒྱས་པར་བྱས་པས། འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པ་རེད། དེང་སྐབས་ང་ཚོའི་རི་མོའི་འབྲི་སྟངས་ཤིག་ལ་སློབ་དཔོན་དེ་ཚོས་གཞན་ལ་རྩོད་པ་བྱེད་པའི་ཚེ་ང་རྒྱལ་དང་ཕྲག་དོག་གི་རྣམ་པ་ཡོད་པ། ཞལ་གདངས་ཤིང་མཆེ་བ་གཙིགས་ནས་ཡོད་པ། སྤྱན་གཉིས་མིག་ལོག་ལྟ་བའི་རྣམ་འགྱུར་ཡོད་པ། ཕྱག་གཉིས་རབ་ཏུ་རྒྱངས་ནས་སྐུ་གཟན་ལྷབ་ལྷུབ་གཡོ་བཞིན་པའི་རྣམ་པ་ཡོད་པ་བཅས་འབྲི་བ་ནི་རྒྱུ་མཚན་ཨེ་ཡོད་སྙམ། ཁོང་ཚོ་ནི་ས་ལ་གནས་པའི་སེམས་དཔའ་ཆེན་པོ་ཤ་སྟག་ཡིན་སྟབས། གོང་གསལ་གྱི་རྣམ་འགྱུར་དེ་ཚོ་ཁོང་རྣམ་པར་ཤིན་ཏུ་མི་འོས་པ་ཞིག་རེད། ཁོང་ཚོའི་སྐུའི་རྣམ་འགྱུར་ནི། མདོ་ལས།

བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །

ཞེས་གསུངས་པ་ལྟར་སྙིང་རྗེའི་ཤུགས་ཀྱིས་ཀུན་ནས་བསླངས་ཏེ་གཞན་རྗེས་སུ་འཛིན་པའི་རྣམ་པ་ཡོད་པ། དུལ་ཞིང་མཐོང་བ་ཙམ་གྱིས་ཡིད་དབང་མེད་དུ་དྲངས་ཐུབ་པ་ཞིག་ཡོད་པ་རེད། ལྷག་པར་དུ་ཞལ་ལ་སྤུ་ཡོད་པ། རྒྱ་མང་པོ་འབྲི་བའི་སྲོལ་ཡོད་ཀྱང་། སྤྱིར་ནང་པ་སངས་རྒྱས་པའི་རྗེས་འཇུག་གི་རབ་ཏུ་བྱུང་བ་རྣམས་ཀྱི་སྐྲ་ཚད་ལས་འདས་པ་དང་། ཁ་སྤུ་བཞག་མི་ཆོག་ན། ཁོང་ཚོས་དེ་ལས་ཀྱང་ཁ་སྤུ་དང་རྒྱ་ག་ལ་འཇོག །རྒྱན་དྲུག་མཆོག་གཉིས་ལ་པཎ་ཞྭ་གྱོན་པ་འབྲི་སྲོལ་འདུག་ཀྱང་ཀླུ་སྒྲུབ་ལ་མེད་པས་གཞན་ལའང་མེད་པ་ཤེས་ཐུབ་ཅེས་དགེ་ཆོས་གསུངས། ཞེས་གསལ་བ་དག་ལའང་ངེས་པར་བསམ་བློ་ཞིབ་ཏུ་གཏོང་དགོས་པ་ཞིག་གོ།

ཞིབ་འབྲི་མཛད་པའི་བྲིས་ཐང་ལ་ལར་རྗེ་བཙུན་འཇམ་དབྱངས་ཀྱིས་ཞལ་གཟིགས་རྗེས་སུ་བཟུང་བའི་མཛད་པ་མཚོན་བྱེད་སྟེང་དུ་རྗེ་བཙུན་འཇམ་དཔལ་དབྱངས་སྤྲིན་གསེབ་ནས་ཞལ་གཟིགས་བྱུང་བའི་རྣམ་པ་དང་། ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དང་བརྩམ་པར་དམ་བཅའ་མཛད་པ་ཙམ་གྱིས་ས་གཡོས་ཤིང་། སྒྲ་ཆེན་གྲགས་པ་དང་། མུ་སྟེགས་པའི་སྟོན་པ་ཐམས་ཅད་བྱིན་པ་ཤིང་ལྟར་རེངས་པ་སོགས་ཀྱི་མཛད་བཟང་མཚོན་སླད་མདུན་དུ་མུ་སྟེགས་བྲམ་ཟེའི་ཆ་བྱད་ཅན་ཞིག་དངངས་ཤིང་འཁོད་པ་དང་། དེ་བཞིན་ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དང་བརྩམ་པར་དམ་བཅའ་མཛད་པའི་སྐབས་མུ་སྟེགས་ནག་པོ་ཐུབ་རྒྱལ་གྱི་ཁ་ནས་མེ་ཕྱུང་སྟེ་སློབ་དཔོན་གྱི་ན་བཟའ་སོགས་ཚིག་པའི་རྣམ་ཐར་མཚོན་བྱེད་མདུན་ཟུར་དུ་མུ་སྟེགས་པ་ཁ་ནས་མེ་འབྱིན་བཞིན་པ་བཅས་ཀྱི་རྣམ་པ་ཅན་འབྲི་བཞེངས་གནང་སྲོལ་ཡོད་ལ། དེ་བཞིན་ཀརྨ་པ་ཆོས་གྲགས་རྒྱ་མཚོས་ (1454-1506) མཛད་པའི་འཕགས་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་དང་གངས་ཅན་བསྟན་པའི་རྒྱན་བཞི་ལ་བསྟོད་པ་ལས[5]།

རྨད་བྱུང་སྤོབས་པའི་ཚིག་གཅིག་གིས། །ས་ཆེན་རྣམ་པ་དྲུག་གཡོས་ནས། །

རྒོལ་ངན་སྤོབས་པ་རྒྱུད་བཅད་ནས། །ཕྱོགས་ཀྱི་གླང་པོའི་ཞབས་ལ་འདུད། །

ཅེས་གསུངས་པ་ལྟར་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མ་ཀུན་བཏུས་རྩོམ་པར་བཞེད་ནས་རྡོ་ཐལ་གྱིས་མཆོད་བརྗོད་བྲག་ལྡེབས་སུ་བྲིས་པ་སློབ་དཔོན་བསོད་སྙོམས་སུ་གཤེགས་ཤུལ་དུ་ལན་གཉིས་བར་བསུབས། གསུམ་པར་མཆོད་བརྗོད་དང་མཉམ་དུ་རྩོད་པར་འདོད་ན་གཟུགས་སྟོན་ཞེས་བྲིས་པ་དེས་མཐོང་སྟེ་བསྡད། སློབ་དཔོན་དང་བརྩད་པས་མི་སྨྲ་བའི་བརྟུལ་ཞུགས་ལ་བཀོད་པ་ན། ཁོ་འཁྲུག་སྟེ་ཁ་ནས་མེ་བཏང་ནས་སློབ་དཔོན་གྱི་ཡོ་བྱད་ཚིག་པར་བྱས་པས་སློབ་དཔོན་ཐུགས་སྐྱོ་སྟེ་སེམས་བསྐྱེད་གཏོང་བར་བརྩམས་པས། རྗེ་བཙུན་གྱིས་ཞལ་བསྟན་ནས་བཀག་པར་མ་ཟད། ད་དུང་ཚད་མ་ཀུན་བཏུས་མུ་མཐུད་རྩོམ་དགོས་པར་སྐུལ་བ་བཅས་ཀྱི་མཚོན་བྱེད་དུ་སློབ་དཔོན་རྩོད་པའི་རྣམ་པ་ལ་ཐུབ་རྒྱལ་ནག་པོའི་མེ་ལྕེ་འབར་བ། མདུན་གྱི་ནམ་མཁའི་སྤྲིན་གསེབ་ཏུ་རྗེ་བཙུན་འཇམ་དཔལ་དབྱངས་བཞུགས་པའི་རྣམ་པ་ཅན་ནོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ། ༼ཉ༽ བསྟོད་ཚོགས། དཔེ་རིང་ཤོག་ ༣༡ན༢ ནས་ ༣༡བ༦ བར།

[2]  ཀ་ལི་ཀ་ཏ་ནས་མེ་རྡི་ར་ས་ལ་འགྲོ་བའི་རེལ་ལི་ལ་ཞུགས་ཏེ་ཕྱིན་པས་ཐོག་མར་ཨོ་རི་ས་ལ་སླེབས། དེ་ནི་ཨོ་ཌི་བི་ཤའམ། ཀ་ལིང་ཀའི་ཡུལ་དེ་སྔོན་གསང་སྔགས་དར་བའི་གནས་ཡིན་ཅིང་། ད་དུང་ཡང་དེར་ནང་པའི་སྔགས་ཉམས་སུ་ལེན་པ་ཡོད་ཅེས་ཟེར། དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་རྒྱ་གར་གྱི་གནས་ཡིག་བསྡུས་པར་གསལ། (གནས་ཡིག་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་ ༣༦༥) དེ་བཞིན་དུང་དཀར་ཚིག་མཛོད་ཆེན་མོ་ (ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༢༢༠༤) ལས། ཡུལ་དེར་རྒྱ་མཚོའི་འགྲམ་དང་ཉེ་བ་ན་(པུ་རི་)ཛ་གད་ན་ཐ་བྱ་བའི་ཁྱབ་འཇུག་གི་ལྷ་ཁང་ངོ་མཚར་ཅན་དེ་ཡོད་ཅེས་གསུངས་སོ། །ཞེས་གསལ་ལོ།།

[3]  ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༢ ཉིན་ལ་དྭགས་ཟངས་དཀར་དུ་སྩལ་བའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད་ལས་ཟུར་འདོན་ཞུས་པའོ།།

[4]  མང་ཚོགས་སྒྱུ་རྩལ། དུས་དེབ། ༢༠༠༠ ལོའི་དེབ་དང་པོ། ཤོག་གྲངས་ ༦༣

[5]  བཀའ་བརྒྱུད་ཞལ་འདོན་ཕྱོགས་བསྒྲིགས། ཞང་ཀང་ཐེན་མཱ་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༦༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༢༣ ནས་ ༢༢༧ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *