རྒྱན་དྲུག་གི་བསྟོད་པ།

ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །
གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །

དགའ་ལྡན་གནས་སུ་དམ་པ་ཏོག་དཀར་པོས། རང་གི་ཅོད་པན་ཉིད་ཀྱི་དབུར་བཅིངས་ཏེ། །
རྒྱལ་ཚབ་ཉིད་དུ་དབང་བསྐུར་མཆོག་བརྙེས་པ། །རྣམ་འདྲེན་མ་ཕམ་མགོན་ལ་ཕྱག་འཚལ་ལོ། །

མཉམ་མེད་ཤཱཀྱ་སེངྒེའི་བསྟན་པ་ལ། །ངོ་མཚར་སྟོན་པ་གཉིས་པའི་རྣམ་ཐར་ཅན། །
ངེས་དོན་ཟབ་མོ་ལྟ་བའི་ཤིང་རྟ་ཆེ། །ཀླུ་སྒྲུབ་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ། །

མགོན་པོ་ཀླུ་སྒྲུབ་སྙིང་པོའི་ཐུགས་ཀྱི་སྲས། །པདྨའི་སྙིང་པོ་དག་ལས་བརྫུས་ཏེ་འཁྲུངས། །
གསུང་རབ་རིན་ཆེན་འགྲེལ་མཛད་མཁས་པའི་ཕུལ། །སློབ་དཔོན་འཕགས་པ་ལྷ་ལ་ཕྱག་འཚལ་ལོ། །

རྒྱལ་ཚབ་བྱམས་མགོན་དངོས་ཀྱི་རྗེས་སུ་བཟུང་། །ཐུབ་པའི་བསྟན་པ་རིན་ཆེན་སྣང་བའི་མཛོད། །
རྒྱ་ཆེན་སྤྱོད་པའི་རིང་ལུགས་ཤིང་རྟ་ཆེ། །འཕགས་པ་ཐོགས་མེད་ཞབས་ལ་ཕྱག་འཚལ་ལོ། །

གཞུང་ལུགས་འབུམ་སྡེ་གོ་དགུ་ཐུགས་སུ་ཆུད། །མང་དུ་ཐོས་པ་རྒྱ་མཚོའི་ཕ་མཐར་སོན། །
ཐོགས་མེད་གཅེན་ལས་ཡེ་ཤེས་མངོན་དུ་གཟིགས། །སློབ་དཔོན་དབྱིག་གཉེན་ཞབས་ལ་ཕྱག་འཚལ་ལོ། །

འཇམ་དཔལ་དབྱངས་ཀྱིས་དངོས་སུ་རྗེས་བཟུང་བས། །ཕྱོགས་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་བརྙེས། །
ཕུལ་བྱུང་དངོས་སྟོབས་རིགས་པའི་སྲོལ་འབྱེད་པ། །སློབ་དཔོན་ཕྱོགས་ཀྱི་གླང་པོར་ཕྱག་འཚལ་ལོ། །

མཚུངས་མེད་ཕྱོགས་ཀྱི་གླང་པོའི་ཐུགས་ཀྱི་སྲས། །དབང་ཕྱུག་སྡེ་ཡི་རྗེས་ཞུགས་ཕྱི་རོལ་པའི། །
བརྟན་པ་གཅིག་ཅར་འཕྲོག་པའི་དཔའ་བོ་ཆེ། །དཔལ་ལྡན་ཆོས་ཀྱི་གྲགས་པར་ཕྱག་འཚལ་ལོ། །[1]
ཡོང་ཁུངས། [1] https://mandalas.life/2021/deity-and-divinities-of-nyingma-tradition/
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།