བཅུ་པ། སློབ་དཔོན་དབྱིག་གཉེན་གྱི་རྣམ་ཐཪ་ལས། ཀ༽ མཚན་དོན་དང་མཚན་གྱི་རྣམ་གྲངས།

བཅུ་པ། སློབ་དཔོན་དབྱིག་གཉེན་ ༼བསུབནྡྷུཿ༽ གྱི་རྣམ་ཐཪ།

ཀ༽ དབྱིག་གཉེན་གྱི་མཚན་དོན་དང་མཚན་གྱི་རྣམ་གྲངས།

 

དེ་ཡང་སྐྱེ་བ་ལྔ་བརྒྱ་པཎྜི་ཏར་འཁྲུངས་པས་སྐྱེས་ཐོབ་ཀྱི་ཤེས་རབ་ཕུན་སུམ་ཚོགས་པར་མ་ཟད། ཡི་དམ་གྱི་ལྷ་ཞལ་གཟིགས་ཤིང་། འབུམ་སྡེ་གོ་དགུ་ཐུགས་ལ་མངའ་བའི་སློབ་དཔོན་དབྱིག་གཉེན་གྱི་མཚན་དོན་ནི། ཀུན་མཁྱེན་རོང་སྟོན་ཆོས་རྗེས་ (1367-1449) མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པའི་རྣམ་བཤད་ཚིག་དོན་རབ་ཏུ་གསལ་བ་ལས[1]།

མཁྱེན་པའི་ཆུ་གཏེར་གཏིང་མཐའ་མི་མངོན་ཞིང་། །

ཚད་མེད་ཡོན་ཏན་ནོར་བུ་རྣམ་འཕེལ་བའི། །

གསུང་རབ་རྒྱ་མཚོར་རྣམ་པར་རོལ་བྱེད་པ། །

དབྱིག་གཉེན་གདེངས་ཅན་དབང་པོ་ལ་ཕྱག་འཚལ། །

ཞེས་གསུངས་པ་ལྟར། སློབ་དཔོན་དབྱིག་གཉེན་གྱི་མཚན་ལ་ལེགས་སྦྱར་ལྷ་ཡི་སྐད་དུ་བ་སུ་བནྡྷུ་ (वसुबन्धु,) (Vasubandhu) དང་། རྒྱའི་སྐད་དུ་ (世親) ཞུ་ཞིང་། དེ་ཡང་ལེགས་སྦྱར་གྱི་བ་སུ་བནྡྷུ་ཞེས་པ་བོད་སྐད་དུ་བསྒྱུར་ན། དབྱིག་གཉེན་ཞེས་སུ་གྱུར་ལ། བོད་སྐད་དུ་དབྱིག་དང་ནོར་གཉིས་དོན་འདྲ་བས། དབྱིག་གཉེན་ཞེས་པ་ནོར་གྱི་གཉེན་ཏེ། སྒྲ་བཤད་ནི། ཤེས་རབ་ཀྱི་དབྱིག་དང་ལྡན་ཞིང་འགྲོ་བའི་གཉེན་དུ་གྱུར་པས་དབྱིག་གཉེན་ཞེས་བརྗོད་ཅིང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ (1697-1774) གྱི་གསན་ཡིག་གདེངས་ཅན་རོལ་པའི་ཆུ་གཏེར་ལས[2]། བ་སུ་ནི་དབྱིག་གཉེན་ཞེས་དོན་བསྒྱུར་ཀྱང་རུང་བར་གསུངས་སོ།།

དབྱིག་གཉེན་ཞེས་པའི་མཚན་དོན་ནི། བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[3]། མདོར་ན་རིགས་མཆོག་ཏུ་གྱུར་པ་བྲམ་ཟེའི་[4]རིགས་ལས་རབ་ཏུ་བྱུང་བའི་དགེ་སློང་། སྐྱེ་བ་ལྔ་བརྒྱར་པཎྜི་ཏར་གྱུར་ཅིང་འབུམ་སྡེ་དགུ་བཅུ་རྩ་དགུའམ། བརྒྱད་ཅུའི་དོན་རྟོགས་ཤིང་ཐུགས་ལ་མངའ་བ་འབྲུ་མར་གྱི་བཅིང་བ་མཛད་ནས་ཞག་བཅུ་གཉིས་སུ་ཞལ་བཏོན་མཛད་པའི་ཤེས་རབ་ཀྱི་དབྱིག་དང་ལྡན་པ། བརྩེ་བའི་སྒོ་ནས་བསྟན་པ་དར་བར་མཛད་པས། འགྲོ་བའི་གཉེན་དུ་གྱུར་པ་སྟེ། ཇི་སྐད་དུ།

བློ་ལྡན་རྣམས་མཆོག་འཇིག་རྟེན་གྱིས། །སངས་རྒྱས་གཉིས་པ་ལྟར་བརྗོད་གང་། །

འགྲོ་བའི་ཡང་དག་གཉེན་གྱུར་པ། །དབྱིག་གཉེན་ཞེས་བྱ་དེས་མཛད་དོ། །

ཞེས་གསུངས་པ་ལྟར་གུང་རུ་རྒྱལ་མཚན་དཔལ་བཟང་པོས་ (1383-1450) མཛད་པའི་བྱམས་པའི་དགོངས་རྒྱན་ལས་[5]ཀྱང་། གཉིས་པ་ནི། རྣམ་པར་བཀྲོལ་ཞེས་དྲང་ངོ་། །གང་ན་སྔ་མ་ལྟར་རོ། །གང་གིས་ནས། དབྱིག་གཉེན་གྱིས་སོ། །དེ་ལ་འབུམ་པ་ལྟར་ན། དབྱིག་ནི་ནོར་དང་ཤེས་རབ་གཉིས་ལས་ཤེས་རབ་བོ། །གཉེན་ནི་ལྡན་པའི་དོན་ཡིན་པས་ན་ཤེས་རབ་དང་ལྡན་པ་ཞེས་དོན་ལྡན་གྱི་མཚན་ནོ། །ཡོན་ཏན་ཇི་ལྟ་བུ་དང་ལྡན་ཞེ་ན། འགྲོ་དོན་ནི་མངོན་མཐོ་དང་ངེས་ལེགས། རྩ་ལག་ནི་དེ་སྒྲུབ་བྱེད་དེ་འགྲོ་བའི་དོན་སྒྲུབ་པར་བྱེད་པའི་ཡོན་ཏན་ནོ། །ཞེས་པའི་དོན་ནོ། །སྔ་མས་ནི་ཤེས་རབ་ཀྱི་ཆ་བསྟན་ལ། ཕྱི་མས་ནི་བརྩེ་བའི་ཆ་བཤད་དོ། །ལོ་ཙཱ་བ་ཆེན་པོ་ལྟར་ན། དབྱིག་གི་བཤད་པ་ནི། འགྲོ་དོན་ཏེ་གསེར་ལ་སོགས་པའི་དབྱིག་འདོད་པར་བྱ་བ་བཞིན་དུ་འགྲོ་དོན་ཡང་འདོད་པར་བྱ་བ་ཡིན་པའི་ཕྱིར་རོ། །གཉེན་གྱི་བཤད་པ་ནི་རྩ་ལག་གོ །དེས་ན་མཚན་གྱི་དོན་སྔ་མ་ཕྱི་མས་བཤད་པ་འགྲོ་བའི་དོན་སྒྲུབ་པར་བྱེད་ཅེས་པའོ། །ཞེས་གསུངས་སོ།།

དེ་བཞིན་ཆོས་རྗེ་ཉ་དབོན་ཀུན་དགའ་དཔལ་གྱིས་ (1285-1379) མཛད་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་རྒྱས་འགྲེལ་བཤད་སྦྱར་ཡིད་ཀྱི་མུན་སེལ་ལས[6]། གཉིས་པ་ནི། རྣམ་པར་བཀྲོལ། ཞེས་དྲང་ངོ༌། །གང་ན་བསྟན་བཅོས་ཆེན་པོ་འོ། །གང་གིས་ན་འགྲོ་བའི་དོན་མངོན་མཐོ་ངེས་ལེགས་ཀྱི་རྒྱུ་ཡང་དག་པའི་ལམ་སྟོན་པར་མཛད་པས་རྩ་ལག་སྟེ། འདོད་པའི་དོན་རྫོགས་པར་བྱེད་པས་སོ། །དེ་སུ་ཞིག་ཅེ་ན། དབྱིག་གི་གཉེན་ཞེས་བྱ་བའོ་ཞེས་གསེར་རོ། །ཡང་ན་དབྱིག་ནི་ངེས་པར་དགོས་ཤིང་མཁོ་བས་ན་ནོར་ཏེ་འདིར་ནི་མངོན་མཐོ་ངེས་ལེགས་སོ། །དེ་འགྲོ་བའི་དོན་ཡིན་ཏེ་སེམས་ཅན་རྣམས་ལ་འཕྲལ་ཕུགས་སུ་མཁོ་ཞིང་ངེས་པར་དགོས་པས་སོ། །གཉེན་ནི་རྩ་ལག་སྟེ། དེ་ལྟའི་འགྲོ་དོན་དེ་རྫོགས་པར་བྱེད་པའམ་ཐོབ་པར་བྱེད་པས་སོ་ཞེས་སྦྱར་ཡང་དོན་དུ་འགྱུར་རོ། །ཞེས་བྱུང་བ་ལྟར་རོ།།

གཞན་ཡང་སློབ་དཔོན་དབྱིག་གཉེན་གྱི་མཚན་གྱི་རྣམ་གྲངས་ནི། སློབ་དཔོན་སེངྒེ་བཟང་པོས་མཛད་པའི་འགྲེལ་པ་དོན་གསལ་ལས[7]།

འགྲོ་དོན་རྩ་ལག་དབྱིག་གི་གཉེན། །རང་གི་མོས་པ་གཙོར་བྱེད་པས། །

ཤེས་བྱ་ནང་གི་ཡིན་པ་ལ། །ཡང་དག་རྟེན་ནས་རྣམ་པར་བཀྲོལ། །

ཞེས་དང་། དེ་བཞིན། ཤེས་བྱའི་མཚན་ཉིད་ལེགས་འདོམས་པ། །རྒྱལ་བསྟན་སྣང་བྱེད་དབྱིག་གི་གཉེན། །ཞེས་གསུངས་པ་ལྟར་འགྲོ་དོན་རྩ་ལག་དང་། ནོར་གྱི་རྩ་ལག་ཅེས་པ་དག་ཀྱང་སློབ་དཔོན་དབྱིག་གཉེན་གྱི་མཚན་གྱི་རྣམ་གྲངས་ཡིན་པ་ནི། ཇོ་བོ་རྗེ་ལྷ་གཅིག་དཱི་པཾ་ཀ་ར་ཤྲཱི་ཛྙཱས་ (982-1054) མཛད་པར་གྲགས་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ་ལས[8]། སྔོན་གྱི་སློབ་དཔོན་མཁས་པ་ཆེན་པོ་ནོར་གྱི་རྩ་ལག་གི་ཞལ་ནས།

མདོ་དོན་སྨྲ་བ་རྣམས་ལ་ནི། །མན་ངག་ཅུང་ཟད་སྦྱིན་པར་བྱ། །

ཞེས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རྣམ་བཤད་རིགས་པའི་ལུང་འདྲེན་མཛད་སྐབས་ནོར་གྱི་རྩ་ལག་ཅེས་པ་སློབ་དཔོན་དབྱིག་གཉེན་གྱི་མཚན་གྱི་རྣམ་གྲངས་ཡིན་པར་གསུངས་ལ། དེ་བཞིན་བྱེ་བྲག་རྟོགས་བྱེད་ཆེན་པོ་ལས[9]། བནྡྷུཿ རྩ་ལག །ཅེས་བྱུང་བ་ལྟར་སའི་རྩ་ལག་ཅེས་པའང་སློབ་དཔོན་དབྱིག་གཉེན་གྱི་མཚན་གྱི་རྣམ་གྲངས་ཡིན་ཏེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པའི་མཇུག་བྱང་ལས[10]། ཡུལ་སིངྒ་ལའི་སློབ་དཔོན་སའི་རྩ་ལག་[11]གིས་བྱས་པ་རྫོགས་སོ། །ཞེས་དང་། དེ་བཞིན་ཀུན་མཁྱེན་བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས་[12]ཀྱང་། དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པ། སིངྒ་གླིང་གི་སློབ་དཔོན་སའི་རྩ་ལག་གིས་མཛད་པ་རྒྱ་ལས་བསྒྱུར་བ་བམ་པོ་ཉི་ཤུ་ཞེས་བྱུང་བ་ལྟར་སའི་རྩ་ལག་ཅེས་པ་སློབ་དཔོན་འདི་ཉིད་ཀྱི་མཚན་གྱི་རྣམ་གྲངས་ཡིན་པར་གསལ་ཞིང་། ཡོངས་གྲགས་རྣམ་ཐར་ཁག་ཏུ་ཐོགས་མེད་སྐུ་མཆེད་གྷན་དྷ་རའི་ཡུལ་དུ་སྐུ་འཁྲུངས་པར་གསལ་ནའང་། དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པའི་མཇུག་བྱང་ལས་སིངྒ་ལའི་གླིང་གི་སློབ་དཔོན་ཞེས་གསལ་བས་དཔྱད་དགོས་པར་སྣང་ལ། རྩ་ལག་ཅེས་པ་ནི་གཉེན་དང་ཉེ་དུའི་མིང་དང་། མགོན་སྐྱབས། གཙོ་འཁོར་སོགས་ཀྱི་དོན་ལ་འཇུག་པ་ནི། འཕགས་པ་རྒྱ་ཆེར་རོལ་པའི་མདོ་ལས[13]། ལྷ་ཚངས་པས། བཅོམ་ལྡན་འདས་ལ་ཆོས་འཁོར་བསྐོར་བར་བསྐུལ་བ་ནི།

འཕགས་པའི་ནོར་ལ་སེམས་ཅན་དག་ནི་འགྲོན་གཉེར་ཏེ། །

སྲོག་ཆགས་བྱེ་བ་མང་པོ་དབུགས་ཕྱུང་མཛད་ནས་ནི། །

གང་སླད་མི་གསུང་འགྲོ་ལ་བཏང་སྙོམས་མཛད་པ་འདི། །

འཇིག་རྟེན་རྩ་ལག་ཁྱོད་ལ་རིགས་པ་མ་ལགས་སོ། །

ཞེས་གསུངས་པ་ལྟར་སློབ་དཔོན་དབྱིག་གཉེན་གྱི་མཚན་གྱི་རྣམ་གྲངས་སུ་འཇིག་རྟེན་རྩ་ལག་དང་། སའི་རྩ་ལག །ནོར་གྱི་རྩ་ལག་བཅས་གསལ་བའི་རྩ་ལག་ཅེས་པ་ནི། ལེགས་སྦྱར་གྱི་བ་སུ་བནྡྷུ་ཞེས་པ་བོད་གངས་ཅན་པའི་སྐད་དུ་བསྒྱུར་སྐབས་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ཀྱིས་དབྱིག་གཉེན་དང་། དབྱིག་ནོར། ནོར་གྱི་རྩ་ལག །སའི་རྩ་ལག་སོགས་སུ་བསྒྱུར་བ་སྟེ། དེ་ཡང་བ་སུ་ནི་ནོར་དང་དབྱིག་གཉིས་ཀར་འཇུག་ཅིང་། བནྡུ་ཞེས་པའང་གཉེན་དང་རྩ་ལག་གཉིས་ཀར་རིགས་འགྲེས་ཆོག་པས་འགྱུར་ཁྱད་ཙམ་ལས་དོན་ལ་ཁྱད་པར་ཆེར་མེད་སྙམ། དེ་བཞིན་ལེགས་སྦྱར་སྐད་དུ་བ་སུ་བདྷུ་དང་། བསུབནདྷུ། ཝ་སུ་བཾདྷུ་ཞེས་དག་སྡེབ་འབྲི་སྲོལ་མི་འདྲ་བ་གསུམ་ཙམ་བྱུང་ལ། ངག་ནས་སྒྲ་གདངས་འདོན་སྐབས་ཝ་སུ་བནྡྷུ་ཞེས་བཀླག་དགོས་པར་སྣང་ངོ་།།

གཞན་ཡང་འཕགས་པ་ཐོགས་མེད་དང་དབྱིག་གཉེན་གཉིས་ཀྱི་བྱུང་བ་བརྗོད་པ་ལས[14]། སློབ་དཔོན་ལྷའི་བཤེས་གཉེན་ཞེས་པ་དེ་ནི། ཐོགས་མེད་ཀྱི་གཅུང་པོ་དབྱིག་གཉེན་ཞེས་པ་དེ་ཡིན། ཞེས་གསལ་བ་ལྟར་སློབ་དཔོན་ལྷའི་བཤེས་གཉེན་ཞུ་བ་དེ་ཉིད་ཀྱང་སློབ་དཔོན་དབྱིག་གཉེན་གྱི་མཚན་གྱི་རྣམ་གྲངས་ཡིན་པར་གསལ་བ་བཅས་སོ།།  །།

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1]  རོང་སྟོན་བཀའ་འབུམ། པོད། ༼གཀ༽ དཔེ་གཟུགས། ཤོག་གྲངས་ ༢ན༥

[2]  ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། ༼ཀ༽ སྟོད་ཆ། འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༥༨ན༥

[3]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༥༦

[4]  རྒྱ་གར་དུ་མི་རྣམས་ལ་རིམ་པ་མཐོ་དམན་དང་། རིགས་ཀྱི་དབང་དུ་བྱས་ན་བཞི་ཡོད་པ་ (རྒྱལ་རིགས། རྗེ་རིགས། བྲམ་ཟེའི་རིགས། གདོལ་པའི་རིགས་བཅས།) དེའི་ནང་ཚན་ཞིག་སྟེ། དེའི་རིགས་ཀྱི་བུ་དང་བུ་མོ་རྣམས་ལོ་ཆུང་དུས་གཉེན་སྒྲིག་མི་བྱེད་པ་དང། ལོ་ན་ཡར་སོན་ནས་ཆོས་བྱེད་པ། ཁྲུས་དང་གཙང་སྦྲ་ལ་དང་བསྟོད་ཆེ་བ། བུ་དང་བུ་མོ་རྣམས་ཕའི་རིགས་རྒྱུད་ཀྱི་ལས་རིགས་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་ལུགས་སྲོལ་དམིགས་བསལ་ཅན་ཡོད་པ་ཞིག་ཡིན་པར་བཤད་ལ། བྲམ་ཟེའི་རིགས་ལ་ཕྱི་པ་དང་ནང་པ་གཉིས་ཀ་ཡོད། རིགས་རྒྱུད་དེ་ནས་བྱུང་བའི་མི་མང་ཆེ་བ་ཨོག་ཚོམ་དང་ཁ་སྤུ་རིང་པོ་ཡོད་པ་ཤ་སྟག་ཡིན་སྐད་འདུག །ཅེས་དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༡༥༠༣ ཐོག་གསལ་ལོ།།

[5]  གུང་རུ་རྒྱལ་མཚན་བཟང་པོའི་གསུང་འབུམ། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་ ༢༤

[6]  ཕར་ཕྱིན་ཉ་ཊཱིཀ །སྟོད་ཆ། གསུང་པོད། ༼༡༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༢༧

[7]  བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ པ། ཤོག་གྲངས་ ༢༠༥

[8]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ པ། ཤོག་གྲངས་ ༡༦༥༡

[9]  བྱེ་བྲག་རྟོགས་བྱེད་ཆེན་པོ། བོད་གཞུང་ཤེས་རིག་པར་ཁང་། ༢༠༠༠ ལོ། ཤོག་གྲངས་ ༡༤༧

[10]  བསྟན་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼དི༽ དེབ་ཨང་ ༦༩ པ། ཤོག་གྲངས་ ༧༩༥

[11]  ལ་ལར་སློབ་དཔོན་སའི་རྩ་ལག་ནི། ཡུལ་སིངྒ་ལར་སྐུ་འཁྲུངས། དེ་ཡང་རྒྱལ་པོ་གོ་པཱ་ལའི་དུས་སུ་བྱོན་པས་དུས་རབས་ ༨ པའི་ནང་དུ་བྱོན་སྙམ། པཎྜི་ཏར་གྱུར་ནས་ཕུང་པོ་ལྔའི་བཤད་པ་སོགས་བསྟན་བཅོས་དུ་མ་མཛད་དོ། །ཞེས་བྱུང་བས་དཔྱད་དགོས་སོ།།

[12]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༣༧

[13]  བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཁ༽ དེབ་ཨང་། ༤༦ པ། ཤོག་གྲངས་ ༤༥༨

[14]  ཀུ་མ་ར་ཇི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞིས་བོད་ཡིག་ཏུ་བསྒྱུར། སྦྲང་ཆར། ༢༠༠༥ ལོ། ༼༣༽ ཤོག་ ༡༤༣

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡ ནས་ ༦ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *