༡༽ སྒོམ་རིམ་གྱི་བརྗོད་བྱ་དང་རྒྱས་བསྡུས་སོགས་ཀྱི་སྐོར།
དེ་ལྟར་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་རྒྱལ་བའི་བསྟན་པ་ཚང་ལ་མ་ནོར་བ་འཁྲུལ་པའི་དྲི་མ་དང་། ཡུལ་ཆོས་ཀྱི་བསྲེ་ལྷད་མ་ཞུགས་པར་གངས་ལྗོངས་ཆོས་ཀྱི་ཞིང་སར་ཁྱབ་སྤེལ་ཐུབ་པ་ནི། མཁན་ཆེན་ཞི་འཚོ་ཡབ་སྲས་ཀྱི་ཐབས་མཁས་ཐུགས་རྗེའི་འཕྲིན་ལས་ཉག་ཅིག་ལས་བྱུང་བ་སྨོས་མ་དགོས་ཤིང་། པཎ་གྲུབ་བཅུ་བདུན་ལས་བོད་གངས་ཅན་ལྗོངས་སུ་དངོས་སུ་ཞབས་ཀྱིས་བཅགས་མྱོང་བ་ནི།
མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་པདྨའི་ངང་ཚུལ། ཇོ་བོ་ལྷ་གཅིག་དཱི་པཾ་ཀ་ར་བཅས་གསུམ་ལས། མཁན་ཆེན་ཞི་བ་འཚོ་སྐུ་ཚེའི་མཇུག་བོད་དུ་གཏན་བཞུགས་མཛད་རུང༌། དེའི་རིང་བསྟན་བཅོས་བརྩམས་པའི་རྣམ་ཐར་མ་མཇལ་ལ། པདྨའི་ངང་ཚུལ་མཆོག་གི་གསུང་རྩོམ་རྣམས་ཀྱི་ནང་ནས་ཁྱད་དུ་འཕགས་པ་སྒོམ་རིམ་རྣམ་གསུམ་ནི། བོད་ཡུལ་རང་དུ་བོད་ཀྱི་བཙན་པོས་གསོལ་བ་བཏབ་པ་བཞིན་སྐབས་དེའི་ལོག་པར་སྨྲ་བ་རྣམས་ཀྱི་ལོག་རྟོག་བསལ་ཞིང༌། བོད་ཀྱི་གདུལ་བྱའི་ཁམས་མོས་དབང་པོ་དང་འཚམ་པར་ལྗགས་རྩོམ་གནང་བས་ན། རྒྱ་གཞུང་གཞན་དང་མི་འདྲ་བར་ཚིག་སྦྱོར་གོ་བདེ་ཞིང༌། ལས་དང་པོ་བ་རྣམས་ལ་ཤིན་ཏུ་འཚམ་པར་མ་ཟད། རྒྱ་གར་གྱི་མཁས་པས་བོད་དུ་བརྩམས་པའི་བསྟན་བཅོས་ཀྱི་ཐོག་མའང་འདི་ཉིད་ཡིན།
དེ་རྗེས་མཉམ་མེད་ཇོ་བོ་ཆེན་པོས་བོད་དུ་བྱང་ཆུབ་ལམ་གྱི་སྒྲོན་མ་ལྗགས་རྩོམ་མཛད་དེ་རྒྱ་གར་དུ་བསྐུར་སྐབས་རྒྱ་གར་གྱི་མཁས་པ་རྣམས་ཀྱིས་ཨ་ཏི་ཤ་བོད་དུ་མ་བྱོན་ན་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པའི་ཚིག་ཉུང་གོ་བདེའི་བསྟན་བཅོས་འདི་འདྲ་རྒྱ་གར་དུ་བརྩམ་རྒྱུ་དཀའ་ཞེས་གསུངས་པར་གྲགས་པའི་ལོ་རྒྱུས་ལྟར། སློབ་དཔོན་པདྨའི་ངང་ཚུལ་ཞབས་ཀྱང་བོད་དུ་མ་བྱོན་ན་སྒོམ་རིམ་ཐོག་མཐའ་བར་གསུམ་ལྟ་བུའི་བསྟན་བཅོས་བརྩམ་རྒྱུའི་ཐུགས་འདུན་འཁྲུངས་དཀའ་བར་སེམས་སོ།།
དེ་ལྟ་བུའི་སྒོམ་རིམ་གསུམ་གྱི་བརྗོད་བྱ་གང་ཞེ་ན། དེ་ཡང་ཀུན་མཁྱེན་རོང་སྟོན་ཆེན་པོས་ (1367-1449) མཛད་པའི་སྒོམ་རིམ་དང་པོའི་འགྲེལ་པ་ཞི་ལྷག་གསལ་བར་བྱེད་པའི་རྒྱན་ལས[1]། མཁས་པའི་དབང་པོ་ཞི་བ་འཚོས། འཕགས་པའི་ཡུལ་གྱི་མཁས་པ་མཆོག་ཏུ་རབ་ཏུ་བསྔགས་ཤིང་། གསུང་རབ་ཀུན་ལ་མི་འཇིགས་པའི་སྤོབས་པ་ཐོབ་པ། ཁྱད་པར་རིགས་པའི་ཚུལ་ལ་ཤིན་ཏུ་མཁས་པའི་སློབ་དཔོན་ཀ་མ་ལ་ཤཱི་ལས། སློབ་དཔོན་ཧྭ་ཤང་མཧཱ་ཡ་ན་ལ་སོགས་པའི་ལྟ་བ་ངན་པ་བཟློག་ཅིང་། ཡང་དག་པའི་ལམ་གྱི་རིམ་པ་མ་ནོར་བར་སྟོན་པའི་བསྟན་བཅོས་མཛད་པར། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཞལ་སྔ་ནས་ཡོངས་སུ་བསྐུལ་བས། དང་པོ་ཞི་གནས་ཤས་ཆེ་བ་དང་། བར་དུ་ཟུང་དུ་འཇུག་པ་དང་། མཐའ་མ་ལྷག་མཐོང་ཤས་ཆེ་བ་སྟོན་པའམ། ཡང་ན་དང་པོ་རང་གི་བཞེད་གཞུང་རྒྱས་པར་སྟོན་པ་དང་། བར་པ་ལམ་ཉམས་སུ་ལེན་པའི་ཚུལ་གསལ་བར་མཛད་པ་དང་། མཐའ་མ་གཞན་ཕྱོགས་སུན་དབྱུང་བ་གཙོ་བོར་བྱས་པའི་སྒོམ་པའི་རིམ་པ་གསུམ་གསུངས། ཞེས་གསུངས་པ་ལྟར་རོ།།
དེ་བཞིན་སྒོམ་རིམ་གསུམ་དུ་མཛད་པའི་དགོས་པ་དང་། རྒྱས་བསྡུས་ཀྱི་ཁྱད་པར། མདོ་གང་ལ་བརྟེན་ནས་མཛད་མིན་བཅས་ནི། ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཕྱག་རྒྱ་ཆེན་པོའི་མན་ངག་གི་བཤད་སྦྱར་རྒྱལ་བའི་གན་མཛོད་ལས[2]། དེ་ལ་དབུ་མའི་སྒོམ་པའི་རིམ་པ་འདི་དག་ཧྭ་ཤང་ལ་སོགས་པ་ཐེག་པ་ཆེན་པོ་ལྟར་བཅོས་པའི་སྒོམ་པའི་རིམ་པ་རྣམས་སྤང་ཞིང་ཕྱིན་ཅི་མ་ལོག་པའི་རིམ་པ་རྟོགས་པར་བྱ་བའི་དོན་དུ་ཡིན་ལ། གསུམ་དུ་རྩོམ་པའི་དགོས་པ་ནི། རྒྱས་འབྲིང་བསྡུས་པའི་བྱེ་བྲག་གིས་གང་ལ་མོས་པའི་སྐྱེ་བོའི་དབང་དུ་བྱས་པའམ། གཞན་ཡང་ཧྭ་ཤང་གཞུང་བེའུ་བུམ་དམར་པོ་ལ་སོགས་པ་གསུམ་ཡོད་དེ། དེའི་དོན་དུ་བརྩམས་པའམ། ཡང་ན་རང་གི་གཞུང་རྒྱས་བསྡུས་ཀྱི་དོན་ནི་སྒོམ་པའི་རིམ་པ་བར་མ་དང༌། དང་པོ་བརྩམས། གཞན་གཞུང་མི་འཐད་པ་ནི་སྒོམ་རིམ་མཐའ་མས་བསྟན་ཡང༌། གཞུང་མི་འདྲ་སྟེ། སྙིང་རྗེ་དང་སེམས་བསྐྱེད་དང༌། བསྒྲུབ་པ་གསུམ་གྱི་དབང་དུ་བྱས་ནས་སྒོམ་རིམ་དང་པོ་བརྩམས་ཤིང༌། ཞི་གནས་དང་ལྷག་མཐོང་གི་དབང་དུ་བྱས་ནས་མཐའ་མ་བརྩམས་སོ། །དེ་ལ་སྒོམ་པའི་རིམ་པ་དང་པོ་ནི་ལངྐར་གཤེགས་པ་ལ་བརྟེན་ནོ། །བར་མ་ནི་རྣམ་སྣང་མངོན་བྱང་གི་རྒྱུད་ལ་བརྟེན་པའོ། །མཐའ་མ་ནི་དགོངས་པ་ངེས་པར་འགྲེལ་བའི་མདོ་ལ་བརྟེན་པའོ། །ཞེས་འབྱུང་གི །དེ་ལས་གཞན་ནི་བླུན་པོས་སྦྱར་བའི་གཏམ་ཡིན་པས་ཚད་མར་བྱ་མི་རིགས་པས་སོ། །ཞེས་གསུངས་སོ།། །།
༢༽ བསྒོམ་རིམ་གྱི་ལེགས་སྦྱར་བསྐྱར་གསོ་གནང་ཚུལ།
དེ་ལྟར་བསྒོམ་རིམ་ཐོག་མཐའ་བར་གསུམ་ནི། བོད་གངས་ཅན་གྱི་ལྗོངས་སུ་དངོས་སུ་ཞབས་ཀྱིས་བཅགས་ཤིང་། རྒྱ་གར་འཕགས་ཡུལ་གྱི་སློབ་དཔོན་གསེར་གྱི་རི་བོ་ཚར་དུ་དངར་བ་ལྟ་བུ་ཇི་སྙེད་ཅིག་བྱོན་པའི་ནང་ནས། མཁྱེན་རབ་རྣམ་དཔྱོད་ཀྱི་གཤོག་རྩལ་རབ་ཏུ་རྫོགས་པའི་མཁས་མཆོག་ཀ་མ་ལ་ཤཱི་ལ་སྟེ་པདྨའི་ངང་ཚུལ་དེ་ཉིད་ཀྱི་རྨད་བྱུང་གསུང་གི་མཛད་པའི་ཕྱག་རྗེས་ཀྱི་སྐྱེས་བཟང་། རྒྱལ་གསུང་བདུད་རྩིའི་དགོངས་དོན་རྣམས་ཇི་ལྟར་བསྒོམ་ཞིང་རྒྱུད་ལ་སྐྱེ་བའི་རིམ་པ་རབ་ཏུ་གསལ་ཞིང་། རྨད་དུ་བྱུང་བའི་ཐབས་བཟང་པོ་དབུ་མའི་བསྒོམ་རིམ་ཐོག་མཐའ་བར་གསུམ་ཞེས་བོད་དུ་མཛད་པའི་བསྟན་བཅོས་ཡོངས་སུ་གྲགས་པ་ཞིག་ཡིན་ལ། དེ་ཡང་མཁས་མཆོག་འདི་ཉིད་ཀྱིས་བོད་ཡུལ་དུ་ལུང་དང་རིགས་པ་དྲི་མ་མེད་པའི་སྒོ་ནས་ཧྭ་ཤང་གི་ལྟ་བ་ངན་པ་སུན་ཕྱུང་ནས་རྒྱལ་བའི་བསྟན་པ་ལ་དག་ཐེར་རྨད་དུ་བྱུང་བ་མཛད་ཅིང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས། ལྟ་ངན་ལོག་པར་སྨྲ་བ་བཀག་པ་རྣམས་ཕྱི་རབས་ཀྱི་གདུལ་བྱའི་དོན་དུ་ཡི་གེར་འཁོད་པ་ཞིག་དགོས་པ་གལ་ཆེར་གཟིགས་ཏེ་བཙན་པོའི་བཀས་བསྐུལ་ཏེ། སྒོམ་རིམ་རྣམ་གསུམ་བོད་གངས་ཅན་གྱི་ལྗོངས་སུ་མཛད་དོ།།
བསྟན་བཅོས་འདི་དག་ནི་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་སྙིང་རྗེ་ཆེན་པོ་དང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ། ལྷག་པར་ཞི་གནས་དང་། ལྷག་མཐོང་གཉིས་སྒྲུབ་ཚུལ་རྩལ་དུ་བཏོན་ནས་འཆད་པའི་བསྟན་བཅོས་ཤིག་ཡིན་ལ། གཞན་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་དབུ་མའི་ལྟ་བ་རིགས་པས་གསལ་བར་མཛད་པའི་བསྟན་བཅོས་ཤིག་རྩོམ་པར་བསྐུལ་མ་མཛད་པ་ལྟར་དབུ་མ་སྣང་བ་འདི་ཡང་བོད་གངས་ཅན་གྱི་ལྗོངས་སུ་མཛད་པ་ཞིག་ཡིན་ནོ།།
དེ་ལྟར་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་ཡོངས་སུ་བསྡུས་ཤིང་། ཐེག་པ་མཆོག་གི་ལམ་གྱི་རིམ་པ་མཐའ་དག་གང་ཟག་གཅིག་གིས་སྟན་ཐོག་གཅིག་ཏུ་ཇི་ལྟར་ཉམས་སུ་ལེན་ཚུལ་ཁྲིགས་ཆགས་སུ་བསྡེབས་པའི་མན་ངག་གི་སྙིང་པོ། མ་རྟོགས་པ་དང་ལོག་པར་རྟོག་པའི་དྲི་མ་རྣམས་སེལ་ཆེད་ལུང་རིགས་ཀྱི་རྒྱབ་ནོན་ཕུན་སུམ་ཚོགས་པ་དང་ལྡན་པའི་བསྟན་བཅོས་སྒོམ་རིམ་གསུམ་དུ་གྲགས་པ་འདི་ནི་བརྗོད་བྱའི་ཟབ་ཁྱད་དང་། ལུང་རིགས་མཐའ་བཙན་པའི་སྒོ་ནས་ཁྱད་པར་དུ་འཕགས་ཤིང་། ལྷག་པར་བོད་ཀྱི་སྐྱེ་དགུའི་སེམས་ཚོར་དང་འབྲེལ་ལམ་ཤིན་ཏུ་ཆེ་བའི་གཞུང་ལུགས་ཤིག་ཡིན་པས། གནའ་དུས་སུ་བོད་ལྗོངས་མཐའ་དབུས་ཀྱི་གཙུག་ལག་ཁང་ཕལ་ཆེར་ལ་འདི་ཡི་དཔེ་རྒྱུན་རྒྱ་ཁྱབ་ཏུ་བཞུགས་པར་མ་ཟད། འཆད་ཉན་ཡང་དར་རྒྱས་ཤིན་ཏུ་ཆེ་ཞིང་། བོད་ཀྱི་གཞུང་ཆེན་ཕལ་མོ་ཆེར་འདིའི་ལུང་ཁུངས་མ་དྲངས་པ་མེད་པ་ལྟ་བུར་གྱུར་ཡོད།
འོན་ཀྱང་རིམ་པས་དུས་ཀྱི་འགྱུར་བས་བོད་ནང་ལེགས་སྦྱར་གྱི་འཆད་ཉན་ཇེ་ཉམས་སུ་ཕྱིན་པ་དང་ཆབས་ཅིག །གཞུང་ལུགས་འདི་རིགས་ཀྱི་འཆད་ཉན་དང་། ཐ་ན་གླེགས་བམ་ཚུན་ཆད་རིམ་བརླགས་ཀྱིས་དེང་དུས་མ་ཕྱི་ཙམ་ཡང་མི་རྙེད་པའི་གནས་སུ་གྱར་ཞིང་། ནུབ་གླིང་ཨི་ཊ་ལིའི་མཁས་དབང་ཌུ་ཅིས་འབད་བརྩོན་ཐབས་འཚོལ་གྱི་འབྲས་བུར་བོད་ནས་བསྒོམ་རིམ་དང་པོ་དང་། རུ་སུ་ནས་བསྒོམ་རིམ་མཐའ་མའི་རྒྱ་དཔེ་ལག་བྲིས་རྙིང་སོང་དག་རྙེད་པ་དབུ་ཞབས་ཀྱི་ཤོག་བུ་རེ་ཟུང་མ་ཚང་ཡང་། འཕྲོས་ཇི་སྙེད་བོད་དཔེ་དང་བསྡུར་ནས་དག་ཞུས་ཐོག་རོ་མན་ཡིག་གཟུགས་སུ་དཔར་འགྲེམས་མཛད་འདུག་རུང་། བསྒོམ་རིམ་བར་པ་མ་ཚང་བ་དང་། ཡིག་གཟུགས་ཀྱང་རྣམ་པ་གཞན་དུ་གནས་པ་བཅས་ལ་བརྟེན། ཕྱོགས་འདིའི་དོན་གཉེར་ཅན་རྣམས་ལ་ཕན་རླབས་ཆུང་བར་མཐོང་ཞིང་། སློབ་དཔོན་པདྨའི་ངང་ཚུལ་གྱི་བཀའ་དྲིན་རྗེས་སུ་དྲན་པའི་བློས་ཉེར་བར་བསྐུལ་ཏེ། བསྒོམ་རིམ་གསུམ་ཀ་ལེགས་སྦྱར་གྱི་སྐད་དུ་ཚང་བ་བཟོ་རྒྱུ་དང་། ཧིན་སྐད་དུ་བསྒྱུར་རྒྱུ་བཅས་ཝཱར་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལེགས་སྦྱར་གཞུང་ལུགས་བསྐྱར་གསོའི་ལས་རིམ་ནང་གལ་འགངས་ཆེ་གྲས་སུ་བརྩིས་ཏེ། རྩོལ་བ་ཆེན་པོས་ཨཱཅཱརྱ་རྒྱལ་མཚན་རྣམ་གྲོལ་ལགས་ཀྱིས་སྒོམ་རིམ་གསུམ་ཀའི་བོད་དཔེ་དང་། སྒོམ་རིམ་དང་པོ་དང་མཐའ་མའི་ལེགས་སྦྱར་གྱི་སྐད་ལ་དག་ཞུས། སྒོམ་རིམ་བར་པ་རྒྱ་དཔེ་མ་རྙེད་པ་བསྐྱར་གསོ། གསུམ་ཀ་ཧིན་སྐད་དུ་ཕབ་བསྒྱུར་བཅས་མཛད་པ། ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཕགས་བོད་པོད་ཕྲེང་ཁོངས་ཕྱི་ལོ་ ༡༩༨༥ ལོར་དཔར་བསྐྲུན་གནང་ཡོད་པ་བཅས་སོ།། །།
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] རོང་སྟོན་གསུང་འབུམ། ༼ཉ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༨༠
[2] ཕྱག་རྒྱ་ཆེན་པོའི་མན་ངག་གི་བཤད་སྦྱར། ཝཱ་ར་ཎཱ་སིའི་པར་མ། ༢༠༠༧ ལོ། ཤོག་གྲངས་ ༤༥༦
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༡༣ ནས་ ༤༡༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།