ཛ༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ།

ཛ༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ།

 

དེ་ཡང་རྒྱལ་བས་འཇམ་དཔལ་རྩ་རྒྱུད་དུ་ཇི་ལྟར་ལུང་བསྟན་པ་བཞིན་སེམས་ཙམ་པའི་ཤིང་རྟའི་སྲོལ་ཐོག་མར་ཕྱེ་བའི་ཚུལ་ལས་བརྩམས་ཏེ་སློབ་དཔོན་ཆེན་པོ་འཕགས་པ་ཐོགས་མེད་ཀྱི་ཞབས་ལ་གསོལ་བ་འདེབས་པ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལས[1]།

བྱམས་པས་རྗེས་བཟུང་ཐེག་ཆེན་སྡེ་སྣོད་ཀུན། །ལེགས་པར་སྤེལ་མཁས་རྒྱ་ཆེན་ལམ་སྟོན་ཞིང༌། །

རྒྱལ་བའི་ལུང་བཞིན་རྣམ་རིག་ཤིང་རྟའི་སྲོལ། །འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་པའི་དོན་ནི། སྔོན་རྒྱ་གར་འཕགས་ཡུལ་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེར་དགྲ་ལན་གསུམ་བྱུང་བའི་དབང་གིས་རྒྱལ་བསྟན་སྤྱི་དང་། ལྷག་པར་ཐེག་པ་ཆེན་པོའི་བསྟན་པ་ཤིན་ཏུ་ཉམས་དམས་པའི་སྐབས་སུ་རི་བོ་བྱ་རྐང་དུ་རྗེ་བཙུན་བྱམས་མགོན་མི་ལོ་བཅུ་གཉིས་རིང་རྩེ་གཅིག་ཏུ་བསྒྲུབས་པའི་མཐར་རྗེ་བཙུན་བྱམས་པས་རྗེས་སུ་བཟུང་སྟེ་དགའ་ལྡན་དག་པའི་ཞིང་དུ་ཁྲིད་ནས་ལྷའི་ཇ་ཡུན་གཅིག་ལ། ཐེག་ཆེན་གྱི་ཆོས་མང་དུ་གསན་ཏེ་སླར་ཡང་མི་ཡུལ་དུ་འབྱོན་ཁར་འཛམ་བུ་གླིང་པའི་གདུལ་བྱ་རྣམས་ལ་རྗེ་བཙུན་གྱིས་སྐྱེས་སུ་བསྐུར་བར་གྲགས་པའི་བྱམས་ཆོས་སྡེ་ལྔ་གདན་དྲངས་པ་ཡི་གེ་བཀོད་པ་དང་། སློབ་དཔོན་རང་ཉིད་ཀྱིས་ས་སྡེ་ལྔ་སོགས་མཛད་དེ་ཐེག་པ་ཆེན་པོའི་སྡེ་སྣོད་ཀུན་མི་ཡུལ་གྱི་འཇིག་རྟེན་འདིའི་སྟེང་ལེགས་པར་སྤེལ་བ་ལ་མཆོག་ཏུ་མཁས་ཤིང་། ལྷག་པར་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་སྟེ་རྒྱ་ཆེ་བའི་ལམ་གྱི་རིམ་པ་རྣམས་སྟོན་པ་ལ་མཁས་ཤིང་། འཇམ་དཔལ་རྩ་རྒྱུད་ལས[2]།

ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །

མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །

ཅེས་སོགས་རྒྱལ་བའི་ལུང་གིས་ལེགས་པར་ཟིན་པ་བཞིན། གཞན་དབང་དང་ཡོངས་གྲུབ་གཉིས་བདེན་གྲུབ་དང་། ཀུན་བཏགས་ཀྱི་ཆོས་རྣམས་བདེན་མེད་དུ་བཤད་པའི་ཐེག་ཆེན་གྱི་གྲུབ་མཐའ་སྟེ་རྣམ་རིག་སེམས་ཙམ་དུ་སྨྲ་བའི་ཤིང་རྟའི་སྲོལ་བཟང་གསར་དུ་འབྱེད་པར་མཛད་པའི་ཤིང་རྟ་བ་ཆེན་པོ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེར་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་སློབ་དཔོན་ཆེན་པོ་འཕགས་པ་ཐོགས་མེད་ཅེས་སྙན་པའི་གྲགས་པས་ཡོངས་སུ་ཁྱབ་པའི་ཞབས་ལ་པཎ་གྲུབ་འདི་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་འདེབས་སོ་ཞེས་པའོ།།   །།

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1]  གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད། ༼༨༡༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༦ ལོ། ཤོག་ ༡༢༧

[2]  བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ན༽ དེབ་ཨང་ ༨༨ པ། ཤོག་གྲངས་ ༨༨༠

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༦༢༣ ནས་ ༦༢༤ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *