ཉ༽ མངོན་པ་མཛོད་ལྗགས་རྩོམ་མཛད་ཚུལ་དང་བརྗོད་བྱ།

ཉ༽ མངོན་པ་མཛོད་ལྗགས་རྩོམ་མཛད་ཚུལ།

 

དེ་ཡང་པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་སློབ་དཔོན་དབྱིག་གཉེན་ཞབས་ཀྱི་རྟོགས་བརྗོད་བསྟན་པ་ལ་འཇུག་པའི་ཡིད་བཞིན་མཛོད་སྒོ་ལས[1]།

བདེན་བཞིའི་ཆོས་དང་བདེན་གཉིས་རྣམ་དབྱེ་བ། །

ཐུབ་བསྟན་ཡོངས་ཀྱི་རྩ་བར་མཁྱེན་གྱུར་ནས། །

གྲུབ་མཐའ་རྣམ་བཞིའི་དྲང་ངེས་མ་ལུས་ཕྱེ། །

འདུལ་བའི་ལུང་དང་ཉན་ཐོས་མདོ་སྡེའི་གཞུང༌། །

གྲུབ་མཐའ་སྨྲ་བས་མཐུན་པར་འཛིན་མོད་ཀྱང༌། །

མངོན་པའི་བསྟན་བཅོས་དྲི་མས་རྙོགས་གྱུར་པ། །

ལུང་དང་རིགས་པས་བླང་དོར་གསལ་བར་མཛད། །

ཆོས་ཀྱི་བདག་མེད་ཕལ་ཆེར་མངོན་པའི་ལུགས། །

གང་ཟག་བདག་མེད་མདོ་སྡེའི་གཞུང་བཞིན་དུ། །

གསལ་མཛད་བསྟན་བཅོས་མངོན་པའི་མཛོད་ཆེན་དེ། །

ཉི་མ་ཇི་བཞིན་འཛམ་གླིང་ཀུན་ལ་གསལ། །

ཞེས་དང་། འཕགས་ཡུལ་གྱི་སློབ་དཔོན་གྲགས་པ་བཤེས་གཉེན་གྱིས་མཛད་པའི་ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་ལས་[2]ཀྱང་།

ཆོས་མངོན་མཛོད་ཅེས་བྱ་བ་འདི། །དོན་དམ་བསྟན་བཅོས་མཛད་སྒོ་ནས། །

སྟོན་པའི་མཛད་པ་འདྲ་མཛད་པ། །བློ་ལྡན་རྣམས་མཆོག་འཇིག་རྟེན་གྱི། །

སངས་རྒྱས་གཉིས་པ་ལྟར་བརྗོད་གང་། །འགྲོ་བའི་ཡང་དག་གཉེན་འགྱུར་པ། །

དབྱིག་གཉེན་ཞེས་བྱ་དེས་མཛད་དོ། །

ཞེས་གསུངས་པ་ལྟར་མཁས་མཆོག་སློབ་དཔོན་དབྱིག་གཉེན་གྱིས་ཆོས་མངོན་པ་མཛོད་སོགས་བསྟན་བཅོས་མང་དུ་མཛད་ཚུལ་ནི། མཆིམས་འཇམ་པའི་དབྱངས་ཀྱིས་ (1210-1285) མཛད་པའི་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མངོན་པའི་རྒྱན་ལས[3]། སློབ་དཔོན་ཆེན་པོ་དེས་ཡེ་ཤེས་ལ་འཇུག་པ་ལ་སོགས་པ་མངོན་པ་སྡེ་བདུན་དང༌། བྱེ་བྲག་ཏུ་བཤད་པ་ཆེན་པོའི་དོན་རྣམས་ལེགས་པར་བསྡུས་ཏེ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་ཚུལ་རྣམ་པར་བཤད་ནས་དེ་དག་གིས་རྣམ་པར་བརྟགས་པའི་ལུགས་ལུང་དང་རིགས་པ་ལས་འོངས་པ་མ་ཡིན་པ་འགའ་ཞིག་དགག་པའི་ཚིག་གི་ཟུར་དང་བཅས་པའི་བསྟན་བཅོས་འདི་མཛད་པ་ཡིན་ནོ། །ཞེས་བྱུང་ངོ་།།

དེ་བཞིན་མཁས་གྲུབ་རིན་པོ་ཆེས་ (1385-1438) མཛད་པའི་རྒྱུད་སྡེ་སྤྱི་རྣམ་ལས[4]། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ལ། མདོ་སྡེ་རྒྱན། དབུས་མཐའ་རྣམ་འབྱེད། ཆོས་དང་ཆོས་ཉིད་རྣམ་འབྱེད་གསུམ་གྱི་འགྲེལ་པ། རྣམ་བཤད་རིགས་པ། ལས་སྒྲུབ་པའི་རབ་ཏུ་བྱེད་པ། ཕུང་པོ་ལྔའི་རབ་ཏུ་བྱེད་པ། ཉི་ཤུ་པ་དང་། སུམ་ཅུ་པའི་རབ་བྱེད་དེ་པྲ་ཀ་ར་ཎ་སྡེ་བརྒྱད་དོ། །ཁ་ཅིག་ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་མི་འདྲེན་པར་རྟེན་འབྲེལ་གྱི་མདོ་འགྲེལ་འདྲེན་ནོ། །རང་ལུགས་ལ་བརྒྱད་དུ་མ་ངེས་ཏེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ལ། རྟེན་འབྲེལ་གྱི་མདོའི་འགྲེལ་པ་དང་། ས་ལུ་ལྗང་པའི་མདོའི་འགྲེལ་པ་དང་། མདོ་སྡེ་ས་བཅུ་པའི་འགྲེལ་པ་དང་། ཐེག་བསྡུས་ཀྱི་འགྲེལ་པ་དང་། རྗེས་དྲན་གསུམ་གྱི་འགྲེལ་པ་ལ་སོགས་པ་མང་པོ་ཡོད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་བསྟན་བཅོས་མང་དུ་མཛད་པ་ལས། ཆོས་མངོན་པ་མཛོད་མཛད་ཚུལ་ལ་བཞེད་པ་མི་མཐུན་པ་མང་དུ་མཆིས་སོ།།

དེ་ཡང་འཕགས་པ་ཐོགས་མེད་དང་དབྱིག་གཉེན་གཉིས་ཀྱི་བྱུང་བ་བརྗོད་པ་ལས[5]། སློབ་དཔོན་གྱིས་ཕྱི་རོལ་པའི་གཞུང་ལུགས་ཕམ་པར་བྱས་པས། རྒྱལ་པོས་གསེར་གྱི་ཀར་ཤ་པ་ན་སྟོང་ཕྲག་སུམ་ཅུའི་བྱ་དགའ་གནང་ཞིང་། སློབ་དཔོན་གྱིས་གསེར་དེས་གཙུག་ལག་ཁང་ཆེན་པོ་གསུམ་བཞེངས་ཤིང་། རང་གི་གཞུང་དང་གྲངས་ཅན་པའི་གཞུང་དེ་གཉིས་པར་དུ་བསྐྲུན་ནས་ཕྱོགས་ཀུན་ཏུ་བཀྲམ། དེ་ནས་སློབ་དཔོན་ལྷའི་བཤེས་གཉེན་གྱིས་རང་ཡུལ་དུ་རྒྱལ་བསྟན་སྤེལ་བར་ཐོག་མར་བྱེ་བྲག་བཤད་མཛོད་ལ་གཟིགས་རྟོག་མཛད་ཅིང་། དེའི་དོན་ལ་ངེས་པ་རྙེད་པའི་རྗེས་སུ་སློབ་མ་རྣམས་ལ་དེའི་བཤད་ཁྲིད་རྒྱས་པར་གནང་ཞིང་། ཉིན་རེ་རེ་བཞིན་བྱེ་བྲག་བཤད་མཛོད་ཀྱི་དོན་འགྲེལ་བའི་ཤླཽ་ཀ་རེ་རེ་མཛད་ཅིང་། ཟངས་ཀྱི་བྱང་བུ་ལ་བརྐོས་ནས་གླང་པོ་ཆེའི་སྐེར་བཏགས་ཏེ་གྲོང་དང་གྲོང་ཁྱེར་ཀུན་ལ་འཁྱམ་དུ་བཅུག་ཅིང་། ཁོ་བོའི་རྩོམ་འདི་ལ་དགག་པ་ཐོངས་ཤིག་ཅེས་བསྒྲགས་སོ། །དེ་ལྟར་མཛད་པས་ཤླཽ་ཀ་དྲུག་བརྒྱ་[6]ལྷག་བྱུང་ཞིང་དགག་པ་གཏོང་མཁན་མ་བྱུང་ངོ་། །ཟངས་ཀྱི་བྱང་བུ་རེ་རེ་ལ་ཤླཽ་ཀ་རེ་བྲིས་པའི་གཞུང་དེ་ནི་ཆོས་མངོན་པ་མཛོད་ཀྱི་རྩ་བ་ཡིན་ལ། རྩོམ་གྲུབ་རྗེས་ཁ་ཆེའི་ཡུལ་གྱི་བྱེ་བྲག་སྨྲ་བའི་སློབ་དཔོན་རྣམས་ལ་སྤྲིངས་ཤིང་། དེ་རྣམས་ཀྱིས་ཁོ་བོ་ཅག་གི་གཞུང་ལུགས་རྣམས་རྒྱས་པར་བྱས་སོ་ཞེས་དགའ་སྤྲོ་སྐྱེས་ཀྱང་དོན་རྣམས་གོ་དཀའ་བས་རང་འགྲེལ་ཞིག་ཅིས་ཀྱང་རྩོམས་ཤིག །ཅེས་བསྐུལ་བས་ཆོས་མངོན་པ་མཛོད་ཀྱི་རང་འགྲེལ་བརྩམས་ནས་དཀའ་གནད་རྣམས་གསལ་བར་བཀྲལ་ཏེ་ཁ་ཆེ་ཡུལ་དུ་སྤྲིངས་སོ་ཞེས་དང་། ཡང་དེ་ཉིད་ལས[7]། གོང་ཞུས་སློབ་དཔོན་ལྷའི་བཤེས་གཉེན་ཞེས་པ་དེ་ནི་ཐོགས་མེད་ཀྱི་གཅུང་པོ་དབྱིག་གཉེན་ཞེས་པ་དེ་ཡིན་ལ། ཐོགས་མེད་ལས་ལོ་བཅུས་ཆུང་བར་གྲགས་ཤིང་། ལྷན་སྐྱེས་ཀྱི་ཤེས་རབ་ཆེ་ཞིང་མཁྱེན་རྒྱ་ཡངས་ལ་རྩོད་པ་ལ་ཡང་ཤིན་ཏུ་མཁས་པར་གྲགས། ཞེས་བྱུང་བ་ལྟར་རོ།།  །།

 

༡༽ ཆོས་མངོན་པ་མཛོད་ཀྱི་བརྗོད་བྱ།

 

དེ་ཡང་གཉན་དགོན་སྤྲུལ་སྐུ་གསུང་རབ་པས་ (1903-1957) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ལས[8]།

ཆོས་མངོན་རྒྱ་མཚོའི་གཏིང་མཐའ་གཟིགས་པའི་སྤྱན། །

གང་ལ་མངའ་བས་ཀུན་མཁྱེན་གཉིས་པ་ཞེས། །

གྲགས་པ་ས་གསུམ་སྐྱེ་དགུའི་རྣ་རྒྱན་དུ། །

གདགས་མཛད་ཡོན་ཏན་ཕུང་པོ་དབྱིག་གི་གཉེན། །

ཞེས་བསྔགས་པ་ཀུན་མཁྱེན་གཉིས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཆོས་མངོན་པ་མཛོད་ཀྱི་བརྗོད་བྱར་མཚོན་ན། མཁས་གྲུབ་དགེ་ལེགས་དཔལ་བཟང་ (1385-1438) གིས་མཛད་པའི་རྒྱུད་སྡེ་སྤྱི་རྣམ་ལས[9]། དང་པོ་ལ་བཀའ་དང་པོ་ནས་གསུངས་པའི་ལྟ་བའི་ཆ་གཙོ་བོར་སྟོན་པའི་བསྟན་བཅོས་དང་། དེ་ལས་གསུངས་པའི་སྤྱོད་པའི་ཆ་གཙོ་བོར་སྟོན་པའི་བསྟན་བཅོས་གཉིས་སོ། །དེ་ལ་དང་པོ་ནི། མངོན་པ་སྡེ་བདུན་དང་། དེའི་དོན་བསྡུས་པའི་བྱེ་བྲག་ཏུ་བཤད་པ་ཆེན་པོ། དེའི་དོན་བསྡུས་པ་མངོན་པ་མཛོད་རྩ་བ་རང་འགྲེལ་དང་བཅས་པ་སྟེ། ཞེས་དང་། མཆིམས་མཛོད་ལས། ཟག་བཅས་ཟག་མེད་ཀྱི་ཆོས་རྣམས་ནི་འདིའི་བརྗོད་བྱ་དང་། ཞེས་གསུངས་པ་ལྟར་རོ།།

གཞན་ཡང་མཆིམས་འཇམ་པའི་དབྱངས་ཀྱིས་ (1210-1285) མཛད་པའི་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མངོན་པའི་རྒྱན་གྱི་སྔོན་གླེང་ངོ་སྤྲོད་ནང་[10]། དེ་ལྟ་ནའང་མཛོད་རྩ་བར་བདག་འགོག་གི་སྐོར་སྤྱི་དང་བྱེ་བྲག་ཏུ་གནས་མ་བུ་པའི་བརྗོད་མེད་ཀྱི་གང་ཟག་འདོད་པ་ལ་དགག་བཞག་སྐབས་གང་དུའང་མ་འཁོད་པས་དབྱིག་གཉེན་རང་གིས་མཛོད་རང་འགྲེལ་མཛད་པའི་སྐབས་གང་ཟག་དགག་པ་བསྟན་པ་ཞེས་མཛོད་གནས་དགུ་པ་ཆེད་དུ་བརྩམས་པས་མཛོད་གནས་དགུ་པ་འདི་ཐེག་པ་ཐུན་མོང་བའི་ལུགས་ཀྱི་གང་ཟག་བདག་མེད་གཏན་ལ་འབེབས་པའི་གཞུང་ཆེས་མཆོག་ཏུ་གྱུར་པ་ཞིག་ཡིན། སློབ་དཔོན་གྱིས་སྤྱིར་ཆོས་མངོན་པ་མཛོད་འདི་ཐམས་ཅད་ཡོད་སྨྲ་སྤྱི་དང་། ཁྱད་པར་ཁ་ཆེ་བྱེ་སྨྲའི་ལུགས་སུ་མཛད་ནའང་སྐབས་མང་པོར་ཐམས་ཅད་ཡོད་སྨྲའི་ཐུན་མོང་མ་ཡིན་པའི་གྲུབ་མཐའི་རིགས་པ་དང་འགལ་བར་སྣང་བ་རྣམས་སྟོན་པའི་མཇུག་ཏུ་ལོ་གྲག་ཟེར་ཞེས་སོགས་ཅུང་ཟད་མ་རངས་པའི་ཚིག་བཀོད་ལ། ཕྱིས་མཛོད་ཀྱི་རང་འགྲེལ་མཛད་སྐབས་གནད་འདི་གསལ་དུ་བཏང་སྟེ་བྱེ་སྨྲའི་ཐུན་མོང་མ་ཡིན་པའི་འདོད་པ་མང་པོ་ཞིག་ལ་དམིགས་ཀྱིས་དགག་པ་བྱུང་བར་བརྟེན་བོད་དུ་སྔོན་གྱི་མཁས་པའི་གསུང་སྲོལ་ལ་མཛོད་རྩ་བ་རང་ལུགས་ཁ་ཆེ་བྱེ་སྨྲ་ཡིན་ཀྱང་། མཛོད་རང་འགྲེལ་མདོ་སྡེ་པའི་ལུགས་སུ་གནས་པར་གསུངས་པ་དོན་ལ་གནས་པར་སེམས། ཞེས་གསལ་ལོ།།

གཞན་ཡང་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་བརྩམས་པའི་ཆོས་མངོན་པའི་ལྟ་གྲུབ་འཕེལ་རིམ་འབྲེལ་ཡོད་དང་བཅས་པའི་དཔྱད་ཞིབ་མཆིམས་མཛོད་མཛེས་རྒྱན་ལས[11]། དེ་རྗེས་སློབ་དཔོན་ཆོས་སྐྱོབ་ཀྱིས་མཛད་པ་ལོ་ཙཱ་བ་དགེ་འདུན་གོ་ཆས་ཕྱི་ལོ་ ༤༣༤ ལོར་བསྒྱུར་བ་ཆོས་མངོན་ཕྲན་ཚེགས་སྙིང་པོ་ནི། མངོན་མཛོད་ཀྱི་བཤད་བྱ་རྩ་བའི་གཞུང་དངོས་ཡིན་པའི་ཆ་ནས་གྲགས་ཆེ། དེའི་ཚུལ་ཡང་ཁི་མུ་ར་ཐ་ཨི་ཁེང་གི་བཞེད་པ་བསྡུས་བསྒྱུར་བྱས་ཏེ་བརྗོད་ན་སློབ་དཔོན་དབྱིག་གཉེན་ཡོངས་སུ་གྲགས་པའི་མཁས་པ་ཆེན་པོ་ཡིན་རུང་། གཞི་བཅོལ་སའི་བསྟན་བཅོས་ཤིག་མེད་པར་རང་དབང་དུ་བསྟན་བཅོས་རྩོམ་མ་ཐུབ་པར་བརྟེན། ཆོས་མངོན་ཕྲན་ཚེགས་སྙིང་པོར་དངོས་སུ་གཞི་བཅོལ་ཏེ་མངོན་མཛོད་བརྩམས། ཞེས་པས་མཚོན་དེ་གཉིས་ལ་མཚུངས་ཆོས་མང་པོ་བཞུགས་པའི་རྣམ་པར་དག་པའི་སྒྲུབ་བྱེད་མང་དུ་གསུངས་པས་མཁས་པ་རྣམས་ཀྱིས་བཞེད་པ་དེ་འཐད་ཕྱོགས་སུ་འཛིན། དང་པོ་གནས་འདྲ་བ་ནི། ཆོས་མངོན་ཕྲན་ཚེགས་སྙིང་པོའི་གནས་རྣམས་ནི། ༡ ཁམས་བསྟན་པ། ༢ འདུ་བྱེད་བསྟན་པ། ༣ ལས་བསྟན་པ། ༤ ཕྲ་རྒྱས་བསྟན་པ། ༥ འཕགས་པའི་གང་ཟག་བསྟན་པ། ༦ ཡེ་ཤེས་བསྟན་པ། ༧ ཏིང་ངེ་འཛིན་བསྟན་པ། ༨ མདོ་བསྟན་པ། ༩ ཕྲན་ཚེགས་བསྟན་པ། ༡༠ རབ་ཏུ་རྣམ་འབྱེད་བསྟན་པ། ༡༡ ཆོས་གཏམ་བསྟན་པ་བཅས་སོ།།

མངོན་མཛོད་ཀྱི་གནས་རྣམས་ནི། ༡ ཁམས་བསྟན་པ། ༢ དབང་པོ་བསྟན་པ། ༣ འཇིག་རྟེན་བསྟན་པ། ༤ ལས་བསྟན་པ། ༥ ཕྲ་རྒྱས་བསྟན་པ། ༦ ལམ་དང་གང་ཟག་བསྟན་པ། ༧ ཡེ་ཤེས་བསྟན་པ། ༨ སྙོམས་འཇུག་བསྟན་པ་བཅས་ཡིན་ལ། ཆོས་མངོན་ཕྲན་ཚེགས་སྙིང་པོའི་གནས་གཉིས་པར་སེམས་བྱུང་བསྟན་ཅིང་། དེ་ནི་མཛོད་གནས་གཉིས་པར་བསྟན་པས་གནས་ལོགས་སུ་མ་བཞུགས། ཆོས་མངོན་ཕྲན་ཚེགས་སྙིང་པོའི་ལེའུ་འགའ་ཤས་ཀྱི་བརྗོད་དོན་བསྡུས་ཏེ་མཛོད་གནས་གསུམ་པ་གསར་རྩོམ་མཛད། ཆོས་མངོན་ཕྲན་ཚེགས་སྙིང་པོའི་གནས་བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ་རྣམས་ཀྱི་བརྗོད་དོན་གལ་ཆེ་མིན་པས་མཛོད་གནས་ལོགས་སུ་མ་བརྩམས་སོ།།

གཉིས་པ་ཤླཽ་ཀ་འདྲ་བ་ནི། མཆོད་བརྗོད་དང་བསྔོ་བ་བཅས་ཀྱི་ཤླཽ་ཀ་བཅུ་གཉིས་མ་བརྩིས་ན་ཆོས་མངོན་ཕྲན་ཚེགས་སྙིང་པོར་ཤླཽ་ཀ་ལྔ་བརྒྱ་དགུ་བཅུ་གོ་དྲུག་བཞུགས་ཤིང་། མངོན་མཛོད་ལའང་ཤླཽ་ཀ་དྲུག་བརྒྱ་བཞུགས་པས་ན་ཤོ་ལོ་ཀའི་གྲངས་འབོར་ཡང་ཕལ་ཆེར་གཅིག་པ་ཡིན་པ་དང་། རྒྱུ་མཚན་གཞན་ཡང་ཆོས་མངོན་ཕྲན་ཚེགས་སྙིང་པོའི་ཤླཽ་ཀ་ཕྱེད་གཉིས་སམ་ཤླཽ་ཀ་འགའ་ཤས་ཀྱི་བསྟན་དོན་མཛོད་ཀྱི་ཤླཽ་ཀ་གཅིག་གི་ནང་བསྡུས་པ་དང་། ཆོས་མངོན་ཕྲན་ཚེགས་སྙིང་པོའི་ཚིག་ལྷུག་འགའ་ཤས་ཀྱི་བསྟན་དོན་བརྗོད་བྱར་མཛད་དེ་མཛོད་དུ་ཚིགས་བཅད་གསར་པ་བརྩམས་ཡོད།

རྒྱུ་མཚན་གསུམ་པ་ནི། ཆོས་མངོན་ཕྲན་ཚེགས་སྙིང་པོ་མཛད་མཁན་གྱི་ཆོས་སྐྱོབ་དང་། སློབ་དཔོན་དབྱིག་གཉེན་གཉིས་ཀ་གན་དྷ་རར་བཞུགས་གདན་འཇགས་མྱོང་ཡོད་པ་ལ་བརྟེན་ནས་ཁོང་གཉིས་ཀྱི་བར་འབྲེལ་བ་ཡོད་པ་ཤེས་ནུས། ཧྱན་ཙང་གི་རྒྱ་གར་ལམ་ཡིག་ལྟར་ན། ཆོས་མངོན་ཕྲན་ཚེགས་སྙིང་པོ་མཛད་མཁན་གྱི་ཆོས་སྐྱོབ་གན་དྷ་རའི་པུ་རུ་ཤ་པུ་ར་ལ་བཞུགས་ཤིང་། རྒྱལ་པོ་ཀ་ནི་ཤྐ་ཡིས་བཞེངས་པའི་དགེ་འདུན་གྱི་གཙུག་ལག་ཁང་གི་ངོས་ཤིག་ཏུ་བཞུགས་ཏེ་དེར་མངོན་མཛོད་བརྩམས། པུ་ཤྐ་ར་ཝ་ཏཱི་དང་། པུ་རུ་ཤ་པུ་ར་གཉིས་ས་ཐག་ཉེ་པོ་ཡོད་པས་སློབ་དཔོན་དབྱིག་གཉེན་གྱིས་ཕལ་ཆེར་གནས་དེར་སློབ་དཔོན་ཆོས་སྐྱོབ་ཀྱི་བསྟན་བཅོས་ལྗགས་ཀློག་མཛད་པར་མངོན་ནོ། །ཞེས་འཁོད་ཡོད།

མཆིམས་འཇམ་པའི་དབྱངས་ཀྱིས་ (1210-1285) མཛད་པའི་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མངོན་པའི་རྒྱན་གྱི་སྔོན་གླེང་ངོ་སྤྲོད་སྤྱི་བཤད་ནང་[12]། འདུས་བཟང་གིས་མཛད་པར་གྲགས་པའི་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པའི་བཤད་པ་ཞེས་པ་འདི་ནི་སྡེ་དགེ་བསྟན་འགྱུར། མངོན་པ་ ༼ཁུ༽ ནང་བཞུགས་ཤིང་། གཞུང་འདི་རྒྱས་བསྡུས་མཛོད་རང་འགྲེལ་དང་ཤིན་ཏུ་འདྲ་ཞིང་། འདིར་མཛོད་འགྲེལ་གནས་དགུ་པ་མི་བྱུང་བ་ལས། གཞན་དུ་ནི་སྐབས་སྐབས་སུ་ཚིག་རེ་གཉིས་ཙམ་མ་གཏོགས་གཞུང་ཡོངས་རྫོགས་ཧ་ལམ་མཛོད་རང་འགྲེལ་བཤུས་པ་ལྟ་བུར་འདུག་པས་དཔྱད་གཞི་ཆེ། ཞེས་བཀོད་ཡོད། ཁོ་བོས་སློབ་དཔོན་ཆོས་སྐྱོབ་ཀྱིས་མཛད་པའི་ཆོས་མངོན་ཕྲན་ཚེགས་སྙིང་པོ་དེ་འབད་པ་ལྷུར་ལེན་གྱི་ལམ་ནས་བསྟན་འགྱུར་གྱི་དཀར་ཆག་རྣམས་ལ་ཞིབ་ཏུ་བཙལ་ཀྱང་འདྲེན་བྱེད་ཀྱི་ལམ་དུ་མ་གྱུར་ལ། ལ་ལས་བོད་འགྱུར་གནང་མེད་པར་གསུངས་པ་བདེན་པར་སྣང་། མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་མཁས་མཆོག་ཁི་མུ་ར་ཐ་ཨི་ཁེང་གི་བཞེད་པ་བསྡུས་བསྒྱུར་བྱས་ཏེ་བརྗོད་པ་རྣམས་བསྐྱར་ལྡབ་ཀྱི་ཚུལ་དུ་བཀོད་ཅིང་། དབྱིག་གཉེན་གྱིས་མངོན་པ་མཛོད་མཛད་ཚུལ་ཐད་ལོ་རྒྱུས་སྨྲ་བ་དག་གིས་སོ་སོའི་བཞེད་ཚུལ་མང་དུ་བཀོད་གནང་ཡོད་པས། འདིར་མཐའ་དཔྱད་ཀྱི་ཚུལ་དུ་སྡོམ་ཚིག་འགོད་པར་མི་ནུས་ཀྱང་། དབྱིག་གཉེན་གྱིས་མངོན་པ་མཛོད་མཛད་པ་རྩོད་པ་མེད་ལ། ཀུ་མ་ར་ཇི་བས་ (344-413) བསྒྱུར་བའི་ཐོགས་མེད་སྐུ་མཆེད་ཀྱི་བྱུང་རབས་ནང་གསལ་མངོན་པ་མཛོད་མཛད་ཚུལ་གྱི་ལོ་རྒྱུས་དག་ཕལ་ཆེར་ཡིད་རྟོན་དུ་རུང་བ་ནི་དམ་པ་གང་ཉིད་སློབ་དཔོན་དབྱིག་གཉེན་དང་དུས་རབས་གཅིག་མཚུངས་ནང་འཁེལ་བས་དེ་ལྟར་ཡིན་པར་སེམས་སོ།།[13]

གཞན་ཡང་མངོན་པ་མཛོད་མཛད་ཡུལ་ནི། ཐང་སན་ (603-664) ལམ་ཡིག་ལས[14]། དགེ་སློང་རྩིབ་ལོགས་སྡེ་སྣོད་གསུམ་ལ་སྦྱངས་པ་མཐར་ཕྱིན། ཁམས་གསུམ་གྱི་རྩ་བ་བཅད་མངོན་ཤེས་དྲུག་དང་རྣམ་ཐར་བརྒྱད་ཐོབ་པས། ཐམས་ཅད་ངོ་མཚར་དུ་གྱུར་ཏོ། །ཁོང་གི་བཞུགས་གནས་ལ་དགེ་སློང་རྩིབ་ལོགས་ཀྱི་བཞུགས་གནས་ཞེས་ཡི་གེར་བྲིས་ནས་དྲན་གསོ་བྱེད། དེའི་ཤར་ལོགས་སུ་དབྱིག་གཉེན་གྱིས་ཆོས་མངོན་པ་མཛོད་བརྩམས་པའི་གནས་ཁང་ཡོད་དོ། །ཞེས་བྱུང་ལ། མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས་[15]ཀྱང་། དེ་ཡང་བྲམ་ཟེ་ལོ་བརྒྱད་ཅུ་ལོན་པ་ཞིག་རབ་ཏུ་བྱུང་བར་གཞོན་ནུ་དག་གིས་བརྙས་པས་ང་རྒྱལ་སྐྱེས་ཏེ། གློ་ས་ལ་ཕབ་པ་སྤངས་ནས་བརྩོན་པ་དྲག་པོ་བྱས། དགྲ་བཅོམ་པ་ཐོབ་པ་ན་དཀའ་ཐུབ་ཀྱིས་ཤ་ཟད་པས་རྩིབ་རུས་འབའ་ཞིག་མངོན་པ་ལ་པཱནྭ་སྟེ་རྩིབ་ལོགས་སུ་གྲགས་པས་གཙོ་མཛད་ནས། དགྲ་བཅོམ་པ་ལྔ་བརྒྱར་གཅིག་གིས་མ་ཚང་བ་ལ་བྲམ་ཟེ་པ་ཎིའི་སློབ་མ་ཞིག་གིས་ཁ་བསྐངས་ཏེ། བཀའ་བསྡུ་བའི་སྦྱིན་བདག་རྒྱལ་པོ་འདིས་བྱས་པ་བཀའ་བསྡུ་བཞི་པའམ་ཐ་མར་གྲགས་པ་བྱས། ཡུལ་དེར་ཀཥྞི་ཀའི་གཙུག་ལག་ཁང་བྱ་བ་བརྩིགས་པ་དེར་ཕྱིས་ཙ་ན་དགེ་སློང་མཁས་པ་མ་ནོ་ཏ་ཐ་བྱ་བ་བྱུང་ནས་བྱེ་བྲག་ཏུ་བཤད་པ་བརྩམས་ཤིང་། དབྱིག་གཉེན་ཡང་དེའི་མཁན་བུ་ཡིན་ཟེར། ཞེས་གསལ་ལོ།།

གཞན་ཡང་རྒྱའི་སྡེ་སྣོད་འཛིན་པ་ཡཱི་ཅེན་ (635-713) གྱིས་མཛད་པའི་རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་ལས[16]། ལྷོ་མཚོར་འབྱོར་བ་དང་། ལེགས་སྦྱར་གྱི་སྐད་དང་ཡི་གེར་སྦྱང་བརྩོན་ལྷོད་མེད་བསྟེན། མངོན་པ་མཛོད་གཞུང་ཆད་མེད་དུ་སྐྱོར་ཀློག་གནང་། ཡུན་རིང་མ་འགོར་བར་ཁཱོན་ལོན་སྐད་ལ་བྱང་ཆ་ཐོན་པ་དང་ལེགས་སྦྱར་གྱི་གཞུང་ལ་མཁས་པར་གྱུར། ན་སོ་གཞོན་ཡང་དམ་ཆོས་སྤེལ་བའི་འདུན་པ་དང་ལྡན་ཞིང་བརྩོན་འགྲུས་ཤིན་ཏུ་ཆེ་བས། ཁོང་གི་དགེ་རྒན་ལ་ཕྱག་རོགས་ཀྱིས་ཡིག་སྒྱུར་གནང་། སྐབས་དེར་བཙུན་པ་ཁོང་ལོ་གྲངས་བཅུ་བདུན་ལས་སོན་མི་འདུག །ཅེས་གསལ་བ་ལྟར། སྡེ་སྣོད་འཛིན་པ་ཡཱི་ཅེན་ནི་ཕྱི་ལོ་ ༦༧༢ ལོར་རྒྱ་གར་འཕགས་ཡུལ་དུ་ཕེབས་ཏེ་སློབ་གཉེར་མཛད་ནས་ཕྱི་ལོ་ ༦༩༥ ལོར་རྒྱ་ནག་ཏུ་ཕྱིར་ལོག་ཕེབས་པ་ཡིན། ཁོང་གིས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད་ཉིན་ལྟར་ཞལ་འདོན་མཛད་ཚུལ་གསལ་བ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  དབྱིག་གཉེན་གྱི་རྟོགས་བརྗོད། ཤཱཀྱ་མཆོག་ལྡན་གྱི་བཀའ་འབུམ། ༼མ༽ དཔེ་རིང་། ཤོག་ ༩བ༢ ནས་ ༡༡ན༦ བར།

[2]  བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼གུ༽ དེབ་ཨང་ ༨༠ པ། ༢༠༠༨ ལོ། ཤོག་གྲངས་ ༣

[3]  མཆིམས་མཛོད། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༣

[4]  མཁས་གྲུབ་རྗེའི་གསུང་འབུམ། ༼བ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༥

[5]  ཀུ་མ་ར་ཇི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞིས་བོད་ཡིག་ལ་བསྒྱུར། སྦྲང་ཆར། ༢༠༠༥ ལོའི་དེབ་ཕྲེང་། ༼༣༽  ཤོག་ ༡༤༢

[6]  ད་ལྟ་བསྟན་འགྱུར་བཞུགས་པའི་མངོན་པ་མཛོད་ཀྱི་གཞུང་ཚད་ལའང་དེ་ལྟར་མཆིས་སོ།།

[7]  ཀུ་མ་ར་ཇི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞིས་རྒྱ་ཡིག་ལ་བསྒྱུར། སྦྲང་ཆར། ༢༠༠༥ ལོའི་དེབ་ཕྲེང་། ༼༣༽  ཤོག་ ༡༤༣

[8]  གཉན་དགོན་སྤྲུལ་སྐུ་གསུང་རབ་པའི་གསུང་རྩོམ། ༼༣༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ ལོ། ཤོག ༤༡༣

[9]  རྒྱུད་སྡེ་སྤྱི་རྣམ། བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༢༩༩

[10]  མཆིམས་མཛོད་མངོན་པའི་རྒྱན། བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་། ༢༠༠༩ ལོ། ཤོག་གྲངས་ xxiv

[11]  དེབ་ཐེར་སེར་པོ། གངས་ལྗོངས་ནང་རིག་མཐུན་ཚོགས། ༡༩༩༢ ལོ། ཤོག་གྲངས་ ༢༦

[12]  མཆིམས་མཛོད་མངོན་པའི་རྒྱན། བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༣༥

[13]  རྩོམ་པ་པོ་ཨཅཱརྱ་གཟི་གཡང་། http://theyungdrungbon.com/2014/04/ གཞིར་བྱས་ཏེ་བཀོད་པའོ།།

[14]  ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༧༤

[15]  དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༣༡༦

[16]  རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༩༧

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༨༥ ནས་ ༩༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *