ཅ༽ ཡུམ་གྱི་ཐུགས་བསྐྱེད་དང་རིགས་རུས།
དེ་ཡང་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) ཀྱིས་མཛད་པའི་རྒྱ་གར་འཕགས་པའི་ཡུལ་གྱི་སྐྱེས་ཆེན་དམ་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་ཅིང་གསོལ་བ་འདེབས་པའི་རབ་ཏུ་བྱེད་པའི་སརྒ་ལས[1]།
ཟབ་ཡངས་ཆོས་མཛོད་མངོན་པའི་སྡེ་སྣོད་དང་། །སྦས་དོན་མངོན་རྟོགས་འགྲོ་ལ་གསལ་མཛད་པ། །
ས་གསུམ་མངའ་བདག་འཕགས་པ་ཐོགས་མེད་ཀྱི། །ཞབས་པད་དྲི་མ་མེད་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར་ས་གསུམ་བརྙེས་པའི་འཕགས་པ་ཐོགས་མེད་ཞབས་ཡུམ་གྱིས་ཇི་ལྟར་ཐུགས་བསྐྱེད་པ་ལྟར་རིགས་གང་དུ་སྐུ་འཁྲུངས་མིན་ནི། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་ (1308-1363) མཛད་པའི་ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་བསྟན་པ་གསལ་བར་བྱེད་པའི་ཉི་འོད་ལས[2]། བསྟན་པ་ཉམས་དམས་པའི་དུས་སུ། བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཞེས་བྱ་བ་དགེ་སློང་མ་ཞིག་ཡོད་པ་ལ། དེའི་རྨི་ལམ་དུ་ཚུལ་ཁྲིམས་སྲུང་བ་ལས་ཁྱིམ་ཐབ་བྱས་ན་སངས་རྒྱས་ཀྱི་བསྟན་པ་དར་ཞིང་སེམས་ཅན་ལ་ཕན་པ་ཡོད་དོ་ཟེར་བ་ཞིག་བྱུང་ནས། བྲམ་ཟེ་མོ་དེས་རྒྱལ་པོ་གཅིག་དང་ཁྱིམ་ཐབ་བྱས་པ་ལས་འཕགས་པ་ཐོགས་མེད་འཁྲུངས། ཞེས་གསུངས་པ་ལྟར་ཡུམ་དེ་ཉིད་དགེ་སློང་མ་ཞིག་ཡིན་པར་གསུངས་པ་ལ། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[3]། འཕགས་པ་ཐོགས་མེད་སྐུ་མཆེད་ཀྱི་ལོ་རྒྱུས་ནི། སྔོན་རྒྱལ་པོ་གཽ་ཊ་འཕེལ་བྱེད་ཀྱི་དུས་དགེ་སློང་སྡེ་སྣོད་གསུམ་འཛིན་པ་འཕགས་པ་སྤྱན་རས་གཟིགས་ལ་ཡི་དམ་དུ་བྱེད་པ་ཞིག་ཡོད་པས་དུས་ལན་ཅིག་དགེ་སློང་གཞན་ཞིག་དང་གལ་གཟུང་བ་དང་གཞུང་གཟུགས་པ་དང༌། བརྒལ་བརྟག་བྱེད་པའི་ཚེ་ང་རྒྱལ་གྱི་སྐྱོན་གྱིས་དེ་ལ་བུད་མེད་ཀྱི་རིག་པ་ཅན་འདི་ཞེས་སྨད་དོ། །དེའི་ཚེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཁྱོད་ཀྱི་ལས་འདིས་སྐྱེ་བ་མང་པོར་བུད་མེད་དུ་སྐྱེ་བར་འགྱུར་རོ། །འོན་ཀྱང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ནི་ང་ཡིན་ནོ་ཞེས་གསུངས་སོ།།
དེ་ནི་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་དུས་ཙམ་ན་སྐྱེ་བ་བླངས་པ་ནི། བྲམ་ཟེ་མོ་སུ་པྲ་ཀཱ་ས་ཤཱི་ལ་ཞེས་པ་རབ་ཏུ་གསལ་བའི་ངང་ཚུལ་མ་ཞེས་པ་ཡིན་ཏེ། དེ་སྐྱེ་བ་དྲན་ཞིང་ཆུང་ངུ་ནས་མདོ་སྡེ་དང༌། མངོན་པའི་གཞུང་ལུགས་དག་མཐོང་ཞིང་ཐོས་པ་ཙམ་གྱིས་རང་ཤེས་པ་འཕགས་པ་སྤྱན་རས་གཟིགས་རྟག་ཏུ་མཆོད་པ། དགེ་བ་བཅུའི་ལམ་ལ་ངང་གིས་གནས་པ། བྱང་ཆུབ་ཀྱི་སེམས་སྟོབས་སུ་གྱུར་པ་ཞིག་སྟེ། འདི་དགེ་སློང་མར་འདོད་པ་འཁྲུལ་པ་ཡིན་ལ། ཆེར་སྐྱེས་པ་ན། དེ་རྒྱལ་རིགས་ཤིག་དང་འདུས་པ་ལས་ཁྱེའུ་མཚན་དང་ལྡན་པ་བཙས་ཏེ་བློ་རྣོ་བའི་ཆོ་ག་བྱས། ཞེས་གསུངས་པ་ལྟར་ཡུམ་གྱིས་སྔོན་ནས་ཐུགས་ཇི་ལྟར་བསྐྱེད་པ་དང་། འཕགས་པ་ཐོགས་མེད་རྒྱལ་རིགས་སུ་སྐུ་འཁྲུངས་པར་གསལ་ལོ།།
དེ་བཞིན་སྨིན་གླིང་རབ་འབྱམས་པ་ཨོ་རྒྱན་ཆོས་ཀྱི་གྲགས་པས་ (1676-) མཛད་པའི་ཆོས་འབྱུང་བསྟན་པའི་ཉི་མ་ལས[4]། དེ་ལ་འཕགས་པ་ཐོགས་མེད་ཀྱི་ལོ་རྒྱུས་ནི། སྔོན་འཕགས་པ་སྤྱན་རས་གཟིགས་ལ་ཡི་དམ་དུ་བྱེད་པའི་དགེ་སློང་ཞིག་གིས་དགེ་སློང་གཞན་ཞིག་དང་བརྒལ་བརྟག་བྱེད་པའི་ཚེ་ང་རྒྱལ་གྱིས་དེ་ལ་བུད་མེད་ཀྱི་རིགས་ཅན་འདི་ཞེས་སྨད་པས། དེར་སྤྱན་རས་གཟིགས་ཀྱིས་ཁྱོད་ཀྱི་ལས་དེ་སྐྱེ་བ་མང་པོར་བུད་མེད་དུ་སྐྱེ་བར་འགྱུར་རོ། །འོན་ཀྱང་ཁྱོད་ཀྱིས་བྱང་ཆུབ་མ་ཐོབ་པར་དུ་ངས་ཁྱོད་ཀྱི་བཤེས་གཉེན་བྱའོ། །ཞེས་གསུངས་པའི་བྲམ་ཟེ་མོ་གསལ་བའི་ངང་ཚུལ་མ་ཞེས་བྱ་བ་ཞིག་ཆུང་ངུ་ནས་རང་གི་སྐྱེ་བ་དྲན་པ་དང་། འཕགས་པ་སྤྱན་རས་གཟིགས་མཆོད་པ་ཞིག་སངས་རྒྱས་ཀྱི་བསྟན་པའི་ཆེད་དུ་རྒྱལ་རིགས་དང་འདུས་པ་ལས་འཕགས་པ་ཐོགས་མེད་བྱུང་། ཞེས་རྒྱ་གར་ཆོས་འབྱུང་དང་མཐུན་པར་གསུངས་སོ།།
གཞན་ཡང་བུ་སྟོན་ཐམས་ཅད་མཁྱེན་པས་ (1290-1364) མཛད་པའི་བུ་སྟོན་ཆོས་འབྱུང་ལས[5]། དེའི་ཚེ་བྲམ་ཟེ་མོ་ (སུ་པྲ་ཀཱ་ཤ་ཤཱི་ལ།) གསལ་བའི་ཚུལ་ཁྲིམས་ཞེས་པའི་བསམ་པ་ལ། བསྟན་པའི་རྩ་བ་མངོན་པ་ལ་དགྲ་ལན་གསུམ་གྱིས་བསྣུབས་པས་འདི་དར་བར་བྱེད་ནུས་པ་གཞན་ཡང་མི་སྣང་། བདག་ཀྱང་བུད་མེད་དུ་སོང་བས་མི་ནུས་ཀྱི་ལུས་ལ་བུ་བསྐྱེད་ལ་དར་བར་བྱེད་དུ་གཞུག་གོ་སྙམ་སྟེ་རྒྱལ་རིགས་དང་འདུས་པས་ཐོགས་མེད་དང་། བྲམ་ཟེ་དང་འདུས་པས་དབྱིག་གཉེན་བྱུང་ནས་བཙས་པ་ན་ལྕེ་ལ་གྷི་ཧང་གིས་ཡི་གེ་ཨ་འབྲི་བ་ལ་སོགས་པ་བློ་རྣོ་བའི་ཆོ་ག་ཡང་བྱས་ཏེ། ཞེས་གསུངས་ལ། ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) མཆོག་གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་ལས་[6]ཀྱང་། ཡོངས་གྲགས་ཐོགས་མེད་སྐུ་མཆེད་མ་གཅིག་གི་མཆེད་ཡིན། གཅེན་ཐོགས་མེད་ནི་རྒྱལ་རིགས་དང་། གཅུང་དབྱིག་གཉེན་ནི་བྲམ་ཟེའི་རིགས་ཡིན་པས་ཡབ་མི་གཅིག་གོ །རྗེ་ཞྭ་དམར་པཎྜི་ཏའི་དབང་གི་ཟིན་བྲིས་སུ་དེ་རྣམ་གཉིས་མཚེ་མ་ཡིན་ཅིང་། མཚེ་མ་ཡིན་ན་སྔོན་བཙས་ནུ་བོ་དང་། རྗེས་བཙས་ཕུ་བོ་ཡིན་ཞེས་གསུངས་ཡོད། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་ཆོས་འབྱུང་དུ་ཡང་། གཅུང་དབྱིག་གཉེན་ཁ་ཅིག་ཐོགས་མེད་ཀྱི་མཚེ་མའི་སྐུ་མཆེད་དུ་འདོད། ཁ་ཅིག་ཐོགས་མེད་འཁྲུངས་པའི་ཕྱི་ལོ་འཁྲུངས་ཟེར། ཞེས་དང་། དབྱིག་གཉེན་དང་ཐོ་ཐོ་རི་དུས་མཉམ་པར་གྲགས། ཞེས་བཤད་དོ། །ཞེས་ཀྱང་བྱུང་བ་ལྟར། དེ་གཉིས་མཚེས་མ་མིན་ལ། དབྱིག་གཉེན་ནི་གཅེན་ཐོགས་མེད་འཁྲུངས་པའི་ཕྱི་ལོར་འཁྲུངས་པ་ཞིག་མིན་རབ་ཏུ་བྱུང་བའི་ཕྱི་ལོར་འཁྲུངས་པས་ལོ་བཅུའི་ཆེ་ཆུང་གི་བར་ཁྱད་ཡོད་པ་བཅས་སོ།།
དེ་ཡང་བསྟན་པ་ལ་དགྲ་གསུམ་ཇི་ལྟར་བྱུང་བ་དང་། ཐོགས་མེད་སྐུ་མཆེད་རྣམ་གཉིས་ཀྱིས་དར་རྒྱས་ཇི་ལྟར་དུ་བཏང་ཚུལ་ནི། གཞན་ཕན་ཆོས་ཀྱི་སྣང་བས་ (1871-1927) མཛད་པའི་སློབ་དཔོན་སངས་རྒྱས་གཉིས་པའི་རྣམ་ཐར་ཐར་ལམ་སྣང་བྱེད་ལས[7]། སློབ་དཔོན་ཆེན་པོ་བྲམ་ཟེ་བ་སུ་བྷནྡྷུ་ནི་ཆོས་མངོན་པའི་བསྟན་པ་སྤེལ་བའི་ཕྱིར་བྱོན་པ་ཡིན་ཏེ། རེ་ཞིག་གི་ཚེ་འཕགས་པའི་ཡུལ་གྱི་ན་ལེནྡྲའི་གཙུག་ལག་ཁང་ཆེན་པོ་ནས་གཎྜི་བརྡུང་བའི་ཚེ་མུ་སྟེགས་སྒྲ་ལ་མཁས་པ་ཞིག་གིས་ཉན་པ་ན་སངས་རྒྱས་ཀྱི་བསྟན་པ་མཆོག་ཏུ་དར་བར་ཤེས་ཏེ་དམག་དྲངས་ནས་ལྷ་ཁང་མང་པོ་བསྲེགས་པར་བྱས་པས་ཆོས་མངོན་པ་ཕལ་ཆེར་མེས་ཚིག་གོ །ཡང་ཡུལ་དབུས་ཀྱི་རྒྱལ་པོ་ཞིག་དང་མཐའ་འཁོབ་སྟག་གཟིག་གི་རྒྱལ་པོ་གཉིས་ཕན་ཚུན་མཛའ་བཤེས་སུ་གྱུར་ཏེ་གཅིག་གིས་གཅིག་ལ་ནོར་རིན་ཐང་ཆེན་པོ་ཅན་དུ་མ་སྐྱེས་སུ་བསྐུར་རོ། །ནམ་ཞིག་ན་ཡུལ་དབུས་ཀྱི་རྒྱལ་པོ་དེས་གོས་རིན་ཆེན་སྲུབས་མེད་པ་ཞིག་རྙེད་དེ་གྲོགས་པོ་ལ་སྐྱེས་སུ་བརྫངས་སོ། །དེས་དེ་ལ་བལྟས་པས་བྲང་ལ་རྐང་པའི་རྗེས་ལྟ་བུ་ཡོད་པ་མཐོང་བས་ཁྲོས་ཏེ་དམག་དྲངས་ནས་ཡུལ་དབུས་ཀྱི་གཙུག་ལག་ཁང་མང་དུ་བརླག་པས་མངོན་པའི་གསུང་རབ་ཡང་མང་དུ་བརླགས་སོ།།
ཡང་མུ་སྟེགས་གཉིས་ཤིག་ན་ལེནྡྲར་སློང་མོར་ཡོང་བ་ལ་དགེ་ཚུལ་གྱ་ཚོམ་ཅན་དག་ཐོ་འཚམ་པར་བྱས་པས། དེ་གཉིས་ཁྲོས་ཏེ་གཅིག་དོང་དུ་ཞུགས་ཏེ་ཉི་མ་བསྒྲུབས་ཤིང་ཤོས་ཀྱིས་འཚོ་བ་སྦྱར་རོ། །ལོ་དགུ་ཙམ་ལོན་ཀྱང་མ་གྲུབ་པས་ཕྱིར་ཐོན་པར་བརྩམ་པ་ན། བྲན་དེས་ཁོ་བོས་གདོང་པ་མི་ལ་བཟེད། བྱིན་པ་ཁྱི་ལ་བཟེད་དེ་སློང་མོ་བྱས་ནས་ཁྱོད་ལ་བྱིན་པས་ཉི་མ་མ་གྲུབ་ན་ཁྱོད་གསད་དོ་ཞེས་རལ་གྲི་ཐོགས་ཏེ་འོངས་པས་སླར་ཡང་བསྒྲུབ་པར་དམ་བཅས་ནས་ལོ་གསུམ་དུ་བསྒྲུབས་པས་གྲུབ་སྟེ་གཙུག་ལག་ཁང་ལ་བལྟས་པས་མིག་ལས་མེ་བྱུང་སྟེ་གཙུག་ལག་ཁང་ཕལ་ཆེར་ཚིག་ནས་མངོན་པའི་སྡེ་སྣོད་རྣམས་ནུབ་ཏུ་ཉེ་བ་ན། བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཀྱིས་བུ་གཉིས་བསྐྱེད་པ་ཐོགས་མེད་སྐུ་མཆེད་ཡིན་པས་གཅེན་གྱིས་རི་བྱ་རྐང་ཅན་ནས་བྱམས་པ་བསྒྲུབས། གཅུང་པོ་དབྱིག་གཉེན་གྱིས་ཁ་ཆེ་འདུས་བཟང་སོགས་དགེ་བའི་བཤེས་གཉེན་མང་པོ་བཙལ་ནས་སྡེ་པ་ཐམས་ཅད་ཀྱི་སྡེ་སྣོད་ལ་སྦྱང་བ་མཐར་ཕྱིན། ཞེས་གསུངས།
གཞན་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་[8]ཀྱང་། དེའི་ཚེ་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཞེས་པ་སྔོན་ཡུན་རིང་པོ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་རྒྱལ་བའི་བསྟན་པ་གསོ་བའི་སྨོན་ལམ་གྱི་མཐུ་ཅན་ཞིག་ཡོད་པ་དེའི་བསམ་པ་ལ་ཐུབ་པའི་བསྟན་པ་ལ་དགྲ་ལན་གསུམ་བྱུང་སྟེ་ནུབ་པས། ད་འདི་དར་བར་བྱེད་ནུས་པ་གཞན་ཡང་མི་སྣང་། བདག་ཀྱང་བུད་མེད་དུ་སོང་བས་མི་ནུས་ཀྱི། ལུས་ལས་བུ་བསྐྱེད་ལ་དར་བར་བྱེད་དུ་གཞུག་གོ་སྙམ་སྟེ་རྒྱལ་རིགས་དང་འདུས་པས་ཐོགས་མེད་འཁྲུངས་སོ། །དེ་ནས་ཡུམ་གྱིས་སྲས་འཁྲུངས་མ་ཐག་ལྕེ་ལ་གྷི་ཧང་གིས་ཡི་གེ་ཨ་འབྲི་བ་སོགས་བློ་རྣོ་བའི་ཐབས་བྱས་ཤིང་། རྣམ་པ་ཀུན་ནས་གཙང་སྦྲ་ལ་གནས་ཏེ་བུ་འདིས་རྒྱལ་བའི་བསྟན་པ་འཛིན་པ་ཞིག་ནམ་འོང་སྙམ་དུ་དེ་འབའ་ཞིག་ཡིད་ལ་བརྣགས་ཏེ་དེའི་ཐབས་ལ་འབད་ཅིང་། ཡི་གེ་དང་རྩིས་དང་བྲམ་ཟེའི་རིག་བྱེད་སོགས་རིག་གནས་ཐུན་མོང་བ་རྣམས་ཡུམ་རང་ཉིད་ཀྱིས་བསླབས། ཞེས་རྒྱས་བསྡུས་ཙམ་ལས་ཡུམ་གྱིས་ཐུགས་བསྐྱེད་ཚུལ་དང་། བློ་རྣོ་བའི་ཆོ་གར་ལྕེ་ལ་གྷི་ཧང་གི་ཡི་གེ་ཨ་འབྲི་སོགས་ཀྱི་ཆོ་ག་སྒྲུབ་ཚུལ། རྒྱལ་རིགས་སུ་སྐུ་འཁྲུངས་པ་སོགས་ཕལ་ཆེར་གཅིག་མཚུངས་སུ་གསལ་ལོ།།
འོན་ཀྱང་ཀུ་མ་ར་ཇི་བས་ (C.344-413) བསྒྱུར་བའི་འཕགས་པ་ཐོགས་མེད་དང་དབྱིག་གཉེན་གཉིས་ཀྱི་བྱུང་བ་བརྗོད་པ་ལས[9]། དེ་གཉིས་ཀྱི་འཁྲུངས་ཡུལ་ནི་ཡུལ་དབུས་མ་ག་དྷ་ཡིན་ལ། ཕའི་རིགས་ནི་བྲམ་ཟེ་ཡིན་པས་ཆུང་དུས་སྤུན་གཉིས་ཀ་བྲམ་ཟེའི་ཆོས་ལ་ཞུགས། ཕྱིས་སུ་ཤཱཀྱའི་རིང་ལུགས་ལ་དད་པ་སྐྱེས་ནས་ཐམས་ཅད་ཡོད་པར་སྨྲ་བའི་གྲྭར་རབ་ཏུ་བྱུང་ཞིང་། མ་འགྱངས་པར་སོ་སོར་གྱེས། ཞེས་གསལ་བ་ལྟར་གཅེན་འཕགས་པ་ཐོགས་མེད་དང་། གཅུང་སློབ་དཔོན་དབྱིག་གཉེན་གཉིས་ཀ་བྲམ་ཟེའི་རིགས་ཡིན་པར་གསལ་བས་འཕགས་བོད་ཀྱི་ཆོས་འབྱུང་ཕལ་མོ་ཆེར་རྒྱལ་རིགས་གཅིག་དང་འདུས་པ་ལས་གཅེན་ཐོགས་མེད་དང་། བྲམ་ཟེའི་རིགས་ཤིག་དང་འདུས་པ་ལས་གཅུང་དབྱིག་གཉེན་འཁྲུངས་པར་གསལ་བ་དང་ཅུང་ཟད་མི་མཐུན་ནོ།།
གཞན་ཡང་བོད་རང་གི་སྔོན་བྱོན་མཁས་པ་ཕལ་མོ་ཆེས་མཛད་པའི་དེབ་ཐེར་ཁག་ཏུ་གསལ་བ་ལྟར་ན། སློབ་དཔོན་ཐོགས་མེད་སྐུ་མཆེད་གཉིས་ལས་གཞན་ཡོད་ཚུལ་མི་འབྱུང་ལ། དེ་ཡང་གཅེན་ཐོགས་མེད་ནི་རྒྱལ་རིགས་དང་། གཅུང་དབྱིག་གཉེན་བྲམ་ཟེའི་རིགས་ཡིན་ཚུལ་དང་། ཐོགས་མེད་སྐུ་མཆེད་གཉིས་ནི་ཡུམ་གཅིག་ལ་ཡབ་མི་གཅིག་ཚུལ་སོགས་གསལ་བ་གཙོ་ཆེ་ཡང་། ཉི་ཧོང་གི་མཁས་པ་ཁ་ཅི་ཡ་ན་ཡུའུ་ཨི་ཆིས་ལགས་ཀྱིས་བརྩམས་པའི་རྒྱ་གར་གྱི་གཏན་ཚིགས་རིག་པའི་རྩ་བའི་ངོ་བོ་ཞེས་པའི་ནང་དུ་སློབ་དཔོན་ཐོགས་མེད་ལ་གཅུང་པོ་གཉིས་ཡོད་པར་གསུངས་ཤིང་། དེ་གཉིས་ནི་སློབ་དཔོན་དབྱིག་གཉེན་དང་། གཞན་ནི་སློབ་དཔོན་བློ་ཞེས་ཞུ་བ་དེ་ཡིན་པ་དང་། སློབ་དཔོན་བློ་ནི་སྐུ་མཆེད་གསུམ་ལས་སྐུ་ན་ཆུང་ཤོས་ཡིན་ཚུལ་གསལ་བས་སྔོན་མེད་ཀྱི་ལེགས་བཤད་དམ། གཞན་དུ་མི་གསལ་བའི་རྣམ་ཐར་གྱི་ལེའུ་གསར་པ་ལྟ་བུ་ཞིག་ཏུ་སྣང་ངོ་།།
སྤྱིར་རང་ཅག་བོད་མི་ནི་ཆེན་པོ་ལས་ཆུང་ངུ་མི་རིག་མཁན་ཞིག་ཡིན་སྟབས། འདིར་ཡང་སྔོན་བྱོན་མཁས་གྲུབ་ལོ་པཎ་དག་གིས་ཐོགས་མེད་སྐུ་མཆེད་གཉིས་མཚན་སྙན་ཆེ་བས་འདི་གཉིས་དབང་བཙན་པར་གནང་སྟེ་སློབ་དཔོན་བློ་ལ་ཐུགས་མཉམ་མ་བཞག་པ་ལྟ་བུས་ལུས་པ་ཡིན་སྲིད་པས། སྐུ་མཆེད་གཉིས་ལས་མེད་པ་དེར་ད་དུང་དཔྱད་དགོས་ལ། ཐོགས་མེད་སྐུ་མཆེད་གསུམ་ཡོད་པའི་དབང་དུ་བྱས་ན། ཐོགས་མེད་དང་དབྱིག་གཉེན་གཉིས་ཀྱི་མཚན་ལ་སྐུ་གཞོན་ནུའི་དུས་སུ་བ་སུ་བན་དྷུ་སྟེ་བོད་སྐད་དུ་དབྱིག་གཉེན་ཞེས་ཞུ་ཞིང་། སྐུ་ན་སོན་སྐབས་གཅེན་པོའི་མཚན་བརྗེས་ནས་ཐོགས་མེད་ཅེས་མཚན་གསོལ་ཚུལ་ཀུ་མ་ར་ཇི་བའི་ (344-413) འཕགས་པ་ཐོགས་མེད་དང་དབྱིག་གཉེན་གཉིས་ཀྱི་བྱུང་བར་བརྗོད་པར་གསལ་ནའང་། གཅེན་གཅུང་སྐུ་མཆེད་གསུམ་ཡོད་ཚུལ་མི་གསལ་ལ། སློབ་དཔོན་འཕགས་པ་ཐོགས་མེད་སྐུ་མཆེད་གཉིས་ཀ་བྲམ་ཟེའི་རིགས་ཡིན་ཚུལ་གསལ་མོད། བོད་ཀྱི་ཆོས་འབྱུང་ཁག་ཏུ་ཐོགས་མེད་རིགས་རྒྱལ་རིགས་དང་། སློབ་དཔོན་དབྱིག་གཉེན་བྲམ་ཟེའི་རིགས་ཡིན་ཚུལ་གསལ་བས་མི་མཐུན་ལ། ཡུམ་ལའང་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་དང་། དགེ་བསྙེན་མ་ཚུལ་ཁྲིམས། དགེ་སློང་མ་ཚུལ་ཁྲིམས་སོགས་མི་མཐུན་པ་མང་ངོ་།།
དེ་ཡང་མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ (1653-1705) མཛད་པའི་པད་དཀར་འཛིན་པ་ངུར་སྨྲིག་གར་རོལ་ལྔ་པ་སྡོམ་བརྩོན་རྒྱལ་པོའི་ཚུལ་འཆང་བ་དྲུག་པར་འཕོས་པའི་གཏམ་རྣ་བའི་བཅུད་ལེན་ཡིད་ཀྱི་ཀུན་དགའ་ལས[10]། ཟ་མ་ཏོག་བཀོད་པ་མདོ་སྡུད་པ་སོགས་མདོ་སྡེ་ནས་འགའ་ཞིག་མཆོག་དང༌། འགའ་ཞིག་བར་མ་དང༌། འགའ་ཞིག་དམན་པ་སོགས་སྣ་ཚོགས་པས་རིགས་རུས་ལ་ལར་མཐའ་མ་བཀག་པར་གསུངས་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའམ་འབུམ་ག་པ་ལས[11]། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིགས་ཆེན་པོར་སྐྱེ་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྒྱུད་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་རིགས་ཆེ་ཞིང་མཐོ་བའམ། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བར་སྐྱེ་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྒྱུད་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རུས་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་རིགས་སུ་སྔོན་གྱི་བྱང་ཆུབ་སེམས་དཔའ་རྣམས་བྱུང་བར་གྱུར་པ་དེའི་རིགས་སུ་སྐྱེ་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རུས་ཕུན་སུམ་ཚོགས་པའོ། །ཞེས་སོགས་འཁོར་ཚེ་མངོན་བྱུང་བྱང་ཆུབ་ཤིང་གི་རྒྱན་ཡོན་ཏན་ཡོངས་སུ་རྫོགས་པ་སོགས་ཕུན་སུམ་ཚོགས་པ་རྒྱ་ཆེར་གསུངས་ཤིང༌། ཉི་ཁྲིའམ་སྟོང་ཕྲག་ཉི་ཤུ་པ་ལས་ཆོས་བཅུ་གཉིས་དང་སྦྱར་བ། སྟོང་ཕྲག་བཅོ་བརྒྱད་པ་ཁྲི་བརྒྱད་སྟོང་པ། སྟོང་ཕྲག་བརྒྱད་པ་སོགས་ཤེར་ཕྱིན་རྣམས་ལས་གོང་དང་མཚུངས་པར་གསུངས། རྒྱ་ཆེར་རོལ་པ་ལས[12]། དགེ་སློང་དག་ཅིའི་ཕྱིར། བྱང་ཆུབ་སེམས་དཔའ་རིགས་རྣམ་པར་བལྟ་བ་ལ་རྣམས་པར་བལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་རིགས་དམའ་བ་གདོལ་པའི་རིགས་སམ། སྨྱིག་མ་མཁན་རིགས་སམ། ཤིང་རྟ་མཁན་གྱི་རིགས་སམ། གཡུང་རིགས་སུ་མི་སྐྱེ། བྲམ་ཟེའི་རིགས་སམ་རྒྱལ་རིགས་ཁོ་ན་སྟེ་རིགས་གཉིས་སུ་སྐྱེའོ། །དེ་ལ་གང་གི་ཚེ་བྲམ་ཟེའི་རིགས་བཙུན་པར་བྱ་བ་དེའི་ཚེ་བྲམ་ཟེའི་རིགས་སུ་སྐྱེ་བའོ། །གང་གི་ཚེ་རྒྱལ་རིགས་བཙུན་པར་བྱ་བ་དེའི་ཚེ་རྒྱལ་རིགས་སུ་སྐྱེའོ་ཞེས་དང༌། མངོན་པར་འབྱུང་བའི་མདོ་ལས[13]། རིགས་ཇི་ལྟ་བ་ཞིག་ཏུ་ཉིང་མཚམས་སྦྱོར་བ་ལེན་སྙམ་ན་བྲམ་ཟེའི་རིགས་སམ་རྒྱལ་རིགས་སུ་ཡིན་ལ། དེ་ལ་བྲམ་ཟེའི་རིགས་བཙུན་པར་བཀུར། རྒྱལ་རིགས་མཐོ་ཞིང་བཙུན་པར་བཀུར་བར་གཟིགས་ནས་མ་ལ་བདག་ལ་གཞན་དག་བྱང་ཆུབ་སེམས་དཔས་རིགས་ངན་པར་ཉིང་མཚམས་སྦྱོར་བ་བླངས་སོ་ཞེས་གཞི་འདིས་ཁ་ཟེར་བར་མི་འགྱུར་བས་རྒྱལ་རིགས་སུ་ཉིང་མཚམས་སྦྱོར་བར་བླང་བར་བྱའོ་ཞེས་སོགས་གསུངས་པ་འདི་ཉིད་ཀྱང་རིགས་རུས་ཆོ་འབྲང་དམན་པ་ཞིག་ཏུ་སྐུ་འཁྲུངས་ན་བསྟན་པ་དང་སེམས་ཅན་གྱི་དོན་མཛད་པ་རླབས་ཆེན་མང་པོ་ལ་ཁ་ན་མ་ཐོ་བ་དང་བཅས་གནོད་པར་གཟིགས་པའི་དགོངས་གཞི་ཁྱད་པར་གྱི་རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་པར་གསུངས་པ་ལྟར། སློབ་དཔོན་ཐོགས་མེད་རྒྱལ་རིགས་དང་། གཅུང་དབྱིག་གཉེན་བྲམ་ཟེའི་རིགས་སུ་སྐྱེ་བ་བཞེས་པའོ།།
གཞན་ཡང་མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་དབྱིག་གཉེན། སློབ་དཔོན་ཕྱོགས་གླང་། དཔལ་ལྡན་ཟླ་བ་གྲགས་པ། དཔལ་ལྡན་ཆོས་གྲགས། སློབ་དཔོན་ཡོན་ཏན་འོད་སོགས་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་ཤིང་། སློབ་དཔོན་འཕགས་པ་ལྷ་དང་། འཕགས་པ་ཐོགས་མེད། སློབ་དཔོན་ལེགས་ལྡན་འབྱེད། རྒྱལ་སྲས་ཞི་བ་ལྷ། འཕགས་པ་གྲོལ་སྡེ། སློབ་དཔོན་སེངྒེ་བཟང་པོ། མཁན་ཆེན་ཞི་བ་འཚོ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་སོགས་པཎྜི་ཏ་དུ་མ་ཞིག་རྒྱལ་རིགས་སུ་བསམ་བཞིན་སྐུའི་སྐྱེ་བ་བཞེས་པར་གསུངས་སོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཨ་མེས་ཞབས་བཀའ་འབུམ། ༼ཀ༽ ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། དཔེ་རིང་ཤོག་ ༡༨བ༢
[2] ཀློང་ཆེན་ཆོས་འབྱུང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༥༢
[3] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༣༨
[4] བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས། པོད། ༼ཇི༽ དབུ་མེད་བྲིས་མ། ཤོག་གྲངས་ ༧༧བ༦
[5] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༥༢
[6] བསྟན་རྩིས་ཀུན་ལས་བཏུས་པ། མ ཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡ ༩༨༢ ལོ། ཤོག་གྲངས་ ༨༧
[7] གཞུང་ཆེན་བཅུ་གསུམ། དབྱིག་གཉེན་གྱི་རྣམ་ཐར། དཔེ་གཟུགས་ཤིང་པར། ཤོག་བུ་བཞི་ཅན་ཆ་ཚང་།
[8] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༧༥
[9] ཀུ་མ་ར་ཇི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞི་གདོང་དྲུག་སྙེམས་བློས་བོད་ཡིག་ལ་བསྒྱུར། སྦྲང་ཆར། ༢༠༠༥།༣ ཤོག་ ༡༣༧
[10] ལྔ་པ་དྲུག་པར་འཕོས་པའི་གཏམ་རྣ་བའི་བཅུད་ལེན། ཤིང་དཔར། དཔེ་གཟུགས། ཤོག་གྲངས་ ༩༠ན༤
[11] བཀའ་འགྱུར་དཔེ་བསྡུར་མ། འབུམ། ༼ག༽ དེབ་ཨང་ ༡༦ པ། ༢༠༠༩ ལོ། ཤོག་གྲངས་ ༤༦༠
[12] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཁ༽ དེབ་ཨང་ ༤༦ པ། ཤོག་གྲངས་ ༣༡
[13] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ས༽ དེབ་ཨང་ ༧༢ པ། ཤོག་གྲངས་ ༨
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༦༥ ནས་ ༤༧༤ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།