ཛ༽ དབྱིག་གཉེན་གྱིས་མཛད་པའི་བསྟན་བཅོས།

ཛ༽ དབྱིག་གཉེན་གྱིས་མཛད་པའི་བསྟན་བཅོས།

 

དེ་ཡང་བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[1]། སའི་སྟོད་འགྲེལ་ལས་[2]ཀྱང་།

འཕགས་པ་ཐོགས་མེད་ཐུབ་པ་དཔག་བསམ་ཤིང་གྱུར་ལས། །

ཚིག་གི་ཡལ་ག་འཁྲུངས་ལས་ཡི་གེའི་མེ་ཏོག་གི །

ཆར་པས་རྣ་བརྒྱན་བློ་གཏེར་གྱུར་པ་དཔལ་ཡོན་ཅན། །

དེ་ཡི་གཅུང་པོ་དཔལ་ལྡན་དེ་ལ་ཕྱག་འཚལ་ལོ། །

ཞེས་བསྔགས་པའི་སློབ་དཔོན་དེས། བཀའ་འཁོར་ལོ་དང་པོ་བསྟན་པའི་གཞིར་བཤད་ནས། རིགས་པའི་མཚོན་རྣོན་པོས་བཤིག་པ་ཆོས་མངོན་པའི་མཛོད་རྩ་འགྲེལ་དང་། འཁོར་ལོ་བར་པའི་དོན་སེམས་ཙམ་དུ་སྟོན་པ་རྒྱལ་བའི་ཡུམ་གྱི་གཞུང་འགྲེལ་དང་། འཁོར་ལོ་ཐ་མ་ངེས་དོན་དུ་བཤད་པ་རབ་ཏུ་བྱེད་པ་སྡེ་བརྒྱད་དང་། གཞན་ཡང་ས་བཅུ་པའི་མདོ་དང་། བློ་གྲོས་མི་ཟད་པས་བསྟན་པ་དང་། ག་ཡ་གོ་རིའི་མདོ་དང་། སྒོ་དྲུག་པའི་གཟུངས་དང་། ཆོས་བཞི་པའི་མདོ་ལ་སོགས་པའི་མདོ་འགྲེལ་མང་པོ་དང་། ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་ལ་སོགས་པ་བསྟན་བཅོས་མང་དུ་མཛད་དོ། །བརྒྱད་སྟོང་འགྲེལ་པར་ཡང་[3]། འཕགས་པ་ཐོགས་མེད་ཅེས་བྱ་གྲགས་པ་གསལ་ལྡན་ཤེས་རབ་ལྡན་པའི་མཆོག་གྱུར་པས། །དེ་ཉིད་རྣམ་པར་ངེས་པ་བཤད་པ་རབ་ཏུ་སྦྱར་མཛད་དེས་མཛད་པ་ཡི་མཐུས། །དངོས་དང་དངོས་མེད་རྣམ་དབྱེའི་ཕྱོགས་ལ་མཁས་པར་ཤེས་པའི་མངོན་རློམ་གྱིས་མཐོ་བ། །སློབ་དཔོན་དབྱིག་གཉེན་གྱིས་ནི་གཞུང་གི་འགྲེལ་པར་དོན་བཤད་པ་ལས་གནས་ཐོབ་གྱུར། །ཅེས་གསུངས་སོ།།

དེ་བཞིན་རྒྱ་གར་གྱི་སློབ་དཔོན་དོན་དམ་པའི་ (499-569) འགྱུར་དབྱིག་གཉེན་གྱི་རྣམ་ཐར་ལས། སློབ་དཔོན་ཐོགས་མེད་འདས་ནས། དབྱིག་གཉེན་གྱིས་ཐེག་པ་ཆེན་པོའི་འགྲེལ་པའི་བསྟན་བཅོས་ཏེ། མདོ་ཕལ་པོ་ཆེའི་འགྲེལ་པ་དང་། མྱ་ངན་ལས་འདས་པའི་མདོའི་འགྲེལ་པ་དང་། དམ་ཆོས་པདྨ་དཀར་པོའི་འགྲེལ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་། དྲི་མ་མེད་པར་གྲགས་པས་བསྟན་པའི་མདོའི་འགྲེལ་པ་དང་། ལྷ་མོ་དཔལ་ཕྲེང་གི་སེང་གེའི་སྒྲའི་མདོ་འགྲེལ་སོགས་ཐེག་པ་ཆེན་པོའི་མདོ་འགྲེལ་རྣམས་ནི་སློབ་དཔོན་འདིས་མཛད་པ་ཡིན་ལ། གཞན་ཡང་། སེམས་ཙམ་གྱི་བསྟན་བཅོས། ༼སེམས་ཙམ་སུམ་ཅུ་པ་དང་། སེམས་ཙམ་ཉི་ཤུ་པ།༽ ཐེག་ཆེན་བསྡུས་པའི་འགྲེལ་པ། དཀོན་མཆོག་གསུམ་རིགས་ཀྱི་བསྟན་བཅོས། བདུད་རྩིའི་སྒོ་ཞེས་པའི་བསྟན་བཅོས་སོགས་ཐེག་ཆེན་གྱི་བསྟན་བཅོས་མང་པོ་དག་མཛད་དོ། །ཞེས་གསུངས་སོ།།

གཞན་ཡང་པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་སློབ་དཔོན་དབྱིག་གཉེན་ཞབས་ཀྱི་རྟོགས་བརྗོད་བསྟན་པ་ལ་འཇུག་པའི་ཡིད་བཞིན་མཛོད་སྒོ་ལས[4]།

མཁྱེན་ལྡན་ཁྱོད་ཀྱི་གཞུང་རྩོམ་སྐབས་ཀྱི་ཚེ། །

ཉན་ཐོས་བསྟན་པ་ཕལ་ཆེར་དྲི་མས་སྦགས། །

ཐེག་ཆེན་བསྟན་པ་ཤར་ཡང་མ་དར་བར། །

གཟིགས་ནས་ཐེག་གསུམ་བསྟན་བཅོས་མང་དུ་མཛད། །

ཅེས་གསུངས་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[5]། དེ་ནས་རྗེ་བཙུན་བྱམས་མགོན་གྱི་བཀའ་བཞིན་ཐེག་པ་ཆེན་པོའི་མདོ་འགྲེལ་རྣམས་རིམ་གྱིས་མཛད་དེ་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་གི་གནད་རྣམས་ཞིབ་ཏུ་སྟོན་པ་མདོ་སྡེ་རྒྱན་གྱི་འགྲེལ་པ་དང་། དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པ། ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ། ཐེག་བསྡུས་ཀྱི་འགྲེལ་པ། ཆོས་ཐམས་ཅད་རྣམ་རིག་ཙམ་དུ་སྟོན་པ་སུམ་ཅུ་པའི་ཚིག་ལེའུར་བྱས་པ། ཕྱི་རོལ་གྱི་དོན་འགོག་པ་ཉི་ཤུ་པའི་ཚིག་ལེའུར་བྱས་པ། ཉི་ཤུ་པའི་རང་འགྲེལ། རང་བཞིན་གསུམ་ངེས་པར་བསྟན་པ། ཕུང་པོ་ལྔའི་རབ་ཏུ་བྱེད་པ། རྣམ་པར་བཤད་པའི་རིགས་པ་མདོ་སྡེའི་དུམ་བུ་བརྒྱ་པ། རྣམ་པར་བཤད་པའི་རིགས་པ། ལས་གྲུབ་པའི་རབ་ཏུ་བྱེད་པ། ཐེག་པ་ཆེན་པོའི་ཆོས་བརྒྱ་གསལ་བའི་བསྟན་བཅོས། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ། དེའི་རང་འགྲེལ། བསྟན་བཅོས་ཚིགས་སུ་བཅད་པ་བསྡུས་པ། དེའི་རང་འགྲེལ། དཀོན་མཆོག་གསུམ་གྱི་བསྟོད་པ། སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ། ཡོན་ཏན་བདུན་བརྗོད་པའི་གཏམ། ཚུལ་ཁྲིམས་ཀྱི་གཏམ། ཚོགས་ཀྱི་གཏམ། སངས་རྒྱས་རྗེས་སུ་དྲན་པའི་འགྲེལ་པ། ཆོས་རྗེས་སུ་དྲན་པའི་འགྲེལ་པ། དགེ་འདུན་རྗེས་སུ་དྲན་པའི་འགྲེལ་པ། འདོད་པའི་ཡོན་ཏན་ལྔའི་ཉེས་དམིགས་བཤད་པ། ཚིགས་སུ་བཅད་པ་གཅིག་པའི་བཤད་པ། ག་ཡ་གོ་རིའི་མདོའི་བཤད་པ། མདོ་སྡེ་ས་བཅུ་པའི་རྣམ་པར་བཤད་པ། བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ། རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བཤད་པ། མདོ་སྡེ་ས་བཅུ་པའི་འགྲེལ་པ། བཟང་སྤྱོད་སྨོན་ལམ་གྱི་འགྲེལ་པ་རྣམས་མཛད་དོ། །ཞེས་གསུངས་པ་ལྟར། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བསྟན་བཅོས་ལ་མཚོན་ན།

༡) དཀོན་མཆོག་གསུམ་གྱི་བསྟོད་པ་དང་། ༢) འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ། ༣) འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་དང་། ཉི་ཁྲི་ལྔ་སྟོང་པ་དང་། ཁྲི་བརྒྱད་སྟོང་པའི་རྒྱ་ཆེར་བཤད་པ། ༤) འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་གནས་བདུན་གྱི་རྒྱ་ཆེར་འགྲེལ་པ། ༥) སངས་རྒྱས་རྗེས་སུ་དྲན་པའི་འགྲེལ་པ། ༦) ཚིགས་སུ་བཅད་པ་གཅིག་པའི་བཤད་པ། ༧) འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ། ༨) འཕགས་པ་ཆོས་བཞི་པའི་རྣམ་པར་བཤད་པ། ༩) ག་ཡ་གོ་རིའི་མདོའི་རྣམ་པར་བཤད་པ། ༡༠) འཕགས་པ་མདོ་སྡེ་ས་བཅུ་པའི་རྣམ་པར་བཤད་པ། ༡༡) འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ། ༡༢) རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོའི་རྣམ་པར་དབྱེ་བ་བཤད་པ། ༡༣) འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་པ། ༡༤) དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པ། ༡༥) ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་གྱི་བཤད་པ། ༡༦) དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ། ༡༧) ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་འགྲེལ་པ། ༡༨) ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ། ༡༩) ཐེག་བསྡུས་ཀྱི་གནས་དང་པོའི་བཤད་པ། ༢༠) ཐམས་ཅད་རིག་ཙམ་དུ་སྟོན་པ་སུམ་ཅུ་པའི་ཚིག་ལེའུར་བྱས་པ། ༢༡) ཕྱི་རོལ་གྱི་དོན་འགོག་པ་ཉི་ཤུ་པའི་ཚིག་ལེའུར་བྱས་པ། ༢༢) ཉི་ཤུ་པའི་འགྲེལ་པ། ༢༣) རང་བཞིན་གསུམ་ངེས་པར་བསྟན་པ། ༢༤) ཕུང་པོ་ལྔའི་རབ་ཏུ་བྱེད་པ། ༢༥) རྣམ་པར་བཤད་པའི་རིགས་པའི་མདོ་སྡེའི་དུམ་བུ་བརྒྱ། ༢༦) རྣམ་པར་བཤད་པའི་རིགས་པ། ༢༧) ལས་གྲུབ་པའི་རབ་ཏུ་བྱེད་པ། ༢༨) ཐེག་པ་ཆེན་པོའི་ཆོས་བརྒྱ་གསལ་བའི་སྒོའི་བསྟན་བཅོས། ༢༩) ཕུང་པོ་ལྔའི་བཤད་པ། ༣༠) ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ། ༣༡) དེའི་རང་འགྲེལ་ཆོས་མངོན་པའི་མཛོད་ཀྱི་བཤད་པ། ༣༢) བསྟན་བཅོས་ཚིགས་སུ་བཅད་པ་བསྡུས་པ། ༣༣) ཚིགས་སུ་བཅད་པའི་དོན་བསྡུས་པ་ཞེས་བྱ་བའི་བསྟན་བཅོས། ༣༤) གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ། ༣༥) ཡོན་ཏན་བདུན་ཡོངས་སུ་བརྗོད་པའི་གཏམ། ༣༦) ཚུལ་ཁྲིམས་ཀྱི་གཏམ། ༣༧) ཚོགས་ཀྱི་གཏམ། ༣༨) འདོད་པའི་ཡོན་ཏན་ལྔའི་ཉེས་དམིགས་བཤད་པ། ༣༩) འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དགེ་སློང་རབ་གསལ་གཞོན་ནུ་ལ་སྤྲིངས་པའི་འཕྲིན་ཡིག་བཅས་ཆོས་ཚན་ཁག་ ༣༩ བཞུགས་ལ། བསྟན་བཅོས་འདི་དག་གི་ཁྲོད་ནས་རེ་གཉིས་ལས་ཕལ་མོ་ཆེ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བོད་སྐད་དུ་བསྒྱུར་བ་ཡིན་ནོ།།

གཞན་ཡང་པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་སློབ་དཔོན་དབྱིག་གཉེན་ཞབས་ཀྱི་རྟོགས་བརྗོད་བསྟན་པ་ལ་འཇུག་པའི་ཡིད་བཞིན་མཛོད་སྒོ་ལས[6]།

ཐེག་གསུམ་དཔག་བསམ་འཚོ་བའི་རྣམ་དཔྱོད་ཀྱི། །

རྩ་ལག་རབ་རྒྱས་བསྟན་བཅོས་དུ་མའི་བདག །

དབྱིག་གཉེན་ཞེས་བྱར་གྲགས་པའི་རྔ་བོ་ཆེ། །

ཀུན་གྱི་རྣ་བར་སིམ་མཛད་དེ་ལ་འདུད། །

ཅེས་བསྔགས་པ་སློབ་དཔོན་དབྱིག་གཉེན་གྱིས་སེམས་ཙམ་པའི་བསྟན་བཅོས་མཛད་ཡུལ་ནི། ཐང་སན་ (603-664) ལམ་ཡིག་ལས[7]། ཙ་ཀ་རའི་གྲོང་རྙིང་ནང་དུ་གཙུག་ལག་ཁང་གཅིག་ལ་དགེ་འདུན་བརྒྱ་ལྷག་ཙམ་ཉན་ཐོས་སྡེ་པ་ཁོ་ན་གནས། སྔོན་སློབ་དཔོན་དབྱིག་གཉེན་གྱིས་རྒྱལ་པོས་དོན་དམ་བདེན་པ་བསྟན་པའི་མདོ་འགྲེལ་མཛད་པའི་གནས་ཡིན་ཟེར་བ་སྣང་། ཞེས་གསལ་བ་ལྟར་མདོ་འགྲེལ་མཛད་ཡུལ་ནི་ཙ་ཀ་ར་གྲོང་ཁྱེར་གསར་རྙིང་གཉིས་ལས་རྙིང་པའི་གཙུག་ལག་ཁང་དུ་ཡིན་པར་གསལ་ལ། དེ་བཞིན་དེ་ཉིད་ལས། ཨ་ཡོདྷྱ་སྟེ་འཐབ་པ་མེད་པའི་ ༼ས་འདིར་གྲོང་ཁྱེར་སཱ་ཀེ་ཏམ྄་སྟེ་གནས་བཅས་ཀྱང་ཟེར།༽ རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་དེའི་ནང་དུ་གནའ་བོའི་གཙུག་ལག་ཁང་ཞིག་མཆིས་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་དབྱིག་གཉེན་ལོ་བཅུ་ཙམ་ལ་བཞུགས་ཏེ་ཐེག་པ་ཆེ་ཆུང་གི་གཞུང་སྣ་ཚོགས་རྩོམ་པའི་གནས་སོ། །དེའི་འགྲམ་ན་གནའ་བོའི་ཁང་ཤུལ་ཞིག་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའ་དབྱིག་གཉེན་གྱིས་རྒྱལ་པོ་དང་། ཕྱོགས་བཞི་ནས་ལྷགས་པའི་པཎྜི་ཏ་དང་། དགེ་སྦྱོང་དང་། བྲམ་ཟེ་རྣམས་ལ་ཆོས་ཀྱི་དོན་རྒྱ་ཆེར་བཀྲོལ་བའི་གནས་སོ། །ཞེས་གསལ་ལ། ཡང་དེ་ཉིད་ལས[8]། གཙུག་ལག་ཁང་དེའི་ཤར་ལྷོའི་མཚམས་སུ་སོ་ཕག་གི་ཁང་པ་ཤིན་ཏུ་ཆེ་བ་ཞིག་ཡོད་པ་ནི། སྔོན་བྱང་ཆུབ་སེམས་དཔའ་དབྱིག་གཉེན་བཞུགས་ཏེ། སེམས་ཙམ་གྱི་བསྟན་བཅོས་མཛད་དེ་ཐེག་ཆུང་སུན་ཕྱུང་མུ་སྟེགས་ཚར་བཅད་པར་མཛད་དོ། །ཞེས་གསལ་བ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༥༦

[2]  བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼འི༽ དེབ་ཨང་། ༧༥ པ། ཤོག་གྲངས་ ༡༨༩

[3]  བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཆ༽ དེབ་ཨང་ ༥༡ པ། ༢༠༠༨ ལོ། ཤོག་གྲངས་ ༨༩༢

[4]  དབྱིག་གཉེན་གྱི་རྟོགས་བརྗོད། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་བཀའ་འབུམ། ༼མ༽ དཔེ་རིང་། ཤོག་ ༩བ༥

[5]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༨༡

[6]  དབྱིག་གཉེན་གྱི་རྟོགས་བརྗོད། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་བཀའ་འབུམ། ༼མ༽ དཔེ་རིང་། ཤོག་ ༩བ༤

[7]  ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༠༦

[8]  ཐང་སན་ལམ་ཡིག །ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༡༢༧

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༥༡ ནས་ ༡༥༦ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *