ན༽ སློབ་དཔོན་ཀ་མ་ལ་ཤཱི་ལའི་རྣམ་ཐར་གྱི་སྙིང་པོ།

ན༽ སློབ་དཔོན་ཀ་མ་ལ་ཤཱི་ལའི་རྣམ་ཐར་གྱི་སྙིང་པོ།

ཤར་དུ་འཁྲུངས་པས་ཤར་གསུམ་མཁན་པོར་གྲགས། །མཁན་པོའི་བཀའ་བཞིན་བཙན་པོས་བོད་དུ་དྲངས། །

ཧྭ་ཤང་ཚར་བཅད་སྒོམ་རིམ་གཞུང་མཛད་པའི། །མཁས་མཆོག་པདྨའི་ངང་ཚུལ་ཞབས་ལ་འདུད། །

ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ལ་ཀ་མ་ལ་ཤཱི་ལ་ (कमालाशिला) (Kamalashila) དང་། རྒྱའི་སྐད་དུ་ (蓮花戒) བོད་སྐད་དུ་སློབ་དཔོན་པདྨའི་ངང་ཚུལ་ཞེས་ཞུ་ཞིང་། ཕྱི་ལོ་ ༧༤༠ ལོར་སྐུ་འཁྲུངས་ཤིང་།

ནཱ་ལེནྡྲའི་མཁན་པོ་དྷརྨ་ཤཱི་ལ་དང་སློབ་དཔོན་ཀ་མ་ལ་རཀྵི་ཏ་ལས་རབ་ཏུ་བྱུང་བས་ཀ་མ་ལ་ཤཱི་ལ་ཞེས་གྲགས། རིག་གནས་ལྔ་ལ་མཁས་པར་གྱུར་ནས་རྒྱ་གར་དུ་བསྟན་འགྲོའི་དོན་མང་དུ་མཛད། མཁན་ཆེན་ཞི་འཚོའི་ཞལ་ཆེམས་ལྟར་ཁྲི་སྲོང་གིས་བོད་དུ་གདན་དྲངས་ཏེ་ཧྭ་ཤང་མ་ཧཱ་ཡ་ན་ལུང་རིགས་ཀྱིས་ཚར་བཅད་དེ་རྒྱལ་བསྟན་ལ་དག་ཐེར་རྨད་དུ་བྱུང་བ་མཛད། བསྟན་བཅོས་སྒོམ་རིམ་གསུམ་དང་། དབུ་མ་སྣང་བ་སོགས་ཆོས་ཚན་ ༡༩ མཛད་ཅིང་། ཕྱིན་ཆད་ལྟ་བ་ཀླུ་སྒྲུབ་ལུགས་དང་། སྤྱོད་པ་ཕར་ཕྱིན་དྲུག །སྒོམ་པ་ཞི་ལྷག་ཟུང་འབྲེལ་བྱེད་ལམ་གཏན་ལ་ཕབ། འཕགས་པ་གཙུག་ན་རིན་པོ་ཆེ་སོགས་བསྒྱུར་གཞུང་ཡང་མང་དུ་བཞུགས། གདན་ས་ནཱ་ལེནྡྲ་དང་བསམ་ཡས་སོགས་སུ་མཛད་ཅིང་འཕགས་བོད་བལ་གསུམ་དུ་བསྟན་འགྲོའི་དོན་རྒྱ་ཆེར་མཛད། ལོ་ཙཱ་བ་བནྡེ་དཔལ་དབྱངས་དང་། ལོ་ཆེན་བཻ་རོ་ཙ་ན། རྦ་ཡེ་ཤེས་དབང་པོ་སོགས་སློབ་མ་མཁས་པ་མང་དུ་བསྐྱངས། རྒྱ་གར་ཤར་ཕྱོགས་ཀྱི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་སློབ་དཔོན་ཆེན་པོ་ཤར་གསུམ་མཁན་པོའི་ཡ་གྱལ་དང་། པཎ་གྲུབ་བཅུ་བདུན་ལས་བརྒྱད་པ་ཡིན་ལ། མཐར་ཕྱི་ལོ་ ༧༩༧ ལོར་གཤེད་མས་སྒྲ་སྒྱུར་ཁང་དུ་མཁལ་མ་མཉེས་ནས་བཀྲོངས་པ་བཅས་སོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༣༧ ནས་ ༤༣༨ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *