ཁ༽ འཕགས་པ་ཐོགས་མེད་རྒྱལ་བའི་ལུང་གིས་ཟིན་ཚུལ།
དེ་ཡང་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ཡ་གྱལ་མངོན་པའི་རྒྱན་གྱུར་འཕགས་པ་ཐོགས་མེད་རྒྱལ་བས་ལུང་དུ་བསྟན་ཚུལ་ནི། ཀརྨ་རང་བྱུང་རྡོ་རྗེས་ (1284-1339) མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་པ་གསལ་བ་ཉི་མའི་སྙིང་པོ་ལས[1]།
རྒྱལ་བས་ལུང་བསྟན་དྲང་ངེས་རྣམ་པར་འབྱེད། །ས་གསུམ་འོད་བྱེད་ལ་གནས་མཁས་པའི་མཆོག །
རྒྱལ་བ་བྱམས་པའི་ཐུགས་སྲས་འགྲན་ཟླ་བྲལ། །འཕགས་པ་ཐོགས་མེད་དེ་ལ་ཕྱག་འཚལ་ལོ། །
ཞེས་དང་། དེ་བཞིན་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་རྒྱ་ཆེན་སྤྱོད་པའི་བརྒྱུད་པ་ལ་གསོལ་བ་བཏབ་པ་ལས་[2]ཀྱང་། རྒྱལ་བས་ལུང་བསྟན་འཕགས་པ་ཐོགས་མེད་ཞབས། །ཞེས་གསུངས་པ་ལྟར་འཕགས་པ་ཐོགས་མེད་རྒྱལ་བས་ལུང་བསྟན་ཚུལ་ནི། འཇམ་དཔལ་རྩ་རྒྱུད་ལས[3]།
ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །
མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོའང་རབ་ཏུ་འབྱེད། །
འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར། །
དེ་ཡི་རིག་པ་གྲུབ་པ་ནི། །སཱ་ལའི་ཕོ་ཉ་མོ་ཞེས་བརྗོད། །
དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེ་བར་འགྱུར། །
བསྟན་པ་ཡུན་རིང་གནས་པའི་ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །
ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །
འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་བདེ་བ་རྗེས་མྱོང་ནས། །
བདག་ཉིད་ཆེན་པོ་མཐར་གྱིས་དེ། །བྱང་ཆུབ་ཐོབ་པར་འགྱུར་བ་ཡིན། །
ཞེས་རྒྱལ་བ་ཉིད་ཀྱིས་ལུང་དུ་བསྟན་པ་ལྟར་ཐུབ་པའི་བསྟན་པ་ཉམས་དམས་པ་གསོ་བའི་ཕྱིར་དུ་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་ཞིང་འདིར་བསམ་བཞིན་དུ་བྱོན་པ་ཞིག་དང་། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་[4]ཀྱང་དེ་ཇི་ལྟ་བ་བཞིན་དུ་བཀོད་འདུག་ཅིང་། བུ་སྟོན་ཐམས་ཅད་མཁྱེན་པས་ (1290-1364) མཛད་པའི་བུ་སྟོན་ཆོས་འབྱུང་ལས[5]།
ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་དགུ་བརྒྱ་ལོན་པ་ན། །
ཞེས་ཟེར་བ་ནི་རྒྱུད་ན་མེད་དོ། །འོན་ཀྱང་རྒྱའི་སློབ་དཔོན་རྫོགས་གསལ་གྱིས་དགོངས་འགྲེལ་གྱི་འགྲེལ་པར་བྲིས་པའོ། །ཞེས་གསུངས་པ་ལྟར་ཀོ་རི་ཡའི་བཙུན་པ་ཝེན་ཚེག་[6]གམ་བོད་ལ་ཡོངས་གྲགས་སུ་རྒྱའི་སློབ་དཔོན་རྫོགས་གསལ་ཞུ་བས་མཛད་པའི་མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་པར་(བམ་པོ་༧༥པ།)འཇམ་དཔལ་རྩ་རྒྱུད་ཀྱི་ལུང་ཡིན་ཞེས།
དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་དགུ་བརྒྱ་ལོན་པ་ན། །
ཞེས་པ་བཀོད་པ་ལྟར་མཁས་དབང་དགེ་ཆོས་ཀྱིས་རྒྱ་གར་ནས་རྩ་རྒྱུད་ཀྱི་རྒྱ་གཞུང་དངོས་ལ་གཟིགས་སྐབས་ཀྱང་གོང་གསལ་ལུང་ཚིག་དེ་གཉིས་མེད་ཚུལ་གསུངས་ཡོད། འོན་ཀྱང་པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་དབུ་མའི་ཆོས་འབྱུང་ལས[7]།
ང་ནི་མྱ་ནང་འདས་འོག་ཏུ། །ལོ་ནི་དགུ་བརྒྱ་ལོན་པ་ན། །
ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ཡི་དོན་ལ་མཁས། །
ཞེས་གསལ་བ་ལྟར་བོད་ཀྱི་ཆོས་འབྱུང་དེབ་ཐེར་མང་པོར་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་མྱ་ངན་ལས་འདས་ནས་ལོ་ངོ་དགུ་བརྒྱའི་རྗེས་སུ་འཕགས་པ་ཐོགས་མེད་འབྱུང་བར་འགྱུར་པའི་ལུང་བསྟན་གྱི་ཐོག་མའི་ཚིག་རྐང་གཉིས་པོ་གསལ་བ་སྟེ། དེ་ཡང་ཚིག་རྐང་དེ་གཉིས་བཀའ་འགྱུར་དཔེ་བསྡུར་མའི་ནང་དུ་མི་གསལ་ཡང་། དགོངས་འགྲེལ་གྱི་འགྲེལ་ཆེན་དུ་ལུང་དྲངས་པ་དང་། དེ་ལ་བརྟེན་ནས་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་གྲུབ་མཐའི་རྣམ་བཤད་ཀུན་བཟང་ཞིང་གི་ཉི་མ། འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ། ཀུན་མཁྱེན་པདྨ་དཀར་པོའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ངག་དབང་ཀུན་དགའ་བསོད་ནམས་ཀྱི་ཆོས་འབྱུང་ངོ་མཚར་རྒྱ་མཚོ་སོགས་སུ་ཚིག་རྐང་འདི་གཉིས་བཀོད་པ་གནང་འདུག་ལ། རྒན་གྱའི་དཀོན་མཆོག་རྒྱ་མཚོས་བརྩམས་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་བརྗེད་བྱང་དྲང་སྲོང་ཤུལ་ལམ་ལས[8]། ཐོགས་མེད་འདི་པ་འཁྲུངས་ཡུལ་ཀོ་རེ་ཡའི་བཙུན་པ་ཝེན་ཚེགས་སམ་རྫོགས་གསལ་གྱིས་མཛད་ཅིང་། འགོས་ཆོས་གྲུབ་ཀྱིས་བསྒྱུར་བའི་དགོངས་འགྲེལ་འགྲེལ་ཆེན་དུ་འཇམ་དཔལ་རྩ་རྒྱུད་དྲངས་པ་ལས།
དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་དགུ་བརྒྱ་ལོན་པ་ན། །
ཐོགས་མེད་ཅེས་བྱའི་དགེ་སློང་ནི། །
ཞེས་བྱུང་བ་ལྟར། རྗེ་ཙོང་ཁ་པས་སྐུ་ཚེ་སྟོད་དུ་བརྩམས་པའི་ཀུན་གཞིའི་རྒྱ་ཆེར་འགྲེལ་དུ་ཡང་དེ་ལྟར་བཀོད་ཡོད་ཅིང་། ཐང་སན་ལམ་ཡིག་བམ་པོ་གསུམ་པར་གསང་སྔགས་ལ་ཟུར་ཟ་བའི་ཚིག་ཁ་ཤས་ཡོད་པ་དེ་དག་དྲངས་ཏེ་ཝེན་ཚེགས་ཀྱི་ཡིན་པར་གསེར་ཐང་དུ་བྱུང་བ་མ་དག་སྟེ། ཝེན་ཚེགས་རྒྱ་གར་དུ་བྱོན་པའི་ལོ་རྒྱུས་མེད་པས་སོ། །ཞེས་གསལ་བ་ལྟར་འགྲེལ་ཆེན་དུ་དྲངས་པའི་ལུང་སོགས་ལ་བརྟེན་ནས་མཁས་པ་ལྡེའུས་ (དུས་རབས་13པ།) མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས[9]། དེ་ནས་ཡང་མངོན་པའི་བསྟན་བཅོས་བྱུང་སྟེ། སྟོན་པ་འདས་ནས་ལོ་ནི་དགུ་བརྒྱ་ན། ཞེས་པ་ལ་སོགས་པའི་ཚིགས་བཅད་གསུམ་གྱིས་བསྟན་ཏེ། སངས་རྒྱས་འདས་ནས་ལོ་དགུ་བརྒྱ་ན་ཐོགས་མེད་སྐུ་མཆེད་གཉིས་བྱོན། ཐོགས་མེད་ཀྱིས་ཐེག་ཆེན་གྱི་མངོན་པ་ནུབ་པ་བྱམས་པ་ལ་ཞུས་ཏེ། བྱམས་པའི་ཆོས་ལྔ་འདིར་བྱོན་ཏེ། ཆོས་ལྔ་ལ་བརྟེན་ནས་སའི་སྐོར་བཅུ་བདུན་དང༌། སྡོམ་རྣམ་པ་གཉིས་ལ་ཐེག་པ་ཆེན་པོའི་སྡོམ་དུ་ཐེག་པ་བསྡུས་པ་མཛད། ཐུན་མོང་གི་སྡོམ་དུ་མངོན་པ་ཀུན་ལས་བཏུས་པ་མཛད། །ཅེས་གསལ་བ་ལྟར་རོ།།

དེ་བཞིན་སློབ་དཔོན་ཝེན་ཚེགས་ (613-696) ཀྱིས་མཛད་པའི་འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་ལས[10]། སངས་རྒྱས་མྱ་ངན་ལས་འདས་པའི་ལོ་དགུ་བརྒྱ་ལོན་པ་ན་བྱང་ཆུབ་སེམས་དཔའ་བྱམས་པས་མདོ་སྡེ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པ་ལ་སོགས་པ་ལ་བརྟེན་ནས། བསྟན་བཅོས་མཛད་དེ་འདི་ལྟ་སྟེ། རྣལ་འབྱོར་སྤྱོད་པའི་ས་དང་དབུས་དང་མཐའ་རྣམ་པར་འབྱེད་པ་ལ་སོགས་པའོ། །སློབ་དཔོན་ཐོགས་མེད་དང་དབྱིག་གཉེན་གྱིས་གཞུང་དེ་ཡང་དག་པར་བླངས་ནས་རབ་ཏུ་སྤེལ་ཏེ། དེའི་ཚེ་སངས་རྒྱས་ཀྱི་ཆོས་རོ་གཅིག་པས་སྟོང་པ་དང་ཡོད་པར་སྨྲ་བས་དེ་དག་ལ་རྩོད་པར་གྱུར་པ་མེད་དོ། །དེའི་ཕྱིར་སློབ་དཔོན་ཉེ་བའི་འོད་ན་རེ། ལོ་སྟོང་གི་མདུན་རོལ་ཏུ་ནི་སངས་རྒྱས་ཀྱི་ཆོས་རོ་གཅིག་གོ །དེ་ཚུན་ཆད་ནས་ནི་དྲན་པ་དང་ཤེས་རབ་ཁད་ཀྱིས་འགགས་པས་སྟོང་པ་དང་ཡོད་པའི་རྩོད་པར་སྨྲ་བ་རྣམས་འཇིག་རྟེན་ན་རྒྱས་པར་གྱུར་ཏོ་ཞེས་བཤད་དོ་ཞེའོ། །ཞེས་ལོ་དགུ་ན་བྱོན་པར་གསལ་ལོ།།
གཞན་ཡང་༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་གི་རྒྱུན་གྱི་རྣལ་འབྱོར་དང་དུས་ཀྱི་མཆོད་པར་དགོས་པའི་བཟོ་རྒྱན་ཚད་དང་དགོས་ཆ་གཏན་འབེབས་སུ་བྱས་པའི་དེབ་ཐེར་དངོས་གྲུབ་རྒྱ་མཚོ་ལས[11]། ཐོགས་མེད་ནི། རྨ་བྱ་ཆེན་མོ་ལས།
ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །
མདོ་སྡེ་དྲང་དོན་ངེས་པའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །
ཅེས་པ་ལྟར། མངོན་པ་ལ་དགྲ་ལན་གསུམ་དར་བའི་ཚེ་བྲམ་ཟེ་མོ་ (སུ་པྲ་ཀཱ་ཤ་ཤཱི་ལ།) གསལ་བའི་ཚུལ་ཁྲིམས་ཀྱིས་བསྟན་པ་སྤེལ་ཕྱིར་ཁྱེའུ་ཞིག་བསྐྲུན་པར་བསམས་ནས་རྒྱལ་རིགས་དང་འདུས་པ་ལས་འཕགས་པ་ཐོག་མེད་འཁྲུངས། ཞེས་གསུངས་པ་ལྟར་ལུང་བསྟན་དེ་ཉིད་རྨ་བྱ་ཆེན་མོ་ལས་ཡིན་པར་གསུངས་མོད། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་རྒྱུད་ ༼ཕ༽ པར་བཞུགས་པའི་རྨ་བྱ་ཆེན་མོའི་ནང་དུ་ཚིགས་བཅད་འདི་ཉིད་མི་བཞུགས་སོ།། །།
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] ཀརྨ་རང་བྱུང་རྡོ་རྗེའི་གསུང་འབུམ། ༼ཇ༽ དཔེ་གཟུགས། ཤོག་གྲངས་ ༢ན༡
[2] རྗེའི་བཀའ་འབུམ་ཐོར་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡
[3] བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ན༽ དེབ་ཨང་ ༨༨ པ། ཤོག་གྲངས་ ༨༨༠
[4] མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། སྨད་ཆ། ༡༩༨༦ ལོ། ཤོག་གྲངས་ ༡༤༣༣
[5] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༤༠
[6] ཝེན་ཚེག་ནི་སྔར་ཐང་སན་བླ་མའི་སློབ་མ་ཀོ་རི་ཡའི་མི་རིགས་ཀྱི་སློབ་དཔོན་ཞིག་ཡིན་ལ། བཙུན་པ་ཝེན་ཚེག་གིས་འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་མདོ་རྒྱ་ཆེར་འགྲེལ་པ་རྒྱ་ཡིག་ཏུ་བརྩམས་ཤིང་། སླར་བོད་ཀྱི་སྒྲ་སྒྱུར་གྱི་ལོ་ཙཱ་བ་འགོས་ཆོས་འགྲུབ་ཀྱིས་བོད་ཡིག་ཏུ་བསྒྱུར་བའོ།།
[7] ས་སྐྱའི་ཆོས་འབྱུང་གཅེས་བཏུས། ༼༥༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༤༡༡
[8] བྱང་ཆུབ་ལམ་རིམ་ཆེན་མོའི་བརྗེད་བྱང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ལོ། ཤོག་གྲངས་ ༣༡
[9] རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡༠༣
[10] བསྟན་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཏི༽ དེབ་ཨང་ ༦༨པ། ༢༠༠༡ ལོ། ཤོག་གྲངས་ ༧༣
[11] ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། (༢༡) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༩༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༤༣ ནས་ ༤༤༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།