༣༽ དབྱིག་བཤེས་དང་དབྱིག་གཉེན་གཅིག་མིན།
དེ་ཡང་རྫོགས་ཆེན་མཁན་ཆེན་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོས་ (1899-1959) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ཨུ་དུམ་ཝ་རའི་ཆུན་འཕྱང་ལས[1]།
མང་ཐོས་མཁྱེན་རབ་མ་དྲོས་མཚོ་ཆེན་ལས། །
བདེན་བཞིའི་གཞུང་ལུགས་ཁ་འབབ་རྒྱུན་སྤྲོས་པས། །
ཀུན་རྨོངས་དྲི་མ་དག་བྱེད་མཁས་པའི་ཕུལ། །
སངས་རྒྱས་གཉིས་པ་དབྱིག་གི་གཉེན་ལ་འདུད། །
ཅེས་བསྔགས་པ་སངས་རྒྱས་གཉིས་པར་གྲགས་པའི་སློབ་དཔོན་དབྱིག་གཉེན་དང་། མངོན་པ་སྡེ་བདུན་མཛད་པ་པོ་དགྲ་བཅོམ་པ་བདུན་གྱི་ནང་ཚན་བཙུན་པ་དབྱིག་བཤེས་གཉིས་གང་ཟག་གཅིག་དང་ཐ་དད་གང་ཡིན་ཐད་བཞེད་ཚུལ་མི་མཐུན་པ་འདི་ལྟར་མཆིས་ཏེ། སྔོན་བྱོན་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ཀྱིས་བསྒྲིགས་པའི་དཀར་ཆག་འཕང་ཐང་མ་ལས[2]། གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ་སློབ་དཔོན་བྷ་སུ་བན་དྷུས་མཛད་པ། ཞེས་གསལ་ལ། དེ་བཞིན་བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[3]། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ་ཤུ་ལོ་ཀ་དེ་རྣམས་བཙལ་བར་བྱའོ། །ཞེས་གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ་མཛད་པ་པོ་ནི། བྷ་སུ་བན་དྷུ་སྟེ་སློབ་དཔོན་དབྱིག་གཉེན་ཡིན་པར་བསྟན་འགྱུར་གྱི་དཀར་ཆག་སྔ་ཕྱི་དང་། ཆོས་འབྱུང་སོགས་སུ་གསུངས་ནའང་། བསྟན་འགྱུར་དུ་བཞུགས་པའི་གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོའི་མཛད་བྱང་ལས[4]། བཙུན་པ་དབྱིག་གི་བཤེས་གཉེན་གྱིས་མཛད་པ་རྫོགས་སོ། །ཞེས་དང་། དེ་བཞིན་སྡེ་དགེ་བསྟན་འགྱུར་དཀར་ཆག་ལས་[5]ཀྱང་། སློབ་དཔོན་དབྱིག་གི་བཤེས་གཉེན་གྱིས་མཛད། ཅེས་མཛད་བྱང་དང་སྡེ་བསྟན་དཀར་ཆག་གཉིས་སུ་དབྱིག་གི་བཤེས་གཉེན་ཏེ་ཚིག་བསྡུས་བྱས་ན་དབྱིག་གཉེན་ལའང་གོ་རུང་ཡང་། ཡོངས་གྲགས་སུ་དབྱིག་བཤེས་ལ་གོ་བ་ལྟར། དབྱིག་བཤེས་ཀྱིས་མཛད་པར་གསལ་བས། གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོའི་མཛད་པ་པོའི་མཚན་ལ་བཙུན་པ་དབྱིག་བཤེས་དང་སློབ་དཔོན་དབྱིག་གཉེན་གཉིས་ཀྱི་མཚན་གསལ་བར་མ་ཟད། སློབ་དཔོན་དེ་གཉིས་གང་ཟག་གཅིག་དང་ཐ་དད་གང་ཡིན་ལ་འདོད་ལུགས་གཉིས་མཆིས་སོ།།
གཞན་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[6]། རིན་ཆེན་གྲགས་པས་དབུ་མ་འཇུག་པ་ལ་འགྲེལ་བཤད་བྱས་པར་གྲགས་ཤིང༌། དབྱིག་བཤེས་ཀྱིས་ཀྱང་མངོན་པ་མཛོད་ལ་འགྲེལ་བཤད་[7]བྱས། འདི་སྡེ་པ་བཅོ་བརྒྱད་ཀྱི་གཞུང་ལུགས་བྱེ་བྲག་བཀོད་པའི་འཁོར་ལོ་ཞེས་བྱ་བ་རྩོམ་མཁན་དེ་ཡིན་ནོ། །ཞེས་གསུངས་པ་ལྟར་སློབ་དཔོན་དབྱིག་གི་བཤེས་གཉེན་དང་། དབྱིག་བཤེས་ཞེས་པ་ནི་མཚན་རྒྱས་བསྡུས་ཙམ་ལས་དོན་ལ་སློབ་དཔོན་དབྱིག་བཤེས་ཀྱི་མཚན་གྱི་རྣམ་གྲངས་ཡིན་པར་གསལ། མངོན་པ་མཛོད་དང་གཞུང་ལུགས་བྱེ་བྲག་བཀོད་པའི་འཁོར་ལོ་གཉིས་ཀྱི་མཛད་པ་པོ་གཅིག་ཡིན་པ་དང་། དེ་ཡང་དབྱིག་བཤེས་ཡིན་པར་གསུངས་པས། ཡོངས་གྲགས་གཞུང་ལུགས་བྱེ་བྲག་བཀོད་པའི་འཁོར་ལོ་ནི། སློབ་དཔོན་དབྱིག་གཉེན་གྱིས་མཛད་པར་བཞེད་པ་ལྟར་ན། དབྱིག་བཤེས་ཞེས་པ་སློབ་དཔོན་དབྱིག་གཉེན་གྱི་མཚན་གྱི་རྣམ་གྲངས་ཡིན་པ་ལྟ་བུར་བཞེད་དོ།།
འཕགས་པ་ཐོགས་མེད་དང་དབྱིག་གཉེན་གཉིས་ཀྱི་བྱུང་བ་བརྗོད་པ་ལས[8]། ཨ་ཡུར་ཙཱ་ཞེས་པའི་རྒྱལ་ཁབ་ཅིག་ནས་སློབ་དཔོན་མཁས་པ་ཞིག་ཡོད་ལ་དེའི་མཚན་ལ་བ་སུ་སྭ་བྷ་དྷ་ར་ཟེར། དེ་ནི་བློ་རིག་ཤིན་ཏུ་རྣོ་ལ་བློ་འཛིན་ཕུལ་དུ་བྱུང་བ་ཞིག་ཡིན། དེས་མངོན་པ་སྐབས་བརྒྱད་པ་དང་། བྱེ་བྲག་བཤད་མཛོད་བསླབ་པའི་ཕྱིར་དུ་སྨྱོན་པའི་ཟོལ་བྱས་ནས་ཁ་ཆེའི་ཡུལ་དུ་སོང་། ཞེས་སློབ་དཔོན་དབྱིག་གཉེན་གྱི་ལེགས་སྦྱར་མཚན་ལ་བ་སུ་སྭ་བྷ་དྷ་ར་ཞུ་བ་དང་། དེ་ཡང་ཨ་ཡུར་ཙཱ་ནས་ཡིན་པ། ཨ་ཡུར་ཙཱ་ཞེས་པ་དེ་ཉིད་རྒྱལ་ཁབ་གཞན་ཞིག་ཡིན་ཚུལ་གསལ་བ་འདི་དག་ནི་མགོ་རྙོག་གི་རྒྱུ་ལས་ལས་མ་འདས་སོ།།
དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[9]། དེའི་གཅུང་པོ་སློབ་དཔོན་བ་སུ་མི་ཏྲ་[10]དབྱིག་གི་བཤེས་གཉེན་ནི། སྔོན་རང་རྒྱལ་མང་པོས་ཆོས་མངོན་པ་དར་བར་སྨོན་ལམ་བཏབ་ཅིང་། ལུང་སྨན་གྱི་གཞི་ལས་ལྷག་མཐོང་དང་རྗེས་སུ་མཐུན་པའི་གནས་མལ་གྱི་མཆོག་ཏུ་ལུང་བསྟན་པ་ཁ་ཆེའི་ཡུལ་དུ་བྱོན། སློབ་དཔོན་འདུས་བཟང་བསྟེན། མངོན་པ་སྡེ་བདུན་དང་བྱེ་བྲག་ཏུ་བཤད་པ་སོགས་གསན་པས་ཚེགས་མེད་པར་མཁྱེན། རྒྱ་གར་དུ་བྱོན་པས་ལམ་དུ་ཤོ་གམ་པའི་གནོད་སྦྱིན་གྱིས་ལྷ་རྟེན་ལན་གསུམ་འཕྲོགས་པས་ཟློག་ཀྱང་ཆོས་བློ་ལ་ཡོད་པ་དབྲལ་དུ་མ་བཏུབ་པས་བཏང༌། ཞེས་སཾ་བོད་གཉིས་ཀའི་མཚན་དུ་དབྱིག་བཤེས་བཀོད་ཡོད་ཀྱང་། ཁ་ཆེའི་ཡུལ་དང་། སློབ་དཔོན་འདུས་བཟང་། མངོན་པ་སྡེ་བདུན་དང་བཅས་པ་གསན་པ་སོགས་ཀྱི་རྣམ་ཐར་ནི་དབྱིག་གཉེན་གྱི་རྣམ་ཐར་ཡིན་པས་ཉ་ཉུང་མཉམ་འདྲེས་ལྟ་བུར་གྱུར་ཡོད། འདི་ལྟར་ཐོག་མར་མཚན་གྱི་དག་སྡེབ་དང་། ལེགས་སྦྱར་ནས་བོད་སྒྱུར་སོགས་སུ་འཁྲུལ་གཞི་བྱུང་བ་དང་། དེ་ནས་གང་ཟག་ལ་འཁྲུལ་གཞི་བྱུང་བ། དེ་ནས་དེས་མཛད་པའི་གཞུང་ལ་འཁྲུལ་གཞི་བྱུང་བ། དེ་ནས་མཛད་པ་པོའི་སློབ་དཔོན་གྱི་རྣམ་ཐར་ལ་འཁྲུལ་གཞི་བྱུང་བ་སོགས་ནོར་བ་གཅིག་གིས་སྣེ་དྲངས་ནས་གཅིག་མཇུག་གཉིས་མཐུད་ལྟ་བུའི་ནོར་འཁྲུལ་བྱུང་ཡོད་འདུག
འོན་ཀྱང་། རྒྱ་གར་ཆོས་འབྱུང་ལས[11]། དུས་དེ་ཙམ་ན་གྲོང་ཁྱེར་གནས་བཅས་སུ་དགེ་སློང་བརྩོན་འགྲུས་ཆེན་པོ་ཞེས་བྱ་བ་དང༌། ཡུལ་ཝཱ་རཱ་ཎ་སཱིར་བྱེ་བྲག་ཏུ་སྨྲ་བའི་བཙུན་པ་ཆེན་པོ་སངས་རྒྱས་ལྷ་དང༌། ཁ་ཆེའི་ཡུལ་དུ་མདོ་སྡེ་བའི་སློབ་དཔོན་ཆེན་པོ་བཙུན་པ་དཔལ་ལེན་རྣམས་བྱུང་སྟེ། དེ་དག་གིས་ཉན་ཐོས་ཀྱི་ཐེག་པ་དར་བར་བྱས་སོ། །དེ་ལ་བཙུན་པ་ཆོས་སྐྱོབ་དང༌། དབྱངས་སྒྲོག་དང༌། དབྱིག་བཤེས་དང༌། སངས་རྒྱས་ལྷ་སྟེ་བཞི་པོ་དེ་ལ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཆེན་པོ་བཞི་ཞེས་གྲགས་ཏེ། རེ་རེ་ལའང་སློབ་མ་འབུམ་ཕྲག་བགྲངས་པ་ཡོད་པར་གྲགས་སོ། །བྱེ་བྲག་ཏུ་སྨྲ་བའི་ལུང་ནི་སྤེལ་མ་གསུམ་གྱི་ཕྲེང་བ་དང༌། གདམས་ངག་བརྒྱ་པ་ཞེས་པ་ཡིན་ཏེ། སློབ་དཔོན་ཆེན་པོ་དེ་རྣམས་ཀྱིས་རྒྱས་པར་བྱས་སོ།།
འདིའི་ཆོས་སྐྱོབ་ནི་ཆེད་དུ་བརྗོད་པའི་ཚོམས་སྡུད་པ་པོ་ཆོས་སྐྱོབ་དང༌། འདིའི་དབྱིག་བཤེས་ཀྱང་བསྟན་བཅོས་རབ་ཏུ་བྱེད་པ་བྱེད་མཁན་གྱི་དབྱིག་བཤེས་དང༌། གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ་བྱེད་མཁན་དབྱིག་བཤེས་གཉིས་ནི་མིང་གཅིག་པ་ཙམ་དུ་ཟད་པས་གཅིག་ཏུ་འཁྲུལ་བར་མི་བྱའོ། །ཞེས་བསྟན་བཅོས་རབ་ཏུ་བྱེད་པ་མཛད་པ་པོའི་དབྱིག་བཤེས་དང་། གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ་མཛད་པ་པོའི་དབྱིག་བཤེས་གཉིས་ནི་མཚན་མཚུངས་པ་ཙམ་ལས། སློབ་དཔོན་ཐ་དད་ཡིན་པས་གཅིག་ཏུ་འཁྲུལ་བར་མི་བྱའོ་ཞེས་གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ་མཛད་པ་པོའི་དབྱིག་བཤེས་ནི་བསྟན་བཅོས་རབ་ཏུ་བྱེད་པ་མཛད་པ་པོའི་དབྱིག་བཤེས་མིན་པར་གསུངས་པས། དོན་ལ་དབྱིག་གཉེན་ཡིན་པར་གྲུབ་བོ།།
དེ་བཞིན་བྱེ་བྲག་སྨྲ་བའི་སློབ་དཔོན་ཆེན་པོ་བཞིའི་ཡ་གྱལ་གྱི་དབྱིག་བཤེས་ཏེ་ལེགས་སྦྱར་གྱི་མཚན་དུ་བཱ་སུ་མི་ཏྲ་དང་། པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་དུ་གྱུར་པའི་སློབ་དཔོན་དབྱིག་གཉེན་གྱི་ལེགས་སྦྱར་མཚན་ལ་བཱ་སུ་བནྡྷུ་གཉིས་སཾ་བོད་མཚན་གྱི་དག་སྡེབ་ཅུང་འདྲ་ཞིང་། དབྱིག་བཤེས་དང་དབྱིག་གི་བཤེས་གཉེན་ཞེས་ཞུ་བ་གཉིས་ཀྱང་མཚན་འདྲ་བ་ཙམ་ལས། སློབ་དཔོན་ཐ་དད་དུ་ཡོད་པས་མ་འདྲེས་པར་རྣམ་དབྱེ་འབྱེད་དགོས་པར་སྣང་ལ། ལ་ལས་དབྱིག་གཉེན་སྔ་མ་ཞེས་པ་ནི། བཙུན་པ་དབྱིག་བཤེས་ལ་སྔ་མ་དང་། ཐོགས་མེད་ཀྱི་སྐུ་མཆེད་གཅུང་ལ་དབྱིག་གཉེན་ཕྱི་མར་གྱུར་པ་སྟེ། ལེགས་སྦྱར་དང་བོད་སྒྱུར་སྐབས་དབྱིག་གཉེན་དང་དབྱིག་བཤེས་གང་དུའང་བསྒྱུར་ཆོག་པར་འདོད།
ཡང་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ཤེས་བྱ་རབ་གསལ་ལས[12]། དབྱིག་གཉེན་སྔ་མ་ཞེས་གྲགས་པ་བཙུན་པ་དབྱིག་བཤེས། བཙུན་པ་སངས་རྒྱས་ལྷ་དང་བཞི་པོ་འདི་རྣམས་སྤྱིར་བྱེ་བྲག་སྨྲ་བ། ཞེས་གསུངས་པ་ལྟར་དབྱིག་བཤེས་ལ་དབྱིག་གཉེན་སྔ་མ་དང་། རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་དབྱིག་གཉེན་ནི་ཕྱི་མར་བཞེད་ལ། འདི་ལ་བརྟེན་ནས་དབྱིག་བཤེས་དང་དབྱིག་གཉེན་གང་ཟག་གཅིག་ཡིན་པ་དང་། དེ་ལ་བརྟེན་ནས་དབྱིག་གཉེན་སྔ་ཕྱི་གཉིས་བྱོན་པར་འདོད་པའི་རྩོད་གཞི་རྣམས་བྱུང་བ་ཡིན་འདུག་པས་ད་དུང་དཔྱད་དགོས་སོ།།
དེ་བཞིན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་བརྩམས་པའི་དེབ་དམར་མཆན་འགྲེལ་ལས[13]། སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་སོང་བ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་བརྩམས་པའི་རྟོག་གེ་འབར་བ་དང་། སློབ་དཔོན་དབྱིག་བཤེས་ཀྱིས་བརྩམས་པའི་སྡེ་པ་ཐ་དད་དུ་འབྱེད་པ་ལས། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་དྲུག་ཅུ་ན་ཡིན་ཞེས་བཤད། ཅེས་པ་ལེགས་ལྡན་གྱིས་བརྩམས་པ་ཟེར་རྒྱུ་ཡིན་པ་ལ་དབྱིག་བཤེས་ཀྱིས་བརྩམས་ཞེས་ཡིག་ནོར་ཞིག་བྱུང་འདུག་གོ །ཞེས་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་དེབ་སྔོན་གསར་མར་གསལ་[14]བ་ལྟར་སློབ་དཔོན་དབྱིག་བཤེས་ནི་སྟོན་པ་འདས་ནས་ལོ་བརྒྱ་དང་བཅུ་སོང་མཚམས་སུ་བྱོན་པར་གསལ་ལོ།།
དེ་བཞིན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[15]། སློབ་དཔོན་དབྱིག་བཤེས་ནི། བྱེ་བྲག་སྨྲ་བའི་སློབ་དཔོན་ཆེན་པོ་བཞིའི་ཡ་གྱལ་བཙུན་པ་དབྱིག་བཤེས་ཞུ་བ་དེ་ཡིན་ཅིང་། སློབ་དཔོན་ཆེན་པོ་བཞི་ནི་ཁ་ཆེའི་བཙུན་པ་ན་པོ་ཆོས་སྐྱོབ་དང་། ནུབ་སྐྱོབ་མ་རུའི་བཙུན་པ་ཆེན་པོ་དབྱིག་བཤེས། ཐོ་གར་གྱི་བཙུན་པ་ཆེན་པོ་དབྱངས་སྒྲོག །ཝཱ་རཱ་ཎ་སཱིའི་བཙུན་པ་སངས་རྒྱས་ལྷ་སྟེ་བཞིའོ། །དེ་དག་རེ་རེ་ལའང་སློབ་མ་འབུམ་ཕྲག་ཙམ་ཡོད་པར་གྲགས་ལ། སློབ་དཔོན་དབྱིག་བཤེས་ཀྱིས་བསྟན་བཅོས་རབ་ཏུ་བྱེད་པ་ལ་སོགས་པ་བརྩམས་སོ། །ཞེས་བཙུན་པ་དབྱིག་བཤེས་ནི་ནུབ་སྐྱོབ་མ་རུ་ནས་ཡིན་པ་དང་། བསྟན་བཅོས་རབ་ཏུ་བྱེད་པ་པོ་ཡིན་པར་གསུངས་སོ།།
མདོར་ན་དབྱིག་བཤེས་དང་དབྱིག་གཉེན་གཉིས་གང་ཟག་གཅིག་དང་ཐ་དད་གང་ཡིན་ཐད་སྔོན་གྱི་དེབ་ཐེར་དང་། གཞུང་ལུགས་ཁག་ཏུ་འདོད་ཚུལ་རིགས་གཉིས་གསལ་ནའང་། ཡོངས་གྲགས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད་ཀྱི་ནང་དུ་སློབ་དཔོན་དབྱིག་བཤེས་སོགས་ཀྱིས་མཛད་པའི་བྱེ་བྲག་བཤད་མཛོད་ཆེན་མོའི་ལུང་མང་དུ་དྲངས་ཡོད་ལ། སློབ་དཔོན་དབྱིག་གཉེན་ཁ་ཆེའི་ཡུལ་དུ་བྱོན་ནས་ཁ་ཆེ་འདུས་བཟང་བསྟེན་ནས་བྱེ་བྲག་བཤད་མཛོད་ཆེན་མོ་དང་། མངོན་པ་སྡེ་བདུན་ཡོངས་རྫོགས་ལ་སྦྱངས་པ་མཐར་ཕྱིན་མཛད་པ་དང་། མཐར་དེ་དག་ཐུགས་འཛིན་གནང་བ་སོགས་རྣམ་ཐར་ནང་གསལ་བ་ལྟར། མདོར་ན། གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོའི་མཛད་པ་པོར་པཎ་གྲུབ་གཉིས་ཀྱི་མཚན་བྱང་གསལ་ཞིང་། དེ་གཉིས་སུས་མཛད་མིན་ཁ་ཚོན་གཅོད་དཀའ་བས་སློབ་དཔོན་དབྱིག་གཉེན་གྱི་གསུང་གི་སྐབས་སུ་ཕྱོགས་བསྒྲིགས་ཡོད་པས། གཞུང་ལུགས་ལ་གཟིགས་རྒྱ་ཡངས་ཤིང་། མཁྱེན་ལྡན་རྣམ་དཔྱོད་ཅན་དག་གིས་མ་འོངས་པར་ཞིབ་ཏུ་དཔྱད་པར་འཚལ་ལོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] འཇིགས་མེད་ཡོན་ཏན་མགོན་པོའི་གསུང་འབུམ། ༼༡༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་ ༢༡༠
[2] དཀར་ཆག་འཕང་ཐང་མ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༥༣
[3] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༣༠
[4] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼སུ༽ དེབ་ཨང་། ༩༣ པ། ཤོག་གྲངས་ ༡༡༤༠
[5] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༧༣
[6] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༢༡༣
[7] འགྲེལ་བཤད་ཅེས་པ་འགྲེལ་པའི་འགྲེལ་པ་ལ་བྱེད་པར་རྒྱ་གཞུང་གི་སྤྱི་སྐད་ཡིན་འདུག་པས། འགྲེལ་བཤད་དེ་ལྟ་བུ་རྩོམ་མཁན་དབྱིག་གཉེན་མིན་པར་ངེས། དབྱིག་གཉེན་གྱིས་མཛོད་རང་འགྲེལ་ཤིན་ཏུ་རྒྱས་པ་དེ་ལ་རང་ཉིད་ཀྱིས་འགྲེལ་བཤད་རྩོམ་པའི་དགོས་པའང་མ་མཆིས་སྙམ་པས་དཔྱད་པར་བྱ་བའི་གནས་སོ།།
[8] ཀུ་མ་ར་ཇི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞི་གདོང་དྲུག་སྙེམས་བློས་བོད་ཡིག་ལ་བསྒྱུར། སྦྲང་ཆར། ༢༠༠༥ ༼༣༽ ཤོག་ ༡༣༨
[9] མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། སྨད་ཆ། ༡༩༨༦ ལོ། ཤོག་གྲངས་ ༡༤༦༢
[10] བཱ་སུ་མི་ཏྲ་ནི་དབྱིག་བཤེས་དང་། བ་སུ་བནྡྷུ་དབྱིག་གཉེན་ལ་བསྒྱུར་བ་གྲགས་ཆེ་བས་དཔྱད་དགོས།
[11] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༨༩
[12] མང་ཐོས་མངོན་པ། གསུང་འབུམ་པོད། ༼ཁ༽ འཕྲུལ་པར་དཔེ་གཟུགས། ཤོག་གྲངས་ ༣ན༡
[13] དེབ་ཐེར་དམར་པོའི་གལ་ཆེའི་ཚིག་འགྲེལ་གནད་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༡༧༤
[14] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་རྩོམ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་ ༡༥༠
[15] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༠༨༨
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༧ ནས་ ༥༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།