པཎ་གྲུབ་བསྟོད་ཆེན་གྱི་བཀའ་ཁྲིད། (8)

༄༅། །ཕྱི་ལོ་ ༢༠༡༧ ལོའི་ཟླ་བ་ ༧ ཚེས་ ༡༧ ཉིན་ལ་དྭགས་ཟངས་དཀར་ཕོ་བྲང་དུ་སྩལ་པའི་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད་བཞུགས་སོ།།[1]

(སྒྲ་འཇུག་དུམ་བུ་དང་པོའི་སྐར་མ་ ༣༨ ནས་ཕྱག་ཚོད་ ༡ དང་སྐར་མ་ ༥༨ བར་གསལ་བ་ལས་སྒྲ་ཕབ་ཞུས་པའོ།།)

པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་འདི་ཉིད་ཕྱོགས་གཅིག་ནས་ངོས་ཀྱིས་གལ་ཆེན་པོ་བརྩིས་ཏེ་བྲིས་ཤིང་། དེ་འབྲེལ་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་ཞིག་ཀྱང་ངོས་ཀྱིས་གསར་གཏོད་ལྟ་བུ་བྱས་ཡོད། དེར་བརྟེན་ངོས་ཀྱིས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་འདིའི་འགྲེལ་བཤད་གཅིག་བྱེད་དགོས་སྙམ་པ་ཞིག་བྱུང་།
འགྲོ་ལ་ཕན་བཞེད་ཐུགས་རྗེས་རབ་བསྐྲུན་པའི། །

སྤངས་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ། །

རྟེན་འབྱུང་གཏམ་གྱིས་འགྲོ་རྣམས་འདྲེན་མཛད་པའི། །

ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ། །

དེ་ནི་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད་ལས[2]།

ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །

སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །

ཞེས་གསུངས་པ་དེ་དང་། དེ་བཞིན་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་ལས་[3]ཀྱང་།

གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །

ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །

ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །

རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །

ཞེས་པ་དེ་གཉིས་བསྡོམས་ནས་སྟོན་པ་བཅོམ་ལྡན་འདས་ལ་མཆོད་པར་བརྗོད་པ་ཡིན།

རྒྱལ་ཡུམ་དགོངས་དོན་མཐའ་བྲལ་དེ་ཉིད་དོན། །

བསྟན་པ་སྤྱི་བཙན་གྱི་གཞུང་གཙོ་བོ་ནི། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡིན་ཅིང་།

ངོས་ནས་རྒྱུན་དུ་ཐེག་པ་ཆེ་ཆུང་དང་། ཐེག་ཆེན་ཐེག་དམན་གྱི་ཐ་སྙད་དེ་དག་མི་དགོས་པ་བྱས་ཏེ་པཱ་ལིའི་ཆོས་བརྒྱུད་དང་། ལེགས་སྦྱར་གྱི་ཆོས་བརྒྱུད་ཅེས་གཉིས་སུ་ཕྱེ་ནས་བརྗོད་བཞིན་ཡོད། པཱ་ལིའི་ཆོས་བརྒྱུད་དེ་བཞིན་ཧ་ཅང་གལ་གནད་ཆེན་པོ་ཡིན། ང་ཚོའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་སོ་སོར་ཐར་པའི་མདོ་དེ་ཉིད་ལེགས་སྦྱར་གྱི་སྐད་ཡིག་ཐོག་བཞུགས་ཡོད་ཅིང་། འཕགས་པ་གནས་བརྟན་སྡེ་པའི་ལུགས་ཀྱི་སོ་སོར་ཐར་པའི་མདོ་དེ་ཉིད་པཱ་ལིའི་སྐད་ཡིག་ཐོག་བཞུགས་ཡོད།

འོན་ཀྱང་རྩ་བའི་ཕམ་པ་དང་། ལྷག་མ། སྤང་ལྟུང་། འབའ་ཞིག །ཉེས་བྱས། སོར་བཤགས་བཅས་ལས་ང་ཚོའི་འདུལ་གཞུང་དུ་ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་ཡིན་ནའང་། པཱ་ལིའི་ནང་གོ་གཉིས་འདུག་པ་དང་། ཉེས་བྱས་ཀྱི་ནང་དུ་ཅུང་ཟད་དབྱེ་བསྡུ་མི་འདྲ་བ་ཡོད་པ་སྟེ། དཔེར་ན། ཤམ་ཐབས་ཟླུམ་པོར་བགོ་བར་བྱའོ། །ཞེས་པ་གཅིག་པུས་འཐུས་པ་གནང་ཡོད། ལེགས་སྦྱར་གྱི་གཞུང་ནང་། ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པ་དང་། ཏ་ལའི་ལོ་མ་ལྟར་མ་ཡིན་པ་དང་། སྦྲུལ་མགོའི་གདེང་ཀ་ལྟར་མ་ཡིན་པ་དང་། སྦྲུལ་ཕུང་པོ་ལྟར་མ་ཡིན་པ་ལྟར་བགོ་བར་བསླབ་པར་བྱའོ། །ཞེས་གསུངས་པ་ལྟར་གོས་བགོ་བ་ལས་གྱུར་པའི་སྡེ་ཚན་གྱི་སྡོམ་ལས[4]

ཤམ་ཐབས་ལ་ནི་རྣམ་བདུན་དང་། །སྟོད་གཡོགས་པ་ནི་རྣམ་པ་གསུམ། །

ཞེས་གསུངས་པ་ལྟར། དབྱེ་བསྡུ་ཕྲན་བུ་མི་འདྲ་བ་ཙམ་ལས་འགལ་བ་ཆེ་བ་མི་འདྲ་བ་གང་ཡང་མེད་པར། པཱ་ལིའི་འདུལ་བའི་གཞུང་རྣམས་དང་གཅིག་པ་ཆགས་ཡོད།

སྔར་ཨོ་སི་ཀྲོ་ལི་ཡར་འཛམ་གླིང་ནང་པའི་ཚོགས་ཆེན་ཞིག་ཚོགས་ཤིང་། སྐབས་དེར་འབར་མའི་དགེ་སློང་གཉིས་ཕེབས་འདུག་པས། ཁོང་གཉིས་ཀྱིས་ངོས་རང་ཐུག་དགོས་ཡོད་ཅེས་གསུངས་པ་ལྟར། དེ་ཉིན་མགྲོན་ཁང་ནང་ངོས་ནས་ཆོས་གོས་གྱོན་ཞིང་། ཁོང་གཉིས་དང་མཇལ་འཕྲད་བྱུང་བར། དགེ་སློང་རྣམ་གཉིས་ནས་ང་ཚོ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གཅིག་པ་རེད། འོན་ཀྱང་མི་འདྲ་བ་མང་དུ་ཡོད་ཅེས་གསུངས་པར། ངོས་ནས་ཕྲན་བུ་མི་འདྲ་བ་ཡོད་ཀྱང་། སངས་རྒྱས་བསྟན་པའི་གཞི་མ་འདུལ་བས་འཛིན་དགོས་ཤིང་། འདུལ་བའི་ཆ་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་དང་། འཕགས་པ་གནས་བརྟན་པའི་སྡེ་པ། ཕལ་ཆེན་པའི་སྡེ་པ། མང་བཀུར་བའི་སྡེ་པ་བཅས་སྡེ་པ་མི་འདྲ་བ་ཡོད་པ་ལས། ཁྱེད་རྣམས་འཕགས་པ་གནས་བརྟན་པའི་སྡེ་པ་དང་། ང་ཚོ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ཆགས་ཡོད། དེ་ལྟར་ཅུང་ཟད་མི་འདྲ་བ་ཙམ་ལས། ང་ཚོ་ཚང་མ་སོ་ཐར་གྱི་ཉམས་ལེན་བྱ་རྒྱུའི་རིགས་རྣམས་ང་ཚོ་ཚང་མའི་རྨང་གཞི་རེད་ཅེས་ཞུས་པར། དགེ་སློང་ཁོང་གཉིས་ཧ་སངས་པ་ལྟ་བུས་ཁྱེད་རང་ཚོར་འདུལ་བའི་ཉམས་ལེན་ཡོད་དམ་ཞེས་ཟེར། ང་ཚོ་ཚང་མ་སྔགས་འཆང་རལ་པ་ཅན་ལྟར་སྡོད་ཀྱི་ཡོད་པ་བློ་ངོར་འཁོར་འདུག །བོད་ཀྱི་ཆོས་དེ་གསང་སྔགས་ཀྱི་ཆོས་ཡིན་པས། བླ་མའི་ཆོས་ལུགས་རེད་དགོངས་པ་འདྲ་འདུག །

དེ་རྗེས་ངོས་ནས་ཅུང་ཟད་ཀྲོག་ཀྲོག་ལྟ་བུས། ཕམ་པ་དང་། ལྷག་མ། སྤང་ལྟུང་སོགས་ཀྱི་འགྲེལ་བཤད་ཅུང་ཟད་ཞུས་པ་ཡིན། མདོར་ན་པཱ་ལིའི་ཆོས་བརྒྱུད་དང་། ལེགས་སྦྱར་གྱི་ཆོས་བརྒྱུད་གཉིས་ཡོད་པ་ལས། མཁས་པའི་དབང་པོ་དེ་དག་གིས་གཙོ་བོ་ལེགས་སྦྱར་གྱི་ཆོས་བརྒྱུད་གཙོ་བོར་གནང་བ་སྟེ། དཔེར་ན་མགོན་པོ་ཀླུ་སྒྲུབ་ལ་ཆ་མཚོན་ན། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ལེགས་སྦྱར་གྱི་གཞུང་ལུགས་ཧ་ཅང་སྤུས་དག་ཅིང་ཚད་མཐོ་པོ་འདུག་ཅེས་ལེགས་སྦྱར་མཁས་པ་དག་གིས་གསུང་གི་འདུག་ལ། ནང་པ་ཡིན་པའི་དབང་གིས་ཀླུ་སྒྲུབ་ཀྱི་ལྟ་གྲུབ་སྦྱངས་པ་མིན་པར། ཀླུ་སྒྲུབ་ཀྱི་ལེགས་སྦྱར་གྱི་རྩོམ་གཤིས་རྣམས་ཧ་ཅང་ཡག་པོ་འདུག་ཅེས་དགའ་མོས་ཆེན་པོ་བྱེད་མཁན་ཡང་ཡོང་གི་འདུག །དེ་བཞིན་དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ལེགས་སྦྱར་གྱི་རྩོམ་གཤིས་དེ་ཡང་ཧ་ཅང་ཡག་པོ་འདུག་ཅེས་བརྗོད་ཀྱི་འདུག །དེས་ན་ངོས་ནས་རེ་བ་བྱེད་བཞིན་པ་གཅིག་ནི། རྒྱ་གར་ནང་དུ་རྒྱ་གར་བ་རང་ཉིད་ཀྱི་གནའ་རབས་ཀྱི་ཚད་མའི་གཞུང་དང་། སེམས་ཁམས་རིག་པ། ལྟ་གྲུབ་ཀྱི་རྣམ་གཞག་རྣམས་བསྐྱར་གསོ་ཞིག་བྱ་རྒྱུར་ངོས་ནས་འབད་བརྩོན་བྱེད་བཞིན་ཡོད། རྒྱ་གར་བ་དོན་གཉེར་ཅན་དེ་རིགས་ལ་ཚད་མ་སོགས་སློབ་ཁྲིད་བྱ་རྒྱུ་ལོ་འདིའི་ནང་འགོ་འཛུགས་བྱེད་བྱེད་ཐུབ་པ་ཞིག་མི་ཡོང་ངམ་སྙམ། དེ་ཡང་ང་རང་ཚོའི་ཁྲོད་ནས་ལེགས་སྦྱར་གྱི་སྐད་ཡིག་ཤེས་མཁན་གྱི་དགེ་རྒན་འགའ་ཞིག་ཝཱ་རཱ་ཎ་སཱི་ནས་ཡོང་བའི་རེ་བ་བྱེད་བཞིན་ཡོད། དེ་དག་འགྲིག་པ་ཞིག་བྱུང་ན། བསླབ་གཞིའི་གཞུང་དེ་ཉིད་ཀྱང་སྔ་མོའི་ལེགས་སྦྱར་དེ་གའི་ཐོག་ནས་སློབ་ཁྲིད་བྱ་རྒྱུ་དང་། དེ་ལྟར་འགྲེལ་བཤད་བྱེད་མཁན་རྒྱ་གར་བའི་ནང་གཅིག་ཀྱང་མེད། ང་ཚོ་བོད་པས་ཚད་མ་སོགས་ཀྱི་གཞུང་ཆེན་པོ་ཏི་ལྔར་ལོ་ངོ་ཉི་ཤུ་སུམ་ཅུའི་རིང་སྦྱངས་པ་བྱས་པ་རྣམས་ཀྱིས་འགྲེལ་བཤད་བྱེད་ཐུབ་པ་ཡིན། ངོས་ནས་དེ་ལྟར་བྱེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད།

ངོས་རང་ཐའེ་ལན་ཌིའི་དགེ་སློང་སོགས་དང་བར་སྐབས་ཐུག་འཕྲད་བྱ་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད། ཐེངས་གཅིག་འབེང་ཀོག་གི་ནང་པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དབུ་ཁྲིད་དགེ་སློང་གང་འཚམ་ཞིག་དང་། མཁས་དབང་འགའ་ཞིག་བཅས་ང་ཚོ་ཐུག་འཕྲད་བྱུང་བར། ངོས་ནས་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། བྱང་ཕྱོགས་སོ་བདུན་སོགས་ང་ཚོ་ཚང་མ་གཅིག་པ་ཡིན་ཚུལ་སོགས་འགྲེལ་བཤད་ཞུས་ཏེ་གོ་བསྡུར་བགྲོ་གླེང་ཅུང་ཟད་བྱས་པ་དང་། ངོས་སྐབས་དེར་ཁོང་རྣམ་པར་ཁྱེད་རང་ཚོ་པཱ་ལིའི་གཞུང་གི་ཐོག་ནས་བདེན་བཞི་མི་རྟག་སོགས་བཅུ་དྲུག་འགྲེལ་བཤད་བསྐྱོན་སྐབས་ལུང་ཙམ་ལ་བརྟེན་ནས་འགྲེལ་བཤད་བསྐྱོན་གྱི་ཡོད་དམ། ཡང་ན་རིགས་པ་ལ་བརྟེན་ནས་འགྲེལ་བཤད་བསྐྱོན་གྱི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར། ལུང་ཙམ་ལ་བརྟེན་ནས་འགྲེལ་བཤད་བསྐྱོན་གྱི་ཡོད་ཅེས་གསུངས། དེ་ལྟར་གསུངས་མ་ཐག་ཏུ་ངོས་རང་ལམ་སེང་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་ལེའུ་གཉིས་པ་དེ་བཞིན་བསམ་བློར་འཁོར་བྱུང་། རྣམ་འགྲེལ་ནང་རིགས་པས་ཤུགས་ཆེ་བསྒྲུབས་པ་གནང་ཡོད། བཅོམ་ལྡན་འདས་ཀྱི་ལུང་ཡོད་མུས་ཀྱང་། དེ་དག་རིགས་པས་བསྒྲུབས་པ་ནི་ངོ་མཚར་ཆེན་པོ་རེད་འདུག །དེ་ལྟར་ཅུང་ཟད་ལྐོག་འགྱུར་རྣམས་རིགས་པས་བསྒྲུབས་ནས་རྗེས་དཔག་སྐྱེ་བ་ཞིག་ཡིན་ལ། རྗེས་དཔག་ནི། རྗེས་དཔག་ལོང་བར་གྱུར་པ། ཞེས་གསུངས་པ་ལྟར། རིགས་པས་སྒྲུབ་སྐབས་མཐར་མངོན་སུམ་གྱི་མྱོང་བ་ལ་གཏུགས་ནས་རིགས་པས་སྒྲུབ་དགོས་པ་ལས། ལུང་ལ་བརྟེན་ནས་རིགས་པ་སྒྲུབ་ཐུབ་པ་དེ་ཙམ་མེད། ང་ཚོས་ནམ་རྒྱུན་ཞེས་གསུངས་པའི་ཕྱིར། ཞེས་བརྗོད་སྐབས། ཞྭ་མོ་ཕུད་ཅིང་གུས་ཞབས་དང་བཅས་ཏེ་འདོད་ཅེས་བརྗོད་སྲོལ་ཡོད། ལྷག་པར་རང་ཉིད་ཀྱི་ཡིག་ཆའི་ལུང་ཞིག་དྲངས་ན། དེར་ཁྱབ་པ་མ་བྱུང་ཞེས་བརྗོད་ན། ཁོས་ཡིག་ཆ་ལ་ལུང་དོན་འཇོག་གི་འདུག་ཅེས་ཉེས་རྡུང་གཏོང་བའི་ཉེན་ཁ་ཡོད།

ཡོངས་འཛིན་རིན་པོ་ཆེ་སྐྱབས་སུ་མཆི། སྐབས་རེ་པཎ་ཆེན་གྱི་ཡིག་ཆ་ལས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆ་ཁ་གསལ་བ་ལྟ་བུ་ཞིག་ཡོད། རྒན་ཉི་མས་དེ་ལྟར་ཞལ་བཞེས་གནང་བཞིན་ཡོད། ཡོངས་འཛིན་གླིང་རིན་པོ་ཆེར་པཎ་ཆེན་གྱིས་འདི་ལྟར་གསུངས་པ་དང་། ཀུན་མཁྱེན་བླ་མས་འདི་ལྟར་གསུངས་འདུག་ཅེས་ཞུ་སྐབས། ཡོངས་འཛིན་རིན་པོ་ཆེ་བློ་གསལ་གླིང་ནས་ཡིན་སྟབས། པཎ་ཆེན་གྱི་ཡིག་ཆ་གཞན་དང་མི་འདྲ་བ་ཞིག་ཡོད་ཅེས་གསུང་གི་ཡོད། མདོར་ན། སྔར་ཝཱ་རཱ་ཎ་སཱིར་ང་རང་ཚོས་རྟགས་གསལ་གཏོང་སྐབས་རྒན་པདྨ་རྒྱལ་མཚན་ཡང་ཡོད། སྐབས་དེར་ང་ཚོ་དམ་བཅའ་ཞིག་ཚོགས་ཏེ། དོ་དགོང་དམ་བཅར་རིགས་པ་ཁོ་ནས་སྒྲུབ་པ་ལས། ལུང་གཏན་ནས་དྲངས་རྒྱུ་མེད་པ་བྱེད་ཀྱི་ཡིན་ཞེས་ངོས་ནས་ཞུས་མྱོང་། ལུང་དྲངས་ན་ཁྱབ་པ་མ་བྱུང་ཞེས་བརྗོད་ཆོག་ཀྱང་། ཕལ་མོ་ཆེས་ལུང་དྲངས་ན་འདོད་ཅེས་དེའི་ཐོག་ཏུ་འགྲོ་བཞིན་འདུག །མཐར་གཏུགས་ན་རིགས་པ་སྒྲུབ་བཞིན་ཡོད་པས། ངོས་ཀྱི་ངོ་ཤེས་དང་ངོས་ཀྱི་གཉེན་ཚན་ཞིག་ཀྱང་རེད། ལོ་མང་གོང་ནས་འདས་གྲོངས་སུ་ཕྱིན་ཟིན་པ་རེད། ནང་པའི་དཔེ་ཆའི་ནང་རིགས་པས་བསྒྲུབ་རྒྱུ་ཡོད། འོན་ཀྱང་མཐར་ཐུག་དེར་ཡིད་ཆེས་ལ་གཏུག་གི་ཡོད་ཅེས་བརྗོད་བྱུང་། ལུང་ལ་བརྟེན་ན་ཡིད་ཆེས་ལ་གཏུག་པ་ལྟ་བུ་ཆགས་ཡོད། ང་ཚོས་མྱོང་བ་ལ་གཏུག་དགོས།

ངོས་རང་ལ་ཆ་མཚོན་ན། ཉམས་ལེན་ལ་རང་གཅེས་འཛིན་དང་། བདེན་འཛིན་གཉིས་པོ་དེ་དག་ནང་གི་དགྲ་བོ་གཙོ་བོར་བརྩིས་ནས་དེ་གཉིས་ལ་ཁ་གཏད་གཅོག་བཞིན་ཡོད། དེ་ལ་བཅོམ་ལྡན་འདས་ཀྱིས་ཞེས་གསུངས་པའི་ཕྱིར། ཞེས་བརྗོད་ནའང་རང་གཅེས་འཛིན་གྱིས་ལགས་སོ་ཞེས་མི་ཞུ་ལ། དེ་བཞིན་བདེན་འཛིན་གྱིས་ཀྱང་ལགས་སོ་ཞེས་ཞུ་གི་མི་འདུག །དེས་ན་རིགས་པས་བསྒྲུབས་ནས་སྤྱོད་འཇུག་ལས་གསུངས་པའི་བདག་གཞན་མཉམ་བརྗེའི་རང་གཅེས་འཛིན་གྱི་སྐྱོན་དང་། གཞན་གཅེས་འཛིན་གྱི་ཕན་ཡོན་བཅས་གཅེས་འཛིན་གཉིས་ཀྱི་སྐྱོན་དང་ཡོན་ཏན་རྣམས་མྱོང་བ་གཏུགས་ནས་རིགས་པས་སྒྲུབ་སྐབས། རང་གཅེས་འཛིན་ཁ་སྐྱེངས་པོ་ཞིག་ཆགས་ནས་རིམ་བཞིན་རང་གཅེས་འཛིན་སྤ་ཞུམ་ནས་འགྲོ་བཞིན་འདུག །ལྷག་པར་བདེན་འཛིན་ལ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བདག་མེད་པ་རེད་ཅེས་གསུངས་པའི་ཕྱིར་ཟེར་ན། བདེན་འཛིན་གྱིས་ཁ་ལ་ཉན་རེ་གཏན་ནས་མེད། དེ་ནི་དྲང་དོན་རེད་ཅེས་བཤད་ཐུབ་པ་དང་། རིགས་པས་བསྒྲུབས་ནས། ཤེས་རབ་སྙིང་པོ་ལས[5]། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་གསུངས་པ་ནས་བཟུང་སྟེ། དེ་བཞིན་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ལས་[6]ཀྱང་།

བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །

དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །

ཞེས་སོགས་རིགས་པས་བསྒྲུབས་ཡོད། དེང་སྐབས་ངོས་ལ་ཆ་མཚོན་ན། ཚན་རིག་པའི་རྒྱབ་རྟེན་འཚོལ་བཞིན་ཡོད། ལྷག་པར་ཚད་རྡུལ་དངོས་ཁམས་རིག་པས་དེ་རང་བརྗོད་ཀྱི་འདུག །ཕྱི་དོན་བཀག་ནས་སེམས་ཙམ་པའི་ལྟ་བ་དང་འདྲ་མཚུངས་བརྗོད་ཀྱི་ཡོད། མིང་རྐྱང་བཏགས་ཡོད་ཙམ་འཇོག་མ་ཤེས་པས་ན། ཆོས་གང་ཞིག་ཡིན་ནའང་བཏགས་དོན་བཙལ་ན་ཡུལ་སྟེང་ནས་རྙེད་དགོས་ཞེས་བརྗོད་ཅིང་། ཕྱི་དོན་བཏགས་དོན་བཙལ་བས་ཡུལ་སྟེང་ནས་མི་རྙེད་པར་འདོད། ཐ་སྙད་འདི་ལྟར་ཤེས་ཀྱི་མི་འདུག་པ་ལས། ཤེས་པ་དང་རྫས་གཅིག་རེད་ཅེས་རང་འཛིན་རྟོག་པའི་དབང་གིས་ཤར་བ་ཞིག་སྟེ་རྟོག་པ་དང་བདག་ཉིད་གཅིག་དང་རྫས་གཅིག་ཅེས་པ་འདི་ཉིད་བརྗོད་ཀྱི་འདུག །འདི་ལྟ་བུའི་ཚིག་གསལ་པོ་མེད། གང་ལྟར་ཕྱི་དོན་མེད་པ་ཚན་རིག་པས་ཀྱང་ཏག་ཏག་བརྗོད་ཀྱི་འདུག །ཚན་རིག་པས་བརྟག་དཔྱད་བྱ་རྒྱུའི་རིགས་རྣམས་མཐོང་བ་མངོན་གྱུར་བ་ཡིན། དེས་ན་དབུ་མའི་གཞུང་ནས་རིགས་པ་བཀོད་པ་རྣམས་མཐར་མཐོང་བ་མངོན་འགྱུར་ལ་གཏུག་དགོས་པས་ན། ཚན་རིག་པས་བརྗོད་པ་དང་གཅིག་མཚུངས་ཆགས་ཡོད། ངོས་རང་ཚན་རིག་པར་ཧ་ཅང་དགའ་པོ་ཡོད།

ནམ་རྒྱུན་འུད་ཤོབ་དང་སྦྲགས་ཏེ། ངོས་རང་ཕྱེད་ཀ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་དང་། ཕྱེད་ཀ་ཚན་རིག་པ་ཡིན་ཞེས་བརྗོད་ཀྱི་ཡོད། ཚན་རིག་དང་མི་མཐུན་པ་དཔེར་ན། མངོན་པ་མཛོད་དང་། མངོན་པ་སྡེ་བདུན་སོགས་ནས་གླིང་བཞི་གླིང་ཕྲན་སོགས་ཀྱི་རྣམ་གཞག་གསུངས་པ་རྣམས་ནི། དེའི་ཚེ་དེའི་དུས་སུ་རྒྱ་གར་ནང་གྲགས་ཚོད་དང་བསྟུན་ནས་གསུངས་པ་ཞིག་ཡིན་པ་ལས། སྒྲ་ཇི་བཞིན་པ་མིན་ཞེས་ངོས་ཀྱིས་ཁས་ལེན་མི་བྱེད་པར། ཚན་རིག་པའི་ཕྱོགས་སུ་ལངས་བཞིན་ཡོད། ཁ་སྔོན་ལ་དྭགས་གླེ་རུ་སྐྱབས་རྗེ་རི་རྫོང་རིན་པོ་ཆེས་རི་རབ་ཡོད་པའི་ཕྱོགས་ལྟ་བུ་ཞིག་གསུངས་སོང་། ཁོང་གི་དྲུང་ནས་ངོས་ཀྱིས་ཆོས་མང་དུ་ཞུས་པ་ཡིན། ཁོང་བསམ་གྱིས་མི་ཁྱབ་པ་རེད། ངོས་ནས་རི་རབ་མེད་ཅེས་བརྗོད་ཀྱི་ཡོད།

རྗེ་བདག་ཉིད་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ་ལས[7]། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར། མངོན་སུམ་ལ་བསྙོན་དགོས་པ་ཞིག་ཁས་བླངས་ན། སྨྲ་བ་པོ་ཚད་མའི་སྐྱེས་བུར་རུང་བ་ཤིན་ཏུ་དཀའ་ལ། རིགས་པ་དང་འགལ་ཚེ་མི་འགྲིགས་ན། མངོན་སུམ་ལ་བསྙོན་ན་དེ་བས་ཀྱང་ཚད་མའི་སྐྱེས་བུ་ཡོང་ཐབས་མེད། འདི་རིགས་ང་ཚོས་ངེས་པར་དུ་ཤེས་དགོས།

མཐོང་བ་མངོན་འགྱུར་ལ་བསྙོན་དགོས་བྱུང་ན། ང་རང་ཚོའི་ཚད་མའི་གཞུང་དུ་སྣང་རུང་མ་དམིགས་པའི་གཏན་ཚིགས་ཞེས་གསུངས་པ་དེ་ཏག་ཏག་འགྲོ་བཞིན་ཡོད། ཚད་མའི་གཞུང་ནས་མི་སྣང་བ་མ་དམིགས་པའི་གཏན་ཚིགས་ཏེ། དཔེར་ན། རྒྱང་འཕེན་པས་སྐྱེ་བ་སྔ་ཕྱི་མ་མཐོང་བའི་ཕྱིར། ཞེས་མི་སྣང་མ་དམིགས་པའི་གཏན་ཚིགས་ཀྱི་ཐོག་ནས་སྐྱོན་བརྗོད་ཐུབ་ལ། རི་རབ་ལ་སོགས་པ་རྣམས་མངོན་པའི་གཞུང་ནས་གསུངས་པ་ལྟར་མེད་པ་སྣང་རུང་མ་དམིགས་པའི་གཏན་ཚིགས་ཀྱི་ཐོག་ནས་སྒྲུབ་ཐུབ་པ་ཡིན།

རྒྱལ་ཡུམ་དགོངས་དོན་

སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་བོད་སྐད་ལ་ཆ་མཚོན་ན། བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཡོད་ཅིང་། དེ་དག་གི་གཤམ་དུ་རྒྱུད་སྡེའི་སྐོར་ཡོད་ཀྱང་། གཙོ་བོ་ནི་ཤེར་ཕྱིན་གྱི་གཞུང་རྣམས་ཡིན། དེ་ནི་བོད་དང་། རྒྱ་ནག །ཉི་ཧོང་། ཀོ་རི་ཡ། ཝི་ཏི་ནམ་བཅས་ང་ཚོ་ཚང་མ་གཅིག་གྱུར་ཆགས་ཡོད། ཚང་མས་ཤེས་རབ་སྙིང་པོ་འདོན་བཞིན་ཡོད།

རྟེན་འབྱུང་རིགས་ཚུལ་ཟབ་མོས་གསལ་མཁས་པའི། །

རྒྱལ་བའི་ལུང་བཞིན་ཐེག་མཆོག་དབུ་མའི་སྲོལ། །

འབྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །

དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི་བསམ་གྱིས་ཁྱབ་པ་ཞིག་ཡིན་ལ། ཀླུ་སྒྲུབ་ཀྱིས་དབུ་མ་རིགས་ཚོགས་དྲུག་དང་། བསྟན་འགྱུར་ནང་མཇལ་དུ་ཡོད་པའི་བསྟོད་ཚོགས་དེ་དག་ལ་ཐོས་བསམ་སྒོམ་གསུམ་བྱས་ན་དངོས་གནས་སེམས་ལ་འགུལ་བསྐྱོད་ཐེབས་པ་ཞིག་ཡོང་གི་འདུག །

དེ་སྲས་ཐུ་བོ་མཁས་ཤིང་གྲུབ་པའི་མཆོག །

ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན། །

ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུག་ནོར་དཔལ། །

རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་བ་འདེབས། །

གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པ་སོགས་ལ་བལྟས་ན་ཧ་ལས་པ་ཞིག་ཡོད།

འཕགས་པའི་དགོངས་པ་རྟེན་འབྱུང་མཐར་ཐུག་དོན། །

བཏགས་ཡོད་མིང་རྐྱང་ཙམ་གྱི་ཟབ་མོའི་གནད། །

གསལ་མཛད་གྲུབ་པ་མཆོག་གི་སར་གཤེགས་པ། །

སངས་རྒྱས་བསྐྱངས་ཀྱི་ཞབས་ལ་གསོལ་བ་འདེབས། །

སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་བུདྡྷ་པཱ་ལི་ཏ་ཧ་ཅང་རྩ་ཆེན་པོ་རེད་འདུག །གཞུང་མང་པོ་མེད་པར་མདོར་བསྡུས་ཤིག་གི་ཐོག་ནས་རྟེན་འབྱུང་བཏགས་ཡོད་མིང་རྐྱང་ཙམ་གསལ་འདོན་གནང་ནས་གསུངས་ཡོད།

བདེན་པའི་དངོས་པོ་སྐྱེ་སོགས་མཐའ་བཀག་ཅིང༌། །

ཚད་མ་མཐུན་སྣང་ཕྱི་དོན་བཞེད་པ་ཡི། །

གྲུབ་མཐའི་སྲོལ་གཏོད་ཡོངས་རྫོགས་པཎྜི་ཏ། །

སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས། །

ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་ཇི་ལྟར་ཡང་། ཀླུ་སྒྲུབ་ཀྱི་སློབ་མ་ཡིན་ལ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོ་རང་འགྲེལ་རྟོག་གེ་འབར་བ་སོགས་མཛད་ཡོད། རྟག་གེ་འབར་བ་ནི་གྲུབ་མཐའི་གཞུང་ཐོག་མའི་གྲས་ཡིན་འདུག །དེའི་ཚེ་དེའི་དུས་སུ་རྒྱ་གར་ལ་ཡོད་པའི་གྲུབ་མཐའ་ཚང་མ་གསུངས་པ་སོགས་ཧ་ལས་པའི་གཞུང་ཞིག་ཡོད།

སྐབས་རེ་སློབ་དཔོན་ལེགས་ལྡན་འབྱེད་ཞལ་རྒྱགས་པ་གནང་སྟེ། རྟོག་གེ་འབར་བའི་ནང་དུ་སེམས་ཙམ་པའི་གྲུབ་མཐའི་རྣམ་གཞག་གསུང་སྐབས། བཅོམ་ལྡན་འདས་ཀྱི་ལུང་གིས་ཟིན་པའི་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་དང་མི་མཐུན་པར་འཕགས་པ་ཐོགས་མེད་དང་། སློབ་དཔོན་དབྱིག་གཉེན་རྣམ་གཉིས་ཀྱིས་རྣམ་རིག་པའི་ལྟ་གྲུབ་འཆད་པ་ནི་ངོ་ཚ་ཁྲེལ་མེད་རེད་ཅེས་གསུངས་ཡོད། སློབ་དཔོན་ལེགས་ལྡན་འབྱེད་ཀྱང་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག །རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མེ་མཛད་ཡོད་ཅིང་། དེ་རྩ་ཆེན་པོ་རེད་ཅེས་བརྗོད་པ་གཅིག་པུ་མིན་པར་ང་ཚོས་མཇལ་རྒྱུ་ཡོད། དེ་དག་ལ་བལྟས་ན་མཛད་པ་པོ་དེ་ཉིད་ཀྱི་རྣམ་དཔྱོད་ཇི་ལྟ་བུ་ཞིག་ཡོད་པ་དང་། ཐོས་པ་རྒྱ་ཆེ་ཡོད་པ། གྲུབ་མཐའ་རིས་མེད་ལ་མཁས་པ་ཡིན་པ་སོགས་ཤེས་རྟོགས་ཐུབ་པ་ཞིག་ཡིན།

རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ་ཉིད་ཀྱིས། །

མཐའ་གཉིས་སེལ་བའི་སྣང་སྟོང་དབུ་མའི་ཚུལ། །

དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་རྩ་བ་ཤེས་རབ་ཀྱི་དོན་འགྲེལ་དབུ་མ་འཇུག་པ་རང་འགྲེལ་དང་བཅས་པ་མཛད་པ་དང་། རྩ་བ་ཤེས་རབ་ཀྱི་ཚིག་འགྲེལ་དུ་དབུ་མ་ཚིག་གསལ་མཛད་པ་རྣམས་མི་ཧ་ལས་པ་ཞིག་དང་། ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདུག །སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་འགྲེལ་པ་ཤེས་རབ་སྒྲོན་མེའི་ནང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་བུདྡྷ་པཱ་ལི་ཏའི་གསུང་འགའ་ཞིག་ལ་དོགས་སློང་གནང་ནས་མི་འཐད་པ་བསྒྲུབས་པའི་གསལ་བཤད་རྣམས་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ཚིག་གསལ་ནང་གནང་བས་ན། ཀླུ་སྒྲུབ་ཀྱི་རྗེས་འབྲང་དབུ་མ་པ་ལ་ནང་གསེས་ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་པ་དང་མི་བཞེས་པ། ཚད་མ་མཐུན་སྣང་དུ་བཞེས་མིན་སོགས་ཀྱི་རྣམ་དབྱེ་རྣམས་ཞིབ་མོར་ཐོན་ཡོང་བ་ཞིག་ཡིན། ང་ཚོས་ཆོས་ཅན་མཐུན་སྣང་བ་ཞེས་བརྗོད་པའང་འདི་ནས་ཡོང་གི་ཡོད། དབུ་མ་ཚིག་གསལ་ལས་འགྲེལ་བཤད་འདི་ལྟར་བསྐྱོན་པའི་གོ་སྐབས་དེ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་བཟོས་པ་གནང་འདུག །དེས་ན་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་བཀའ་དྲིན་ཆེན་པོ་བསྐྱངས་འདུག་སྙམ་དྲན་པ་ཞིག་ཡོང་གི་འདུག

ཟབ་རྒྱས་འདོམས་མཁས་མདོ་སྔགས་ཡོངས་རྫོགས་ལམ། །

རྒྱས་མཛད་ཟླ་བ་གྲགས་པར་གསོལ་བ་འདེབས། །

མགོན་པོ་ཀླུ་སྒྲུབ་ཀྱི་མདོར་བྱས་དང་། མདོ་བསྲེ། གཙོ་བོ་རིམ་ལྔ་བཅས་གསུངས་པ་རྣམས་ལ་སློབ་དཔོན་ཨཱརྱ་དེ་ཝའི་རིམ་ལྔའི་འགྲེལ་པ་སྤྱོད་བསྡུས་མཛད་ཡོད་ལ། དཔལ་ལྡན་ཟླ་བ་གྲགས་པས་གསང་བ་འདུས་པའི་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་མཛད་པ་སོགས་བསམ་གྱིས་མི་ཁྱབ་པ་རེད་འདུག །

ངོ་མཚར་རྨད་བྱུང་སྙིང་རྗེ་ཆེན་པོའི་ལམ། །

ཟབ་དང་རྒྱ་ཆེའི་རིགས་ཚུལ་རྣམ་མང་གིས། །

སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་མཁས་པ། །

རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས། །

རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ང་ཚོས་མཇལ་རྒྱུ་ཡོད་པར་མ་ཟད། དེ་བཞིན་བསླབ་བཏུས་ཀྱང་མཛད་ཡོད། དེ་ལྟར་བསླབ་སྤྱོད་སྦྲགས་ནས་གསུང་རྒྱུན་ཡོད་ལ། ངོས་རང་ལ་བཤད་ལུང་ཐོབ་ཡོད། གཞུང་འདི་རིགས་ཧ་ཅང་རྩ་ཆེན་པོ་རེད་འདུག །ངོས་ནས་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱི་དྲུང་ནས་ཕྱི་ལོ་ ༡༩༦༧ ལོར་སྤྱོད་འཇུག་གི་བཤད་ལུང་ཞུས་པ་ཡིན། དེ་ནས་བཟུང་སྟེ་ངོས་རང་ནས་སྤྱོད་འཇུག་ཡང་ཡང་བལྟས་པ་དང་། གཞན་ལའང་འཆད་ཁྲིད་ཅུང་ཟད་རེ་བྱས་པར་དངོས་གནས་རང་གཅེས་འཛིན་གྱི་མགོ་ལ། མི་ལ་ཆ་མཚོན་ན། མགོ་ལ་དབྱུག་པ་ཞུས་ཏེ་རང་གཅེས་འཛིན་ཁུམ་འགྲོ་བ་ལྟ་བུ་ཞིག་དང་། དངོས་གནས་མི་ཚེར་འགྱུར་བ་ཐེབས་པ་ཞིག་བྱུང་། ལྷག་པར་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱིས་གསུངས་པ་ལ། སྤྱོད་འཇུག་དུས་རབས་བརྒྱད་པའི་ནང་མཛད་པ་ད་བར་བདག་གཞན་མཉམ་བརྗེའི་བྱང་ཆུབ་སེམས་སྦྱོང་སྟོན་པའི་གདམས་ངག་སྤྱོད་འཇུག་ལས་ལྷག་པ་བྱུང་མེད་ཅེས་གསུངས་པ་ནི་དངོས་གནས་རེད་འདུག །དེ་ལྟར་ཧ་ལས་པ་ཞིག་རེད་འདུག།།

གདུལ་བྱའི་ཁམས་བཞིན་གཉིས་སྟོང་དབུ་མའི་ལམ། །

སྲོལ་གཏོད་དབུ་ཚད་རིགས་ཚུལ་འབྱེད་མཁས་ཤིང་། །

བོད་གངས་ཅན་གྱི་ལྗོངས་སུ་དུས་ད་བར་དབུ་ཚད་ཀྱི་གཞུང་ལུགས་སོགས་ལ་སློབ་གཉེར་བྱས་ཏེ་རང་ཉིད་ཀྱི་སེམས་ལ་ངེས་པར་འདྲེན་པ་ཞིག་དང་། གཞན་ལའང་འགྲེལ་བཤད་བྱེད་ཐུབ་པ་འདི་དག་ནི། མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་རེད། མཁན་ཆེན་ཞི་བ་འཚོས་དབུ་མ་རྒྱན་རང་འགྲེལ་དང་བཅས་པ་མཛད་པ་དང་། གཞན་ཡང་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་མཛད་པ་བཅས་ཧ་ལས་པ་ཞིག་རེད།

དགེ་ལུགས་པའི་དགོན་སྡེའི་ནང་ཚད་ཆེན་ལྟ་མཁན་དེ་ཙམ་མེད། རྒྱ་གར་ལྷོ་ཕྱོགས་རྣམ་གྲོལ་གླིང་དགོན་པར་དབུ་ཕར་སོགས་གཞུང་ཆེན་ཁག་ལ་ལོ་དགུ་རིང་སློབ་གཉེར་བྱེད་བཞིན་ཡོད། དེ་དག་གི་ཐོག་ཏུ་ཚད་ཆེན་ལོ་གསུམ་ལྟ་དགོས། འདི་ནི་ངོས་ཀྱི་བསམ་འཆར་ཡིན། འདི་ལྟར་སློབ་གཉེར་ལོ་ངོ་བཅུ་གཉིས་བཟོས་ན་ཡག་པོ་ཡོད་ཅེས་ཞུས་པ་ལྟར། འབྲེལ་ཡོད་རྣམས་ནས་གོ་བསྡུར་གནང་སྟེ། དེ་རང་བྱེད་ཀྱི་ཡིན་ཞེས་བརྗོད་པ་ལྟར་ཚད་ཆེན་སློབ་གཉེར་བྱ་རྒྱུ་ཞིག་ཆགས་ཡོད། དགེ་ལུགས་པའི་དགོན་པ་ཁག་གི་ནང་དུ་རིགས་པ་ལེགས་གྲས་རེ་ཟུང་གིས་ཚད་ཆེན་བལྟ་རྒྱུ་ཡོང་ངེས་ལས། དེ་མིན་ཚད་ཆེན་ལྟ་མཁན་དེ་ཙམ་མེད། ཚད་ཆེན་གྱི་གཞུང་འདི་ཉིད་ཧ་ལས་པ་ཞིག་རེད་འདུག །ངོས་ནས་འགའ་ཞིག་ལ་ཚད་ཆེན་སློབ་ཁྲིད་བྱེད་དགོས་ཞེས་བརྗོད་པར། ལ་ལས་ཧ་ཅང་མཁྲེགས་པོ་འདུག་ཅེས་བརྗོད་ཀྱི་འདུག །མཁྲེགས་པོ་ཡོད་ན་ཨུ་ཚུགས་ཀྱིས་ལྟ་དགོས་པ་ཡིན།

མཁན་ཆེན་ཞི་བ་འཚོའི་དབུ་མའི་ལྟ་བ་དེ་གདུལ་བྱའི་ཁམས་དང་བསྟུན་ནས་སེམས་ཙམ་པའི་ལྟ་བ་དང་མཐུན་པ་ཞིག་གསུངས་ཡོད། སེམས་ཙམ་པའི་ལྟ་བ་དེ་ཡང་ཕྱོགས་གཅིག་ལ་བཞེད་ཅིང་། དེའི་ཐོག་ཏུ་དབུ་མའི་ལྟ་བ་ཡང་བསྣན་ནས་གཉིས་སྟོང་དབུ་མའི་ལམ་ཞལ་གྱིས་བཞེས་ཀྱི་ཡོད།

ཁ་བའི་ལྗོངས་སུ་རྒྱལ་བསྟན་སྤེལ་མཛད་པ། །

མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། །

མཁན་ཆེན་ཞི་བ་འཚོ་དུས་རབས་བརྒྱད་པར་བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གདན་ཞུ་གནང་ཞིང་། ཆོས་རྒྱལ་རང་ཉིད་ཀྱི་མ་ཡུམ་དེ་ཉིད་རྒྱ་བཟའ་ཡིན་པའི་བརྗོད་ཚུལ་ཞིག་ཀྱང་ཡོད། དེ་ཡང་དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ནག་ཐང་རྒྱལ་པོའི་སྲས་མོ་རྒྱ་བཟའ་དང་འཁྲུངས་ས་བསྐྱོན་ཡོད། སྐབས་དེར་བོད་ལ་སངས་རྒྱས་པའི་ཆོས་ལ་དོ་སྣང་ཤུགས་ཆེ་བྱུང་བ་དེ་ལྟ་བུའི་ཐོག་ནས་ཤུགས་རྐྱེན་ཐེབས་ཡོད། ལྷ་ས་གཙུག་ལག་ཁང་གི་རྟེན་གཙོ་ཇོ་བོ་ཤཱཀྱ་མུ་ནིའི་སྐུ་བརྙན་དེ་ཉིད་རྒྱ་ནག་ཤིས་ངན་ནས་གདན་ཞུ་གནང་བ་ཞིག་ཡིན། ངོས་རང་ཕྱི་ལོ་ ༡༩༥༥ ལོར་ཤིས་ངན་དུ་སླེབས་ཤིང་། སྐབས་དེར་ལྷ་ས་གཙུག་ལག་ཁང་གི་རྟེན་གཙོ་སྟོན་པ་ཐུབ་པའི་དབང་པོའི་སྣང་བརྙན་གདན་ཞུ་གནང་སའི་ལྷ་ཁང་དེ་ཉིད་སྐབས་དེར་ཤིས་ངན་དུ་འདུག་ཅིང་། ལྷ་ཁང་དེར་བཞུགས་ཁྲི་སྟོང་པ་ཞིག་འདུག་པ་སྔར་ཇོ་བོའི་བཞུགས་ཁྲི་ཡིན་པ་དང་། ཇོ་བོ་འདི་ནས་གདན་ཞུ་གནང་བ་རེད་ཅེས་བརྗོད་ཀྱི་འདུག །སྐབས་དེར་ཤིས་ངན་ནི་རྒྱ་ནག་ཐང་རྒྱལ་པོའི་རྒྱལ་ས་ཆགས་ཡོད། འདི་ལྟར་བྱས་ཏེ་བོད་དུ་དུས་རབས་བདུན་པའི་ནང་དུ་སྲོང་བཙན་སྲོང་བཙམ་སྒམ་པོའི་སྐུ་དུས་སུ་ནང་ཆོས་ལ་ཐུགས་སྣང་དམིགས་བསལ་ཞིག་ཆགས་པ་དང་། ལྷག་པར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་དུ་བཟོས་པ་དང་། བོད་ཡིག་ཡར་རྒྱས་བཏང་བ་བཅས་ཀྱི་བཤད་སྲོལ་གཉིས་ཡོད། དེ་ཡང་སྔར་བོན་གྱི་ཞང་ཞུང་དམར་ཡིག་ཅེས་པ་སྲོང་བཙན་སྒམ་པོའི་གོང་ནས་ཡོད་པ་དེ་ཉིད་ཡར་རྒྱས་བཏང་བ་རེད་ཅེས་གསུང་མཁན་གྱི་རིགས་གཅིག་དང་། ཡང་ལ་ལས་བོད་ཡིག་གི་སྲོལ་གསར་དུ་བཏོད་པ་རེད་ཅེས་གསུང་མཁན་ཞིག་ཀྱང་འདུག །དེ་ལྟར་གང་ཞིག་ཡིན་ནའང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བོད་ཡིག་གཏན་འབེབས་གནང་བ་དང་། ལྷག་པར་ཐོན་མི་སམ་བྷོ་ཊས་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ་སོགས་མཛད་ནས་གཏན་འབེབས་གནང་ཡོད། སྐབས་དེར་རྒྱ་ནག་དང་གཉེན་འབྲེལ་གྱི་འབྲེལ་བ་ཤུགས་ཆེ་ཆགས་ཡོད། འོན་ཀྱང་བོད་ཡིག་དེ་ཉིད་རྒྱ་ཡིག་ལ་དཔེ་མ་བལྟས་པར་རྒྱ་གར་གྱི་ཡི་གེར་དཔེ་བླངས་པ་དང་། ལྷག་པར་དེ་ཝ་ན་ག་རི་ཞེས་པའི་ཡི་གེར་དཔེར་བལྟས་ནས། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཞེས་སོགས་རྒྱ་གར་གྱི་གསལ་བྱེད་དེ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཞེས་སོགས་གསལ་བྱེད་སོ་བཞི་ལས་སྔགས་སྐད་ལ་གཙོ་བོར་ཡོད་པའི་ཚིག་འགའ་ཞིག་མེད་པ་བཟོས་པ་ལས་གཞན་རྣམས་དེ་དག་ལ་དཔེ་བླངས་ནས་གསལ་བྱེད་སུམ་ཅུ་བཟོས་པ་གནང་ཡོད། མདོར་ན་བོད་ཡིག་དེ་ཉིད་རྒྱ་གར་གྱི་ཡི་གེར་དཔེ་བླངས་ཡོད།

དེ་རྗེས་དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ནང་ཆོས་དེ་ཉིད་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་བརྟན་པོ་ཞིག་སྤེལ་ཐུབ་ཐབས་ལ་དགོངས་ནས་སྐབས་དེར་རྒྱ་ནག་གི་ཧྭ་ཤང་རིགས་ཡོད་ཀྱང་། གཙོ་བོ་རྒྱ་གར་རང་ལ་དགོངས་པ་བཞེས་ཏེ། རྒྱ་གར་དུ་དེའི་ཚེ་དེའི་དུས་སུ་ནཱ་ལེནྡྲ་ཡར་རྒྱས་ཀྱི་རྩེ་སོར་སོན་པའི་སྐབས་ཡིན་འདུག་ཅིང་། རྩ་བའི་ནཱ་ལེནྡྲ་དེ་བཞིན་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་ནས་སློབ་གཉེར་ཁང་ཞིག་དང་། མཁས་པའི་བསྟི་གནས་ཆུང་ངུ་ཞིག་ཡོད་པ་རེད་ཅེས་བརྗོད་མཁན་ཡང་འདུག །མདོར་ན། དེའི་ཚེ་དེའི་དུས་སུ་རྒྱ་གར་གྱི་རིག་གནས་གཙོ་བོ་ཆེ་ཚང་མར་སློབ་སྦྱོང་བྱེད་སའི་བསྟི་གནས་ཆུང་ཆུང་ཡོད་པ་དེ་ཉིད་རིམ་བཞིན་ནང་པའི་མཁས་དབང་དུ་མ་ཐོན་ནས་ནང་པའི་བསྟི་གནས་དང་། ནང་པའི་བཤད་གྲྭ་གཙོ་བོ་ཞིག་ཆགས་པ་ཞིག་ཡིན་ཚུལ་གསུང་གི་འདུག །དེ་རྗེས་མགོན་པོ་ཀླུ་སྒྲུབ་དང་། དཔལ་ལྡན་ཟླ་བ་གྲགས་པ་སོགས་དཔལ་ནཱ་ལེནྡྲ་ནས་ཐོན་པ་ཞིག་ཡིན། བྷ་སུ་བནྡུ་སྟེ་སློབ་དཔོན་དབྱིག་གཉེན་ཏག་ཤི་ཤི་ལར་འབྲེལ་བ་ཡོད་པ་ཞིག་ཀྱང་གསུང་རྒྱུན་ཡོད།

མདོར་ན་བཅོམ་ལྡན་འདས་མྱ་ངན་ལས་འདས་རྗེས་བཀའ་བསྡུ་རྣམས་མཛད་ཅིང་། དེ་རྗེས་ཏག་ཤི་ཤི་ལར་བཤད་གྲྭ་ཆེན་པོ་ཞིག་ཚུགས་པ་ཡིན་འདུག །དེ་ནི་དེང་སྐབས་པ་ཀི་སི་ཐན་ནང་དུ་ཡོད། བཤད་གྲྭ་དེ་བཞིན་རྗེས་སུ་རིམ་བཞིན་ཉམས་ནས་བྷི་ཧར་མངའ་སྡེའི་ནང་ནཱ་ལེནྡྲ་ཚུགས་པ་དང་། ཡང་ནཱ་ལེནྡྲ་རིམ་བཞིན་ཉམས་འགོ་ཚུགས་སྐབས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ཚུགས་པ་ཡིན་འདུག །འདི་ལྟར་བྱས་ཏེ་ཕྱིན་ཡོད། མདོར་ན། དུས་རབས་བརྒྱད་པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་ཀྱི་རྒྱལ་སྲིད་སྐྱོང་སྐབས་རྒྱ་གར་འཕགས་ཡུལ་གྱི་དཔལ་ནཱ་ལེནྡྲ་རང་ནས་མཁས་པ་གདན་ཞུ་གནང་དགོས་དགོངས་ནས་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་ཞུ་གནང་བ་རེད།

རྒྱ་གར་གྱི་ལོ་རྒྱུས་སྨྲ་བ་དག་གིས་བརྗོད་པ་ལྟར་ན། སྐབས་དེར་མཁན་ཆེན་བཞི་བ་འཚོ་དགུང་ལོ་ ༧༥-༧༦ ཡས་མས་ཡིན་ཚུལ་བརྗོད་ཀྱི་འདུག །ང་ཚོ་བོད་པས་དགུང་ལོ་ ༩༠༠ ལྷག་བཞུགས་པར་བརྗོད་ཀྱི་ཡོད། དེ་ནི་དགུང་ལོ་ ༩༠ ཐམ་པར་ང་ཚོས་ངོ་མཚར་ཆེན་པོ་རེད་ཅེས་ཀླད་ཀོར་གཅིག་བསྣན་ནས་ ༩༠༠ བཟོས་པ་རེད་ཅེས་བརྗོད་མཁན་ཞིག་ཀྱང་བྱུང་། རྩོད་པ་ཆོས་ཕྱོགས་སུ་ཞི་བའི་ཐབས་ཤེས་ལེགས་ཤོས་ནི། མཁན་ཆེན་ཞི་བ་འཚོའི་དབུ་ཐོད་དེ་བཞིན་བསམ་ཡས་གཙུག་ལག་ཁང་གི་ནང་རྟེན་དུ་བཞུགས་ཡོད། བར་སྐབས་རིག་གནས་གསར་བརྗེའི་སྐབས་མི་ཚང་གཅིག་གིས་སྦས་བསྐུངས་ཉར་ཚགས་བྱས་ཏེ་དེང་སྐབས་བསམ་ཡས་སུ་ཡོད་པ་ལྟ་བུ་ཞིག་འདུག །ཚན་རིག་པས་མཁན་ཆེན་ཞི་འཚོའི་སྐུ་རུས་དེ་ཉིད་ལོ་ན་ཇི་ཙམ་ལ་ཕེབས་པའི་མིའི་རུས་པ་ཡིན་མིན་ཞིབ་འཇུག་ཞུས་ན་ཤེས་ངེས་མ་ཟད། རྩོད་པ་ཆོས་ཕྱོགས་སུ་ཞི་བ་ཞིག་ཡོང་ངེས་ཡིན། དེ་མིན་གསུང་སྟངས་འདྲ་མིན་ཡོད།

བོད་ཀྱི་མཁས་པ་འགའ་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་བྱོན་ནས་ལོ་ངོ་ ༣༠༠༠ ལྷག་ཕྱིན་པ་གསུང་མཁན་ཡོད་ལ། མཁས་གྲུབ་རིན་པོ་ཆེའི་གསུང་ནང་ལོ་ངོ་ ༢༩༠༠ ཙམ་ཕྱིན་པ་གསུངས་ཡོད། དེ་བཞིན་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་འདོད་པ་ལྟར་དེང་སྐབས་ཡོངས་གྲགས་ལོ་ངོ་ ༢༦༠༠ ཙམ་ཕྱིན་པར་གསུང་སྲོལ་ཡོད། ངོས་ནས་འཚམ་རེ་འདི་ལྟར་བརྗོད་ཀྱི་ཡོད། ང་ཚོ་ནང་པ་རྣམས་ངོ་ཚ་དགོས་པ་ཞིག་རེད། རང་ཉིད་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་བྱོན་ནས་ལོ་ངོ་ཇི་ཙམ་ཕྱིན་པ་ད་དུང་ཡང་ཡག་པོ་ཞིག་བརྗོད་རྒྱུ་མེད་ཅེས་བརྗོད་ཀྱི་ཡོད། སངས་རྒྱས་བཅོམ་ལྡན་འདས་དུས་ནམ་ཞིག་འཁྲུངས་མིན་ནི། བཅོམ་ལྡན་འདས་ཀྱི་རིང་བསྲེལ་འཁྲུལ་མེད་ཚད་ལྡན་ཞིག་བྱུང་ན། དེར་བརྟག་དཔྱད་ཞིབ་འཇུག་བྱས་ཞུས་ན་བྱོན་ནས་ལོ་ངོ་ཇི་ཙམ་ཕྱིན་པ་ཚོད་དཔག་ཐུབ་པ་ཞིག་ཡོང་ངེས་ཡིན།

སྔར་ཞང་འདབས་གློག་ཁང་གི་ཆེད་གཙང་པོ་ཁྲིད་སྐབས་ཡུར་པོའི་ས་སྔོག་སྐབས་རྡོ་གཡམ་གྱིས་ཁ་བཀབ་པའི་པུར་སྒམ་ཞིག་ཐོན་པ་ནས་མི་རུས་དང་དེ་ཉིད་ཀྱིས་བེད་སྤྱོད་བྱས་པའི་སྔོ་སྣེ་གང་འཚམ་བཅས་ཐོན་པ་དང་། ཡུར་པོ་བཟོ་མཁན་ནི་ཧན་རི་ཧ་རའི་རོགས་པ་ཨབ་ཤ་ན་དྷ་ཞུ་བ་ཁོང་གིས་རྐང་འགན་གནང་ཡོད། ཨབ་ཤ་ན་དྷས་རུས་པ་དེའི་ནས་ཆ་ཤས་ཤིག་བརྟག་དཔྱད་བྱེད་ཆེད་ཨོ་སི་ཀྲོ་ལི་ཡར་བཏང་བ་ལྟར་བརྟག་དཔྱད་བྱས་པར་ལོ་ངོ་ ༣༠༠༠ ཕྱིན་ཚུལ་བརྗོད་ཡོད། དེ་ལའང་ང་ཚོས་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཀྱི་ཡོད། ནམ་རྒྱུན་ང་ཚོའི་ཤོད་སྲོལ་ལ། འཇམ་དཔལ་རྩ་རྒྱུད་ལས[8]།

ང་ནི་འདས་ནས་ལོ་བརྒྱ་ན། །ཁ་བ་ཅན་དུ་མཚོ་བྲི་ནས། །

སཱ་ལའི་ནགས་ནི་འབྱུང་བར་འགྱུར། །

ཞེས་ཁ་བ་ཅན་དུ་མཚོ་བྲི་ནས་ཞེས་གསུངས་པ་ལྟར། སྐབས་དེར་ཁ་བ་ཅན་དུ་མིའི་འགྲོ་བ་མེད་ཅེས་བརྗོད་ན་ཚན་རིག་དང་འགལ་བར་མ་ཟད། མཐོང་བ་མངོན་གྱུར་ལའང་གནོད་ཀྱི་ཡོད། འོ་ན་བཅོམ་ལྡན་འདས་ཀྱི་ལུང་དེ་ཉིད་གང་ལ་གོ་དགོས་སམ་ཞེ་ན། ལྷ་ས་འོ་ཐང་གི་མཚོ་ཞེས་པ་དེར་དགོངས་པ་ཞིག་སྟེ། དེ་ཡང་ལྷ་སའི་ཡུལ་ལྗོངས་རྣམས་སྔར་མཚོ་ཡིན་པ་ངོས་ལ་ཁུངས་སྐྱེལ་བྱ་རྒྱུ་ཡོད། ཕྱི་ལོ་ ༡༩༥༢-༡༩༥༣ ཙམ་ལ་རྒྱ་ནག་གི་ཚན་རིག་པ་བོད་ལ་གཏེར་ཁའི་རིགས་གང་དག་ཡོད་མེད་ས་གཤིས་ཞིབ་འཇུག་བྱེད་མཁན་ཚོགས་པ་ལ་ལྷ་སའི་ཉང་བྲན་ཕུའི་རི་མཚམས་ཤིག་ནས་ཤིང་ལོ་རྡོ་ལ་གྱུར་པའི་འགྱུར་རྡོ་ཞིག་རྙེད་སོན་བྱུང་ཡོད། དེ་ཡང་ཤིང་ལོ་ཆུ་ནང་ལྷུང་ཞིང་འདམ་པ་སོགས་ཀྱིས་བཀབ་སྟེ་མཁའ་རླུང་འགྲོ་འོང་བྱེད་ས་མེད་པར་ལོ་ངོ་ས་ཡ་འགའ་ཞིག་ནས་འགྱུར་རྡོ་ཆགས་ཀྱི་ཡོད། དེས་ན་སྐབས་དེར་རྒྱ་ནག་གི་ས་གཤིས་ཞིབ་འཇུག་པ་རྣམས་ཀྱིས་བརྟག་དཔྱད་བྱས་པར། སྔར་ལྷ་སའི་གཡས་གཡོན་གྱི་རི་མཚམས་བར་མཚོ་ཡིན་པ་དང་། རི་མཚམས་སུ་ཤིང་ནགས་སྐྱེས་པའི་ལོ་མ་འགྱུར་རྡོ་ཆགས་པ་ཞིག་ཡིན་པ་སོགས་ར་འཕྲོད་བྱུང་ཡོད། ལྷ་སའི་ས་ཁྱོན་གཞི་རྒྱ་ཆེན་པོ་ཡོད་པ་དེ་དག་སྔར་མཚོ་ཡིན་པ་ཧ་ཅང་གསལ་པོ་ཡིན། དཔེར་ན། ལ་དྭགས་ཟངས་དཀར་ལ་ཆ་མཚོན་ནའང་། ཐང་སྟོང་གི་ས་འོག་ནས་ཆུ་རྡོ་དོན་མིན་ལྟ་རྒྱུ་ཡོད། དེ་ལྟར་ཐོན་ན་སྔར་འདི་ཕྱོགས་མཚོ་ཡིན་པའི་རྟགས་གསལ་པོ་ཡིན། དེ་ལྟར་མཚོ་རིམ་བཞིན་བྲི་ཞིང་། སྔར་གངས་ཤུགས་ཆེ་ཡོད་འདུག །དེ་བཞིན་ལྷ་སའི་བྱང་རྒྱུད་དགེ་འཕེལ་རི་རྒྱུད་དང་། ལྷོའི་སྨིན་དྲུག་རྫ་རི་སོགས་གངས་རི་ཡིན་ཅིང་། ལྷ་སའི་དཀྱིལ་ངོས་མཚོ་ཡིན་པ་བཅས་ལས་མཚོ་རིམ་བཞིན་བྲི་སྟེ། དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོ་བྱོན་སྐབས་ལྷ་སའི་དབུས་སུ་འོ་ཐང་ཞེས་པའི་མཚོ་ཆུང་ངུ་ཞིག་ཡོད་པ་ལས། གཙུག་ལག་ཁང་དུ་དུང་མཚོའི་ར་མ་རྒྱལ་མོ་ཞེས་རའི་གཟུགས་བརྙན་ཞིག་ཡོད། ར་ལ་ས་དོ་པོ་བཀལ་ནས་ཟམ་པ་བཙུགས་ཏེ་མཚོ་བསུབས་ནས་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་རྩིག་རྨང་འདི་ལྟར་དུ་བཏིང་པ་རེད་ཅེས་ཤོད་སྲོལ་ཡོད་པ་དེ་ཡང་བདེན་པ་ཡིན་འདུག །དེས་ན་ཚན་རིག་པས་བརྟག་དཔྱད་བྱས་པའི་དངོས་ཡོད་གནས་ཚུལ་དང་མི་འགལ་ཞིང་། བཅོམ་ལྡན་འདས་ཀྱིས།

ང་ནི་འདས་ནས་ལོ་བརྒྱ་ན། །ཁ་བ་ཅན་དུ་མཚོ་བྲི་ནས། །

ཞེས་གསུངས་པ་ལྟར། མྱ་ངན་ལས་འདས་ནས་ལོ་བརྒྱ་འདས་པའི་མཚམས་སུ་ཁ་བ་ཅན་གྱི་མཚོ་བྲི་ནས་ཞེས་པ་དེ་ཡང་ཁུངས་ལྡན་ཞིག་བཤད་ཐུབ་པ་ཞིག་ཆགས་ཡོད།

མདོར་ན། དུས་རབས་བརྒྱད་པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་རྒྱ་གར་དུ་ནཱ་ལེནྡྲ་ཡར་རྒྱས་ཀྱི་རྩེ་མོར་སོན་པའི་སྐབས་ཡིན་པས། དགེ་འདུན་ཞལ་གྲངས་ཁྲི་ཚོ་ཡོད་པར་གསུངས་པ་ལས། སྐབས་དེར་མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་ཨཱརྱ་དེ་ཝ་སོགས་ནི་ནཱ་ལེནྡྲའི་གཙུག་ལག་ཁང་ནས་ཐོན་པའི་མཁས་པ་ཤ་སྟག་ཡིན། མཁས་པ་དེ་དག་གི་ཁྲོད་ནས་སྐབས་དེར་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་ཞུ་གནང་ཡོད། ངོས་རང་འདི་ལྟར་བསམ་བློར་འཁོར་གྱི་འདུག །སྐབས་དེར་དགུང་ལོ་ ༩༠༠ ཡིན་མིན་ཇི་ལྟར་ཡང་། དགུང་ལོ་བདུན་ཅུ་དོན་གྲངས་ལ་ཕེབས་པ་ཞིག་ཆགས་ཡོད་ལ། ནཱ་ལེནྡྲར་མཁས་པའི་གཙུག་རྒྱན་ཆགས་ཏེ་བཞུགས་སྐབས་སློབ་མ་མང་དུ་ཡོད་པར་མ་ཟད། ཞེ་ས་མ་ཞུས་ན་ནཱ་ལེནྡྲར་སྤྲོ་པོ་གནང་ནས་བཞུགས་ཆོག་པ་ཞིག་ཡིན། འོན་ཀྱང་མཁན་ཆེན་ཞི་འཚོ་བགྲེས་སོང་དེ་ཉིད་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་དུ་གདན་ཞུ་གནང་སྐབས་མ་འོངས་པའི་གནས་ཚུལ་མང་པོ་ཞིག་ཐུགས་ལ་དགོངས་ཤིང་། ལྷག་པའི་ལྷའི་ལུང་བསྟན་ཡང་ཡོད་ལས་ཆེ། དཔེར་ན། ཇོ་བོ་རྗེར་བླ་མ་གསེར་གླིང་པའི་ལུང་བསྟན་གནང་ཡོད། དེ་ཡང་མ་འོངས་པར་བོད་དུ་གདན་ཞུ་གནང་མཁན་ཡོང་གི་རེད། སྐབས་དེར་བོད་དུ་ཕེབས་དགོས་ཞེས་ལུང་བསྟན་གནང་ཡོད་པ་ལྟར། མཁན་ཆེན་ཞི་འཚོར་ཡང་དག་སྣང་དང་། དངོས་སུ་དེ་ལྟར་བྱུང་ཡོད་ངེས། འདི་ལྟར་གནང་སྟེ་བོད་དུ་ཕེབས་པ་རེད།

རྒྱ་གར་འཕགས་ཡུལ་གྱི་དགེ་སློང་མཁས་པའི་དབང་པོ་ཞིག་བོད་དུ་ཕེབས་སྐབས། དེང་གི་འགྲིམ་འགྲུལ་ལྟར་སྐབས་དེར་གནམ་གྲུ་དང་། མོ་གྲའི་རིགས་མེད་ལ། སྐབས་དེར་རྒྱ་གར་ནང་ཡོད་པའི་དབང་དུ་བཏང་ཡང་ཤིང་རྟ་འཁོར་ལོ་ཡོད་ཤས་ཆེ། དེར་བརྟེན་ཧི་མ་ལ་ཡའི་རི་མཚམས་བར་ཤིང་རྟ་འཁོར་ལོར་ཕེབས་ཤིང་། དེ་རྗེས་རིམ་བཞིན་བོད་ཀྱི་མཛོ་གཡག་སོགས་མཆིབས་ནས་བསམ་ཡས་བར་ཕེབས་པ་གནང་། རྒྱ་གར་དུ་སྐུ་བཞུགས་གནང་སྐབས་འབྲས་རྡལ་དང་། གསོལ་ཇ་པ་ཏི་སོགས་མཆོད་བཞེས་གནང་ནས་བཞུགས་ཀྱི་ཡོད་ཀྱང་། བོད་དུ་དེ་དག་མཆོད་བཞེས་གནང་རྒྱུ་མེད་སྟབས། ག་ལེར་རྩམ་པ་བཞེས་དགོས་པ་ཡིན། དེ་ལྟར་བསམ་བློ་བཏང་ན་ཧ་ལས་པ་རེད། མཁན་ཆེན་ཞི་བ་འཚོ་དེ་ལྟ་བུའི་མཁས་པ་ཆེན་པོ་སྙན་གྲགས་ཅན་དང་། དགེ་སློང་འདུལ་བ་འཛིན་པ་ཞིག་ས་གནས་དཀའ་ལས་ཁག་པོ་རྣམས་རིམ་པར་འགྲིམས་ནས་མཐར་བསམ་ཡས་སུ་ཕེབས་ཏེ། བོད་དུ་སངས་རྒྱས་པའི་བསྟན་པ་དར་འཕེལ་ཤུགས་ཆེར་གནང་རྒྱུར་མི་དང་མི་མིན་གྱི་འགལ་རྐྱེན་མང་དུ་འཕྲད་པ་རྣམས་སེལ་སླད་ཐུགས་བསྐྱེད་སྨོན་ལམ་ཐུན་མོང་མ་ཡིན་པ་ཡོད་པ་སློབ་དཔོན་ཐུགས་རྗེ་ཅན་ཏེ་གུ་རུ་རིན་པོ་ཆེ་བོད་དུ་ཕེབས་ཤིང་། སྦྱིན་བདག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གསུམ་ཞལ་འཛོམས་ནས། སངས་རྒྱས་ཀྱི་བསྟན་པ་དམ་ཆོས་འདུལ་བ་ནས་བཟུང་སྟེ་དབུ་ཚད་ཀྱི་གཞུང་དང་བཅས་པ་ཚང་མའི་ཐུགས་འགན་བཞེས་མཁན་ནི་མཁན་ཆེན་ཞི་བ་འཚོ་ཡིན་ལ། དེ་ལ་ཕྱག་རོགས་གནང་མཁན་འགལ་རྐྱེན་བར་ཆད་སེལ་བར་མཛད་མཁན་ནི་སློབ་དཔོན་པདྨ་འབྱུང་གནས་བཅས་མཁན་སློབ་ཆོས་གསུམ་ཞེས་ང་ཚོར་ད་བར་བརྗོད་རྒྱུ་ཡོད་པ་དེ་ཉིད་བྱུང་བ་ཡིན།

ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་རྒྱ་ནག་དང་འབྲེལ་བ་ཤུགས་ཆེ་ཆགས་ཡོད་ཀྱང་། སངས་རྒྱས་པའི་ཆོས་འདི་ཉིད་ནཱ་ལེནྡྲ་རང་ནས་ཐད་ཀར་བཞེས་པ་གནང་ཡོད། མཁན་ཆེན་ཞི་བ་འཚོ་སྐུ་འཚོ་གཞེས་སྐབས་བསམ་ཡས་གཙུག་ལག་ཁང་མཁན་ཆེན་ཞི་འཚོའི་བཀའ་བཀོད་ཀྱི་འོག་ཏུ་འཆར་གཞི་བཏིང་སྟེ་གསར་བཞེངས་གནང་། དེ་ལྟ་བུའི་བསམ་ཡས་གཙུག་ལག་ཁང་དུ་རྣམ་དག་ཁྲིམས་གླིང་དུ་འདུལ་བའི་གཞུང་ནས་གསུངས་པ་ལྟར། སད་མི་བདུན་རབ་ཏུ་བྱུང་བས་མཚོན་རིམ་བཞིན་དགེ་ཚུལ་སློང་གི་སྡོམ་པ་གནང་བ་དང་། སློབ་དཔོན་རིན་པོ་ཆེས་གཙོ་བོར་སྔགས་ཀྱི་ཆོ་གའམ་གསང་སྔགས་ཀྱི་ཆོས་འཁོར་བསྐོར་སའི་བདུད་འདུལ་སྔགས་པ་གླིང་། གོས་དཀར་ལྕང་ལོའི་སྡེ་ཞེས་པ་ནི། རྒྱ་གར་འཕགས་ཡུལ་དུ་མེད་ཅིང་། སྐབས་དེར་སློབ་དཔོན་རིན་པོ་ཆེ་སྔགས་འཆང་ཡིན་སྟབས། ཁོང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རྗེས་འབྲང་སྔགས་འཆང་བྱུང་བ་ནས་བཟུང་སྟེ་རབ་བྱུང་ངུར་སྨྲིག་གི་སྡེ་དང་། གོས་དཀར་ལྕང་ལོའི་སྡེ་ཞེས་སྡེ་གཉིས་བྱུང་བ་ལས། བདུད་འདུལ་སྔགས་པ་གླིང་དུ་ཆོས་དཀར་ལྕང་ལོའི་སྡེ་ཚུགས་པ་བྱུང་ཡོད།

སྒྲ་སྒྱུར་ལོ་པཎ་གླིང་དུ་མདོ་དང་བསྟན་བཅོས་བོད་ཡིག་ཏུ་སྒྲ་སྒྱུར་གནང་ཡོད། ངོས་ལ་ལོ་རྒྱུས་སྨྲ་བ་པོ་ཞིག་གིས་བརྗོད་པ་ལྟར་ན། སྒྲ་སྒྱུར་གྱི་སླད་དུ་མཁན་ཆེན་ཞི་བ་འཚོ་དགུང་ལོ་བགྲེས་སོང་དེ་ཉིད་ཀྱིས་བོད་ཡིག་སློབ་སྦྱོང་གནང་རྒྱུའི་འབད་བརྩོན་གནང་བ་རེད་ཅེས་བརྗོད་བྱུང་། འདི་ལྟར་གོ་ཐོས་བྱུང་སྐབས་སེམས་སྐྱོ་པོ་ཞིག་ཡོང་གི་འདུག །

ཡང་རྒྱའི་ཧྭ་ཤང་སྒོམ་སྒྲུབ་བྱེད་མཁན་གྱི་རིགས་རྣམས་སྒོམ་སྒྲུབ་བྱེད་ཡུལ་མི་གཡོ་བསམ་གཏན་གླིང་ཕྱག་བཏབ་པ་གནང་ཡོད། དེ་ལྟར་ན་རྒྱའི་ཧྭ་ཤང་ཚང་མ་སྡུག་པ་ལ་ངོས་འཛིན་བྱ་རྒྱུ་མེད། མཁན་ཆེན་ཞི་བ་འཚོ་རང་ཉིད་སྐུ་འཚོ་གཞེས་སྐབས་ཀྱི་རྒྱའི་ཧྭ་ཤང་རྣམས་སྒོམ་སྒྲུབ་གནང་ཡུལ་མི་གཡོ་བསམ་གཏན་གླིང་ཟུར་བཙུགས་གནང་སྟེ། མི་གཡོ་བའི་ཏིང་ངེ་འཛིན་ནམ། ཏིང་འཛིན་མི་གཡོ་བ་གཙོ་འདོན་བྱས་ཏེ་སྒྲུབ་མཁན་གྱི་གླིང་གཅིག་ཟུར་དུ་བཙུགས་པ་གནང་ཡོད།

མདོར་ན། མཁན་ཆེན་ཞི་བ་འཚོ་རང་ཉིད་གཞུང་ལུགས་ཚང་མ་མཐར་ཕྱིན་པ་ཞིག་གིས་སློབ་མ་རྣམས་ལ་སློབ་ཁྲིད་གནང་བས་ན། སྐབས་དེའི་བོད་རིགས་རྣམས་བསོད་ནམས་ཆེན་པོ་ཡིན་པར་མ་ཟད། སེམས་ཤུགས་ཆེན་པོས་མཁན་ཆེན་ཞི་བ་འཚོས་ལམ་སྟོན་གནང་བ་གཞིར་བཟུང་ཕྱིན་ཡོད། རིམ་བཞིན་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས་ཚད་མ་རིགས་གཏེར་ལྗགས་རྩོམ་མཛད་ཅིང་། དེ་ནི་བོད་པས་བརྩམས་པའི་ཚད་མའི་གཞུང་ཐོག་མ་དེ་ཡིན། དེ་རྗེས་རིམ་བཞིན་ཕྱྭ་པ་ཆོས་རྗེ་སོགས་ཀྱིས་ཚད་མའི་གཞུང་ལ་ཐུགས་སྣང་ཆེན་པོ་གནང་ཡོད། དེང་སྐབས་ང་ཚོས་གཟན་སྐེད་པར་དཀྲིས་ནས་རྐང་ལག་གི་ཕྱག་རྒྱ་དང་བཅས་ཏེ་ཐལ་དང་ཕྱིར་ཞེས་པའི་བརྗོད་པ་འདི་རིགས་ཀྱང་སྐབས་དེ་ནས་བྱུང་བ་ཞིག་ཡིན་འདུག །དེ་ལྟར་བོད་ལ་ཚད་མ་རིག་པ་དར་སོ་ཧ་ཅང་ཆེན་པོ་བྱུང་ཡོད། དེ་དག་ནི་མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་ཡིན་ལ། དེའི་ཐོག་ང་ཚོ་བོད་པས་ཀྱང་བསམ་པ་རྣམ་དག་བྱས་ཤིང་། དགེ་རྒན་དབུ་ཚད་སེངྒེ་མཇིང་བསྣོལ་གནང་མཁན་ཞིག་ཡིན་སྟབས། ཁོང་གི་དགོངས་པ་གང་ཞིག་ཡོད་པ་དེ་རང་བོད་པ་བསྒྲུབས་ཡོད།

དེང་སྐབས་འཛམ་གླིང་འདིའི་ཐོག་གི་ནང་པའི་ཡུལ་ལུང་ཡོངས་རྫོགས་ཀྱི་ནང་ནས་ཚད་མ་རིག་པའི་ཐོག་ལ་རྟགས་གསལ་བཏང་སྟེ་བཤད་རྒྱུ་ཡོད་པ་ནི་བོད་གཅིག་པུ་ཡིན་པ་ལས་གཞན་སུ་གཅིག་ཀྱང་མེད། རྒྱ་ནག་གི་ནང་པ་རྣམས་ཀྱིས་དབུ་མའི་གཞུང་ལ་སྦྱང་པ་བྱེད་ཀྱི་ཡོད་ལ། ཤེར་ཕྱིན་གཞུང་གི་རྗེས་འབྲང་ཡང་ཆགས་ཡོད། འོན་ཀྱང་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་དང་། དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་སྡེ་བདུན་སོགས་རྒྱ་ནག་གི་སྐད་དུ་བསྒྱུར་མེད་པ་ལྟ་བུ་རེད་འདུག །དེ་མིན་སློབ་དཔོན་ཕྱོགས་གླིང་གིས་མཛད་པའི་ཚད་མ་རིགས་སྒོ་ཚིགས་བཅད་དང་། ཚིག་ལྷུག་གཉིས་ཡོད་པ་ལས་ཚིག་ལྷུག་དེ་ཉིད་རྒྱ་ཡིག་ལ་བསྒྱུར་ཡོད་འདུག །དེ་མིན་ཚད་མའི་གཞུང་རྒྱ་སྐད་དུ་རྩ་བ་ནས་བསྒྱུར་མི་འདུག །ཚད་མའི་གཞུང་ནི་སློབ་དཔོན་ཕྱོགས་གླང་ཆོས་གྲགས་ནས་བཟུང་སྟེ་དར་འཕེལ་བྱུང་བ་དང་། དེའི་ཐོག་སློབ་གཉེར་མཐར་ཕྱིན་པ་བྱེད་མཁན་ནི་བོད་གཅིག་པུ་རེད་འདུག །འཛམ་གླིང་འདིའི་ཐོག་ནང་པ་དུང་ཕྱུར་བདུན་བརྒྱད་ཉུང་མཐར་ཡོད་པའི་ཁྲོད་ནས་ཚད་མའི་གཞུང་སློབ་གཉེར་ཡོད་པ་ནི་བོད་པ་གཅིག་པུ་རེད་འདུག །ལྷག་པར་ཚད་མའི་གཞུང་གཙོ་ཆེ་བ་ཚང་མ་བོད་ཡིག་ཐོག་ཏུ་བསྒྱུར་ནས་ཡོད་པར་མ་ཟད། སློབ་དཔོན་ཕྱོགས་གླང་ཆོས་གྲགས་དང་། མཁན་ཆེན་ཞི་བ་འཚོ་ཡབ་སྲས་སོགས་ཀྱིས་མཛད་པའི་གཞུང་ལུགས་རྣམས་སྐད་ཡིག་གཞན་དག་བརྒྱུད་མི་དགོས་པར། རང་ཉིད་ཀྱི་སྐད་ཡིག་ཐོག་ཏུ་ཡོད་པའང་ང་ཚོ་བོད་པ་གཅིག་པུ་ཡིན། འདི་དག་བདག་པོ་མ་བརྒྱབ་པར་བཞག་ན་ངོ་ཚ་དགོས་པ་ཞིག་ཡིན། སློབ་དཔོན་ཕྱོགས་གླང་ཆོས་གྲགས་དང་། ཞི་འཚོ་ཡབ་སྲས་སོགས་ཀྱིས་མ་འོངས་པར་བསྟན་པ་ཡུན་རིང་དུ་གནས་པའི་ཆེད་དུ་ལེགས་བཤད་ཀྱི་བསྟན་བཅོས་དེ་དག་མཛད་པ་ཞིག་ཡིན་པས། དེ་དག་བདག་པོ་མ་བརྒྱབ་ན་ཧ་ཅང་ཐབས་སྐྱོ་པོ་རེད།

མཐའ་བྲལ་དབུ་མའི་ལྟ་དང་ཞི་ལྷག་ཟུང་། །

སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་བཀྲལ་ནས། །

གངས་ལྗོངས་རྒྱལ་བསྟན་འཁྲུལ་མེད་གསལ་མཛད་པ། །

པདྨའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས། །

མཁན་ཆེན་ཞི་བ་འཚོས་མ་འོངས་པར་རྒྱའི་ཧྭ་ཤང་གི་ནང་ནས་རིགས་གཅིག་གིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་ཐོས་བསམ་མི་དགོས་པར་སྒོམ་པ་འབའ་ཞིག་གིས་འགྲིག་ཅེས་བརྗོད་མཁན་འབྱུང་ཉེན་ཡོད་པར་གསུངས་ཡོད། རྒྱ་ནག་ཏུ་དེང་གི་སྐབས་སུའང་དེ་ལྟར་ཡོད་འདུག་ཅིང་། ངོས་ནས་དངོས་སུ་ཐུག་མྱོང་བའི་ཉི་ཧོང་གི་ཆོས་པ་འགའ་ཞིག་གིས་ཀྱང་། སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་སྒོམ་སྒྲུབ་རྐྱང་པ་བྱས་ན་མི་འགྲིག་གམ། ཐོས་བསམ་དགོས་མཁོ་ཨེ་ཡོད་ཅེས་སྐད་ཆ་དྲི་མཁན་བྱུང་བས། དེ་ལྟར་མིན་ཞེས་ཞི་འཚོ་ཡབ་སྲས་ཀྱི་དགོངས་ཇི་བཞིན་དུ་འགྲེལ་བཤད་བྱ་རྒྱུའི་གོ་སྐབས་བྱུང་།

དེས་ན་མི་གཡོ་བསམ་གཏན་གླིང་གི་རྒྱའི་ཧྭ་ཤང་རིགས་གཅིག་གིས་ཐོས་བསམ་མི་དགོས་ཞེས་གསུང་མཁན་རིགས་ཡོང་གི་རེད། སྐབས་དེར་ཞི་བ་འཚོ་རང་ཉིད་ཀྱི་སློབ་མ་གཙོ་བོ་པདྨའི་ངང་ཚུལ་ཏེ་སློབ་དཔོན་ཀ་མ་ལ་ཤཱི་ལ་གདན་ཞུ་བྱེད་དགོས་པའི་ལམ་སྟོན་གནང་བ་ལྟར། སློབ་དཔོན་ཀ་མ་ལ་ཤཱི་ལ་བོད་དུ་གདན་དྲངས་ཏེ་བསམ་ཡས་སུ་ཕེབས་ཏེ་རྒྱའི་ཧྭ་ཤང་དང་ལྷན་དུ་རྩོད་པ་མཛད་ཅིང་། དེ་ཡང་ལུང་དང་རིགས་པ་གཉིས་ཀྱི་ཐོག་ནས་རྒྱའི་ཧྭ་ཤང་སྒོམ་འབའ་ཞིག་གིས་འགྲིག་ཅེས་གསུང་མཁན་རྣམས་རྩོད་པས་ཕམ་པར་མཛད་པ་བྱུང་ཡོད། སྐབས་དེར་སྒོམ་རིམ་ཐོག་མཐའ་བར་གསུམ་བོད་དུ་མཛད་པ་ཞིག་ཡིན།

རྒྱ་གར་རང་ནས་མཛད་པའི་དབུ་མ་སྣང་བ་དང་། ལྷག་པར་ཁོང་གི་བླ་མ་མཁན་ཆེན་ཞི་བ་འཚོས་མཛད་པའི་ཚད་ཆེན་གྱི་འགྲེལ་པ་བསྟན་འགྱུར་ནང་པོད་གཉིས་ཙམ་ཞིག་ཀྱང་བཞུགས་ཡོད། དེ་དག་ངོས་ནས་བཀླགས་མྱོང་བས་ཧ་ཅང་ཡག་པོ་འདུག །དེའི་ནང་ནས་ངོས་ལ་བློ་བསྐྱེད་བྱུང་བ་གཙོ་བོ་གཅིག་ནི། རྒྱུ་འབྲས་རྟེན་འབྱུང་ལ་ངེས་པ་རྙེད་པའི་ཐོག་ནས་ལས་རྒྱུ་འབྲས་ཚུལ་བཞིན་དུ་བསྲུངས་ནས་མངོན་མཐོ་སྒྲུབ་པ་དང་། བརྟེན་ནས་བཏགས་པའི་རྟེན་འབྱུང་གི་གོ་བ་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་ཉམས་མྱོང་སྐྱེས་པའི་ཐོག་ནས་ངེས་ལེགས་སྒྲུབ་པ་བཅས། རྗེ་བདག་ཉིད་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་ལས[9]།

སྐྱེ་དགུའི་དོན་གཉིས་གཏེར་བྱེད་པ། །

ཞེས་གསུངས་པ་ལྟར་ཏག་ཏག་འགྲོ་བཞིན་ཡོད། སློབ་དཔོན་ཀ་མ་ལ་ཤཱི་ལ་མཛད་པའི་ཚད་ཆེན་གྱི་འགྲེལ་པའི་དབུར་དེ་ལྟར་གསུངས་འདུག །

ངོས་ཀྱི་ངོ་ཤེས་འགའ་ཞིག་གིས་བརྗོད་པ་ལ། སློབ་དཔོན་ཀ་མ་ལ་ཤཱི་ལས་བོད་དུ་ཕེབས་ནས་སྒོམ་རིམ་ཐོག་མཐའ་བར་གསུམ་མཛད་པ་སོགས་བསྟན་པར་དག་ཐེར་གནང་བའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ད་བར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བྱེད་པ་འདི་ལྟར་བྱུང་ཞིང་། ཀ་མ་ལ་ཤཱི་ལ་བོད་དུ་གདན་ཞུ་མ་གནང་བར་བོད་དུ་རྒྱའི་ཧྭ་ཤང་བློ་སྦུག་དོག་པོའི་རིགས་གཅིག་བྱུང་བ་དེ་དག་གི་འདོད་པ་གཙོ་བོར་བྱས་ཏེ་ཕྱིན་ན། དུས་ད་ལྟ་བར་བོད་པས་སྒོམ་རྐྱང་པ་བརྒྱབ་ནས་བསྡད་པ་དང་། ཐོས་བྱུང་གི་ཤེས་རབ་དང་། བསམ་བྱུང་གི་ཤེས་རབ་སོགས་མེད་པར་ཆགས་པ་ཞིག་ཏན་ཏན་བྱུང་ཡོད། དེར་བརྟེན་སློབ་དཔོན་ཀ་མ་ལ་ཤཱི་ལ་དངོས་གནས་བཀའ་དྲིན་ཆེན་པོ་རེད་འདུག་ཅེས་བརྗོད་མཁན་ཞིག་བྱུང་། དེ་ནི་དངོས་གནས་བདེན་པ་རེད།

བྱམས་པས་རྗེས་བཟུང་ཐེག་ཆེན་སྡེ་སྣོད་ཀུན། །

ལེགས་པར་སྤེལ་མཁས་རྒྱ་ཆེན་ལམ་སྟོན་ཞིང་། །

ཟབ་པ་དང་རྒྱ་ཆེ་བའི་ལམ་གཉིས་ལས། ཤེེར་ཕྱིན་གྱི་མདོའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཙོ་བོར་གཏན་ལ་འབེབས་མཁན་ནི་ཟབ་མོ་དབུ་མའི་ལྟ་རྒྱུད་རྣམས་ཡིན་ལ། འདི་ནས་མར་ཤེར་ཕྱིན་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་སྟེ། བྱམས་ཆོས་སྡེ་ལྔ་ལས་གཙོ་བོ་མངོན་རྟོགས་རྒྱན་གྱིས་གཏན་ལ་ཕབ་ཅིང་། མདོ་སྡེ་རྒྱན་དང་། རྒྱུད་བླ་མ། འབྱེད་རྣམ་གཉིས་བཅས་ཀྱིས་རིགས་དང་བྱང་ཆུབ་སེམས་དཔའི་ཉམས་ལེན་སོགས་གཙོ་བོར་གསུངས་པའི་བྱམས་ཆོས་སྡེ་ལྔ་མཛད་པ་རྣམས་ཡིན།

རྒྱལ་བའི་ལུང་བཞིན་རྣམ་རིག་ཤིང་རྟའི་སྲོལ། །

འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །

རྒྱལ་བའི་ལུང་གིས་ཟིན་པ་ལྟར་རྣམ་རིག་པའི་ཤིང་རྟའི་སྲོལ་བཏོད་ཅིང་། ཤེར་ཕྱིན་གྱི་མདོའི་ནང་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ཡིན་ཞེས་གཞི་དང་ལམ་དང་འབྲས་བུའི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མ་གྲུབ་པར་མིང་ཙམ་ཡིན་པར་གསུངས་ཡོད། ཐད་ཀར་མིང་ཙམ་བརྡ་ཙམ་གྱི་ཐོག་ནས་བསམ་བློ་བཏང་ན་ཧ་ལམ་ཆད་མཐར་ལྷུང་ཉེན་ཡོད་པས་ན། དེ་ལ་བཅོམ་ལྡན་འདས་རང་ཉིད་ཀྱིས་ཀྱང་། འཁོར་ལོ་མཐའ་མའི་ནང་དུ་མདོ་སྡེ་དགོངས་འགྲེལ་མཛད་ནས་ཤེར་ཕྱིན་གྱི་གཞུང་ནང་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ཡིན་ཞེས་གསུངས་པ་དེ་ཉིད་སྒྲ་བཞིན་པ་སྟེ། གཟུགས་མེད། སྒྲ་མེད་ཅེས་པ་ལྟར་མིན་པ་སྟེ། གཟུགས་ངོ་བོ་ཉིད་ཀྱིས་མ་གྲུབ་པ་དང་། སྒྲ་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ཞེས་པ་ལྟར་མིན་པར། ཤེས་བྱའི་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་ཕྱེ་སྟེ། དེ་ཡང་ཀུན་བཏགས་དང་། གཞན་དབང་། ཡོངས་གྲུབ་བཅས་ལས་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དང་། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ། ཡོངས་གྲུབ་དོན་དམ་པར་ངོ་བོ་ཉིད་མེད་པ་བཅས་དོན་དམ་པར་ངོ་བོ་ཉིད་ཀྱིས་མེད་ཚུལ་གསུམ་ལ་དགོངས་ནས་ངོ་བོ་ཉིད་མེད་པར་གསུངས་པ་ལས། ཤེར་ཕྱིན་གྱི་སྒྲ་ཇི་བཞིན་པར་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མ་གྲུབ་པར་གསུངས་པ་དེ་ལྟར་མིན། ཞེས་སྟོན་པ་ཉིད་ཀྱིས་གདུལ་བྱ་ཤེར་ཕྱིན་གྱི་དགོངས་དོན་སྒྲ་ཇི་བཞིན་པའི་ཐོག་ཏུ་ཕྱིན་ན་ཆད་མཐར་ལྷུང་ཉེན་ཡོད་པ་དག་ལ་འདི་ལྟར་གསུངས་ཡོད། དེ་དག་གི་དགོངས་དོན་གཏན་ལ་འབེབས་པ་ནི། འབྱེད་རྣམ་གཉིས་སོགས་ཀྱིས་རྣམ་རིག་པའི་ལྟ་བ་གཙོ་བོར་གསུངས་པ་དང་། དེ་བཞིན་མདོ་སྡེ་རྒྱན་གྱིས་ཀྱང་རྣམ་རིག་པའི་ལྟ་བ་གཙོ་བོར་གསུངས་ཡོད། མངོན་རྟོགས་རྒྱན་དང་། རྒྱུད་བླ་མ་གཉིས་ཀྱི་དགོངས་པ་མཐར་ཐུག་ནི། སྤྱིར་ཉན་ཐོས་ཀྱི་རྟོག་རིགས་དང་། རང་སངས་རྒྱས་ཀྱི་རྟོག་རིགས། བྱང་ཆུབ་སེམས་དཔའི་རྟོག་རིགས་བཅས་རྟོག་རིགས་མི་འདྲ་བ་གསུམ་དུ་ཕྱེ་ནས་གསུངས་ཡོད། འོན་ཀྱང་དགོངས་པ་མཐར་ཐུག་ནི། ཤེར་ཕྱིན་གྱི་བརྗོད་དོན་ལྟར་དུ་གསུང་གི་ཡོད། རྒྱུད་བླ་མ་ནི་སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་རྒྱུ་བླ་མའི་དགོངས་འགྲེལ་གྱི་ནང་དུ་ཧ་ཅང་གསལ་པོ་ཡོད། འདིར་དཔེ་ཆ་བ་གང་འཚམ་ཡོད་སྟབས་འདི་ལྟར་ཞུ་འདོད་བྱུང་།

རྒྱའི་མཁན་པོ་ཝེན་ཚེགས་ཞེས་དྲང་ངེས་ལེགས་བཤད་སྙིང་པོར་གསལ་བ་ནི། རྒྱའི་མཁན་པོ་མིན་པར་ཀོ་རི་ཡའི་མི་རིགས་ཡིན་པར་བརྗོད་ཀྱི་འདུག་ཀྱང་ཁྱད་པར་ཆེར་མེད། མདོར་ན་མཁན་པོ་ཝེན་ཚེགས་ཀྱིས་མཛད་པའི་མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་པ་དེ་ཉིད་ངོས་ནས་ཐེངས་གཅིག་བཀླགས་པར། དེའི་ནང་རྗེ་བཙུན་བྱམས་པ་མགོན་པོར་བྱམས་པ་ཞེས་མཚན་ཐོགས་པ་ནི། ཁོང་གི་ཡུམ་བྱམས་པའི་མཚན་ཅན་ཡིན་ཅིང་། དེའི་བུ་ཡིན་པས་ན་བྱམས་པ་མགོན་པོ་ཞེས་མཚན་ཐོགས་པར་གསལ་ཡོད། དེས་ན་མིའི་རྟེན་ཅན་གྱི་བྱམས་པ་མགོན་པོ་ཡིན་པར་བཤད་པ་ལས། དགའ་ལྡན་རྟེན་ཅན་གྱི་བྱམས་པ་མགོན་པོ་ཡིན་ན། ཡབ་ཡུམ་གྱི་སྐད་ཆ་ཡོང་ཐབས་མེད། དེར་བརྟེན་བྱམས་པ་མགོན་པོ་ལ་གཉིས་ཡོད་པ་ལས། དགའ་ལྡན་རྟེན་ཅན་གྱི་བྱམས་པ་མགོན་པོ་མེད་ཅེས་བརྗོད་མི་ཐུབ་ལ། དགའ་ལྡན་ལྷ་བརྒྱ་མ་ལས[10]།

དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས། །

རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་རྩེར། །

ཞེས་གསུངས་པ་དེ་གང་འདྲ་ཞིག་ཆགས་ཀྱི་ཡོད་དམ། གང་ལྟར་ལྷ་ཡི་རྟེན་ཅན་གྱི་བྱམས་མགོན་ཡོད་ལ། བྱམས་ཆོས་ཀྱི་གཞུང་ལུགས་ཡོངས་གྲགས་མཛད་པ་པོ་ནི། རྒྱའི་མཁན་པོ་ཝེན་ཚེགས་ཀྱི་གསུང་སྟངས་ལ་བལྟས་ན། མིའི་རྟེན་ཅན་གྱི་བྱམས་པ་མགོན་པོ་ཞིག་ཡོད་པ་དེས་མཛད་པར་གསལ་འདུག །ངོས་ནས་རྒྱ་རིགས་འགའ་ཞིག་ལ་སྐད་ཆ་དྲིས་པར། བྱམས་པ་མགོན་པོ་མི་ཡི་རྟེན་ཅན་རེད་ཅེས་བརྗོད་ཀྱི་འདུག །དེས་ན་མིའི་རྟེན་ཅན་གྱི་བྱམས་པ་མགོན་པོ་གཅིག་དང་། དགའ་ལྡན་ལྷའི་རྟེན་ཅན་གྱི་བྱམས་པ་མགོན་པོ་གཅིག་བཅས་བྱམས་པ་མགོན་པོ་གཉིས་ཕལ་ཆེར་ཡོད་ཆོག་པ་ཡིན།

རི་རབ་ཡོད་མེད་བརྗོད་སྐབས། དགའ་ལྡན་ལྷའི་ཞིང་ཡོད་མེད་དང་། རྗེ་བཙུན་བྱམས་པ་མགོན་པོ་ཡོད་མེད་ལ་སོགས་སེམས་འཁྲལ་བྱེད་དགོས་དོན་མེད། གང་ལགས་ཤེ་ན། རི་རབ་ཀྱི་རྩེ་མོར་སུམ་ཅུ་རྩ་གསུམ་དང་། དེའི་སྟེང་དུ་འཐབ་བྲལ། དེ་ནས་ས་དང་འབྲེལ་བ་མེད་པའམ་རི་རབ་དང་འབྲེལ་མེད་པས། དེ་ནས་དགའ་ལྡན་དང་། དེ་ཡང་གྲོང་ལས་དགོན་པའི་ཚུལ་དུ་ཡར་འཕགས་པ་ཞིག་བྱམས་པ་མགོན་པོ་རང་ཉིད་ཀྱི་ཞིང་ཁམས་ཡིད་དགའ་ཆོས་འཛིན་ཞེས་པ་དེ་ཉིད་ཆགས་ཡོད་པར་གསུངས་ཡོད། དེ་མིན་རི་རབ་མེད་ཅེས་བརྗོད་སྐབས། ཚངས་པ་དང་བརྒྱ་བྱིན་སོགས་འཇོག་དཀའ་བ་དང་། རྒྱལ་ཆེན་རིགས་བཞི་ནི། རྒྱ་ནག་གི་ལུགས་རེད་འདུག་པས་མེད་ཀྱང་ཁྱད་པར་གང་ཡང་མེད། རི་རབ་ཀྱི་ཁོང་གསེང་དུ་ལྷ་མ་ཡིན་ཡོད་པར་གསུངས་པས། ལྷ་མ་ཡིན་གནས་སའི་ས་ཆ་ནས་དཔག་བསམ་ཤིང་སྐྱེས་ཤིང་། ཤིང་དེ་ཉིད་སྐྱེས་སའི་ཆ་ནས་ལྷ་མ་ཡིན་ལ་དག་པ་དང་། འབྲས་བུ་ལོངས་སྤྱོད་བྱེད་མཁན་ལྷ་ཡིན་པས་དེའི་ཐོག་ནས་ལྷ་དང་ལྷ་མིན་འཐབ་རྩོད་བྱེད་བཞིན་པར་བརྗོད་བཞིན་ཡོད་པས། རི་རབ་མེད་ལ། དཔག་བསམ་ཤིང་ཡང་མེད་ཅེས་བརྗོད་ན་འཐབ་རྩོད་བྱེད་དོན་མེད། འཐབ་བྲལ་ཡན་ཆད་རྣམས་ནམ་མཁའ་སྟོང་པའི་དབྱིངས་སུ་ཡོད་པ་ཞིག་ཡིན་པས་སེམས་འཁྲལ་བྱེད་དགོས་དོན་མེད།

གཞན་ཡང་ཁྱེད་རང་ཚོས་ཤེས་དགོས་པ་ཞིག་ལ། ང་ཚོས་ཚེ་ལོ་དཔག་མེད་དང་། དེ་བཞིན་ཚེ་ལོ་བརྒྱད་ཁྲིི། ཚེ་ལོ་དྲུག་ཁྲི། ཚེ་ལོ་བཞི་ཁྲི། ཚེ་ལོ་བརྒྱ་པ་ཞེས་པ་དེ་དག་ལ་ཅུང་ཟད་རྙོག་དྲ་ཡོད། སྔར་ངོས་རང་ཨོ་སི་ཀྲོ་ལི་ཡར་ཡོད་པའི་སྐབས་ཤིག་ལ་ཉིན་ཞིག་བརྙན་འཕྲིན་པར་ལེན་བྱེད་མཁན་ཞིག་ཡོང་སྟེ། ལོ་ས་ཡ་བརྒྱ་ལྷག་གོང་དུ་གཏུམ་འབྲུག་ (Dinosaur) ཡོད་པ་ཁྱེད་ཀྱི་ཡིད་ཆེས་བྱེད་ཀྱི་ཡོད་དམ་ཞེས་དྲིས་བྱུང་། ངོས་རང་གང་ཡིན་ནམ་སྙམ་པ་ཞིག་བྱུང་། སྲོག་ཆགས་དེའི་རུས་པ་དངོས་སུ་མཐོང་རྒྱུ་ཡོད་སྟབས། དེ་ལ་ཐེ་ཚོམ་བྱ་རྒྱུ་གང་ཡང་ལྷག་མེད་པས། ངོས་རང་དེ་ལ་ཡིད་ཆེས་ཡོད་ཅེས་བརྗོད་པ་ཡིན། རྗེས་སུ་ཤེས་རྟོགས་བྱུང་བར། ཡེ་ཤུའི་གསུང་རབ་སྒྲ་ཇི་བཞིན་པར་ཁས་ལེན་མཁན་གྱི་ཡེ་ཤུའི་ཆོས་པ་དེ་རིགས་ཀྱིས་འཇིག་རྟེན་བཀོད་པ་པོས་འཛམ་གླིང་བཀོད་ནས་ལོ་ངོ་ ༥༠༠༠ ལས་ཕྱིན་མེད་པས། ལོ་ངོ་ས་ཡ་བརྒྱ་གཉིས་བརྒྱའི་གོང་གི་གནས་ཚུལ་རྣམས་ཁས་ལེན་བྱེད་ཀྱི་མེད་པ་འདྲ་འདུག །དེ་ལྟ་བུའི་རྙོག་དྲ་ཡོད། ང་ཚོ་ནང་པའི་གཞུང་ནས་གསུངས་པའི་ཚེ་ལོ་དཔག་མེད་ཅེས་གསུངས་པ་དེ་དག་བརྗོད་དགོས་བྱུང་ན་ཅུང་ཟད་དཀའ་ངལ་ཡོད། དེ་ལ་ང་ཚོས་བསམ་བློ་ཇི་ལྟར་གཏོང་དགོས་མིན་ལ་བསམ་གཞིག་བྱེད་དགོས་པ་ཞིག་རེད།

ཆོས་མངོན་སྡེ་བདུན་གཉིས་སྟོང་སྲོལ་བཟུང་ནས། །

བྱེ་མདོ་རྣམ་རིག་གྲུབ་མཐའ་གསལ་མཛད་པ། །

ཀུན་མཁྱེན་གཉིས་པར་གྲགས་པའི་མཁས་པའི་མཆོག །

སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས། །

 

ཐུབ་པའི་གཞུང་ལུགས་དངོས་སྟོབས་རིགས་པ་ཡིས། །

སྟོན་ཕྱིར་ཚད་མའི་སྒོ་བརྒྱ་ལེགས་ཕྱེ་ནས། །

རྣམ་དཔྱོད་བློ་མིག་སྦྱིན་མཛད་ཚད་མ་པ། །

ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། །

དིག་ནག་སྟེ་སློབ་དཔོན་ཕྱོགས་གླང་ཧ་ལས་པའི་མཁས་པ་ཆེན་པོ་ཞིག་རེད་འདུག

ཕྱི་ནང་ཚད་མའི་གནད་ཀུན་ལེགས་དགོངས་ཤིང་། །

མདོ་སེམས་ཟབ་རྒྱས་ལམ་ཀུན་རིགས་ལམ་ནས། །

ངེས་སྟེར་རྨད་བྱུང་ཆོས་ཚུལ་འདོམས་མཁས་པའི། །

ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །

སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་དང་། འབྲིང་དུ་མཛད་པ་ཚད་མ་རྣམ་ངེས། ཤིན་ཏུ་བསྡུས་པ་ཚད་མ་རིགས་ཐིགས་བཅས་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་བཅས་ཚད་མ་སྡེ་བདུན་སོགས་མཛད་པས་དཔལ་ཆོས་ཀྱི་གྲགས་པ་ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདུག །

ཐོགས་མེད་སྐུ་མཆེད་ལས་འོངས་ཤེར་ཕྱིན་དོན། །

ཡོད་མེད་མཐའ་བྲལ་དབུ་མའི་སྲོལ་བཞིན་དུ། །

རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྦར། །

འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས། །

ཁ་སྔོན་རྒྱ་རིགས་འགའ་ཞིག་ཐུག་འཕྲད་བྱུང་བར། རྒྱ་རིགས་ཀྱི་ཁྲོད་བླ་མ་གང་བྱུང་བྱེད་མཁན་རེ་ཟུང་བྱུང་སྟེ། དེ་དག་ལ་སྐྱོན་བརྗོད་དང་མ་མོས་པ་བྱེད་སྐབས་བཤེས་གཉེན་བསྟེན་ཚུལ་གྱི་སྐད་ཆ་བཤད་ནས་ཅི་མཛད་ལེགས་མཐོང་དང་། ཅི་གསུང་བཀའ་བཞིན་སྒྲུབ་དགོས་ཞེས་བརྗོད་མཁན་བྱུང་ཞེས་བརྗོད་ཀྱི་འདུག །ངོས་ནས་འདི་ལྟའི་བློ་སྦུག་དོག་པོ་བྱེད་དགོས་དོན་མེད། བསམ་བློ་དེ་ལྟར་གཏོང་དགོས་བྱུང་ན། འཕགས་པ་གྲོལ་སྡེས་སློབ་དཔོན་དབྱིག་གཉེན་ལ་ཅུང་ཟད་མ་བརྩིས་པ་ལྟ་བུ་ཆགས་ཡོད། དེ་ཡང་སློབ་དཔོན་དབྱིག་གཉེན་གྱི་ཕར་ཕྱིན་རང་ལས་མཁས་པའི་སློབ་མ་ནི་འཕགས་པ་གྲོལ་སྡེ་ཡིན་ཅིང་། འཕགས་པ་གྲོལ་སྡེས་མཛད་པའི་འགྲེལ་པ་དོན་གསལ་གྱི་ལོ་རྒྱུས་སློབ་དཔོན་སེངྒེ་བཟང་པོས་མཛད་པའི་འགྲེལ་པ་དོན་གསལ་[11]དུ་གསུང་སྐབས།

འགྲོ་དོན་རྩ་ལག་དབྱིག་གི་གཉེན། །རང་གི་མོས་པ་གཙོར་བྱེད་པས། །

ཤེས་བྱ་ནང་གི་ཡིན་པ་ལ། །ཡང་དག་བརྟེན་ནས་རྣམ་པར་བཀྲོལ། །

ཞེས་ཤེར་ཕྱིན་གྱི་ལྟ་བ་སེམས་ཙམ་ལུགས་སུ་བཀྲལ་བ་རེད་ཅེས་གསུངས་ལ། དེའི་མཇུག་མཐར།

འཕགས་པའི་ཁོངས་སུ་གཏོགས་པ་ཡི། །རྣམ་པར་གྲོལ་བ་ཞེས་བྱས་ཀྱང༌། །

དེས་བྱས་བྱས་པ་མིན་མཐོང་ནས། །དབུ་མར་གནས་པའི་བློས་རྣམ་ཕྱེ། །

དེ་ཡི་འོག་ཏུ་རྣམ་གྲོལ་སྡེ། །དད་པའི་ས་ལ་གནས་པ་ཡིས། །

བསྟན་བཅོས་མཐའ་དག་མ་རྙེད་པར། །རང་དང་རྗེས་མཐུན་རྣམ་བཤད་བྱས། །

ཞེས་གསུངས་ཡོད། མདོར་ན། སློབ་དཔོན་དབྱིག་གཉེན་གྱིས་རྣམ་རིག་པའི་ལུགས་སུ་བཀྲལ་བ་དེ་མ་འགྲིགས་པར་འཕགས་པ་གྲོལ་སྡེས་དབུ་མའི་ལུགས་སུ་བཀྲལ་བ་རེད་ཅེས་གསུངས་པ་ལྟར། འཕགས་པ་གྲོལ་སྡེ་བཤེས་གཉེན་བསྟེན་ཚུལ་ཡག་པོ་མ་བྱུང་བ་ལྟ་བུར་ངོས་འཛིན་བྱེད་དགོས་པ་ཆགས་ཡོད། ངོས་ནས་དེ་ལྟར་བརྗོད་རྒྱུ་བྱུང་། བཅོམ་ལྡན་འདས་རང་ཉིད་ཀྱིས་ཀྱང་། ངའི་བཀའ་ལ་ཁྱེད་རང་ཚོས་རིགས་པས་བརྟག་དཔྱད་བྱས་ཏེ་གལ་སྲིད་རིགས་པའི་གནོད་པ་ཡོད་ཚེ་ངའི་བཀའ་ཁས་ལེན་བྱེད་མི་དགོས་ཞེས་གསུངས་ཡོད། ང་རང་ཚོའི་བླ་མ་ཆུང་ངུ་ཞིག་གིས་ངས་གང་བཤད་ཉན་དགོས་པ་དང་། ངས་གང་བྱས་དག་སྣང་སྦྱོང་དགོས་ཞེས་གསུངས་ན་བཅོམ་ལྡན་འདས་ཀྱི་ཆོས་དེ་སླ་པོ་ཞིག་ཆགས་ཀྱི་ཡོད། འདི་རིགས་ལ་བསམ་བློ་ངེས་པར་དུ་གཏོང་དགོས་པ་ཞིག་རེད་འདུག །

རིགས་ལམ་སློབ་གཉེར་ཁང་གི་སློབ་དཔོན་དོལ་རྒྱལ་རྗེས་འབྲང་པས་བསད་པ་ཁོང་གིས་ངོས་ལ་འདི་ལྟར་བརྗོད་མྱོང་། སྔར་འབྲས་སྤུངས་ཀྱི་ཁང་ཚན་གཅིག་ལ་བླ་མ་མང་པོ་ཡོད་པ་དེ་དག་ལ་ཁང་ཚན་གྱི་དགེ་བསྐོས་དེས།

ཅི་མཛད་ལེགས་པར་མཐོང་དགོས་ན། །མ་གནང་དགུ་གནང་མ་གནང་ཞིག །

ཅི་གསུང་བཀའ་བཞིན་སྒྲུབ་དགོས་ན། །མི་གསུང་དགུ་གསུང་མ་གསུངས་ཤིག །

ཅེས་ཚོགས་གཏམ་བཏང་རེད་ཅེས་ཟེར། དེ་ཡག་པོ་འདུག །བླ་མ་ཚོས་ལ་མ་ཚོས་ཀྱིས་རང་གར་བཤད་པ་དང་། སྤྱོད་པ་ཡང་གང་བྱུང་བྱས་ཏེ་རང་གི་སློབ་མ་རྣམས་ལ་བླ་མའི་མཛད་པ་ཡིན་པས་ཅི་མཛད་ལེགས་མཐོང་བྱེད་དགོས་ལ། ཅི་གསུང་བཀའ་བཞིན་སྒྲུབ་དགོས་ཞེས་བརྗོད་ན། དེ་ནི་ནོར་འཁྲུལ་ཡིན། སྐབས་དེར་ངོས་ནས་འཕགས་པ་གྲོལ་སྡེ་བཤེས་གཉེན་བསྟེན་ཚུལ་ལོག་པ་རེད་དམ་ཞེས་བརྗོད་རྒྱུ་བྱུང་། འཕགས་པ་གྲོལ་སྡེས་མཛད་པའི་ཤེར་ཕྱིན་གྱི་འགྲེལ་པ་ཉི་སྣང་མཛད་པ་བསམ་གྱིས་མི་ཁྱབ་པ་ཞིག་རེད། དེ་ཡང་སྣང་བ་རྣམ་གཉིས་ཞེས་འཕགས་པ་གྲོལ་སྡེའི་ཉི་སྣང་དང་། སློབ་དཔོན་སེངྒེ་བཟང་པོའི་རྒྱན་སྣང་གཉིས་ཧ་ཅང་རྩ་ཆེར་ངོས་འཛིན་བྱེད་བཞིན་ཡོད། ཕར་ཕྱིན་གྱི་འགྲེལ་པ་གཙོ་བོ་འདི་གཉིས་ལ་ལྟ་དགོས་པ་གལ་གནད་ཆེན་པོ་ཡིན།

ཡུམ་དོན་འབྱེད་ལ་རྒྱལ་བའི་ལུང་བསྟན་ཐོབ། །

མི་ཕམ་མགོན་པོའི་མན་ངག་ཇི་བཞིན་དུ། །

ཡུམ་གསུམ་ཤེར་ཕྱིན་གཞུང་མཆོག་གསལ་མཛད་པའི། །

སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས། །

 

འདུལ་བ་འབུམ་སྡེའི་དགོངས་དོན་ལེགས་བསྡུས་ནས། །

ཐམས་ཅད་ཡོད་སྨྲའི་ལུགས་བཞིན་སོ་སོ་ཐར། །

མ་ནོར་ལེགས་འདོམས་བརྟན་མཁས་མཆོག་གྱུར་པ། །

ཡོན་ཏན་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །

སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བ་དེ་ཉིད་ང་ཚོས་མཇལ་རྒྱུ་ཡོད། དེ་ནས་འདུལ་བ་རྒྱ་ཆེར་འགྲེལ་མཛད་པ་པོ་ནི།

བསླབ་གསུམ་ཡོན་ཏན་ནོར་བུའི་མཛོད་ལ་དབང་། །

འདུལ་བསྟན་དྲི་མེད་རིང་དུ་སྤེལ་བའི་སླད། །

རྒྱ་ཆེན་གཞུང་དོན་ལེགས་བཀྲལ་འདུལ་འཛིན་མཆོག །

ཤཱཀྱ་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །

ཐུབ་གསུང་ཟབ་རྒྱས་བཀའ་སྲོལ་མ་ལུས་པ། །

སྐྱེས་བུ་གསུམ་གྱི་ལམ་དུ་འདོམས་མཛད་དེ། །

གངས་ལྗོངས་ཐུབ་བསྟན་སྤེལ་བའི་དྲིན་ཅན་རྗེ། །

ཇོ་བོ་ཨ་ཏི་ཤ་ལ་གསོལ་བ་འདེབས། །

ཇོ་བོ་རྗེས་མཛད་པའི་ལམ་སྒྲོན་ནི་གཞུང་མདོར་བསྡུས་ཤིག་ཡིན་ཅིང་། ཇོ་བོའི་གསུང་གི་མཚན་ལའང་ཇོ་བོའི་ཆོས་ཆུང་བརྒྱ་རྩ་ཞེས་བརྗོད་སྲོལ་ཡོད། འོན་ཀྱང་ཇོ་བོ་རྗེ་བོད་དུ་ཕེབས་ནས་རྟོག་གེ་འབར་བའི་བཤད་ལུང་མང་དུ་མཛད་པ་སོགས་གཞུང་ཆེན་སློབ་ཁྲིད་མང་དུ་མཛད་ཡོད། ཇོ་བོ་རྗེ་ནི་རྒྱ་གར་གྱི་པཎ་གྲུབ་བཅུ་བདུན་གྱི་གཞུང་རྣམས་ལ་སྦྱངས་པ་མཛད་ཡོད་པ་ཞིག་ཀྱང་རེད་འདུག །

སློབ་དཔོན་ཐུགས་རྗེ་ཅན་བསམ་གྱིས་མི་ཁྱབ་པ་ཡིན་ལ། སློབ་དཔོན་ཐུགས་རྗེ་ཅན་གྱིས་མཛད་པའི་གཞུང་མདོར་བསྡུས་ཤིག་གི་བཤད་ལུང་ཡང་ཡོད། གཞུང་དེའི་ནང་ཉན་ཐོས་དང་། རང་རྒྱལ། བྱང་སེམས་བཅས་ཀྱི་ལམ་གྱི་འགྲོ་སྟངས་མདོར་བསྡུས་སུ་གསུངས་པ་ཞིག་ཡོད། དེའི་མཚན་དྲན་གྱི་མི་འདུག །དེ་མིན་གསང་སྔགས་ཀྱི་ཆོས་འཁོར་ཡིན་པ་ལས། མདོ་ཕྱོགས་ཀྱི་གཞུང་ཆེན་དེ་ཙམ་ཡོད་བཟོ་མི་འདུག །དེས་ན་པཎ་གྲུབ་བཅུ་བདུན་ལྟར་དུ་དུས་ད་ལྟའང་རྩ་བ་བློ་ངོར་འཛིན་ཅིང་། འགྲེལ་པ་ཚིག་འབྲུ་རེ་རེ་བཞིན་དུ་བཤད་པ་བརྒྱབ། ཆོས་རར་རྟགས་གསལ་བཏང་སྟེ་བརྡར་ཤ་བཅད་ནས་སློབ་གཉེར་བྱ་རྒྱུའི་གཞུང་མི་འདུག །དེས་ན་སློབ་དཔོན་ཐུགས་རྗེ་ཅན་པཎ་གྲུབ་བཅུ་བདུན་གྱི་ཁོངས་སུ་བཀོད་མེད་པ་འདི་ལྟར་ཡིན།

དེ་ལྟར་འཛམ་གླིང་རྒྱན་གྱུར་མཁས་པའི་ཕུལ། །

ངོ་མཚར་ལེགས་བཤད་འབྱུང་གནས་མཆོག་རྣམས་ལ། །

ང་ཚོས་གཞུང་ཆེན་དེ་དག་ལ་བལྟས་ན། གཞུང་ལུགས་དེ་དག་མཛད་མཁན་གྱི་མཁས་པ་རྣམས་དངོས་གནས་ཧ་ལས་དགོས་པ་ཞིག་ཡོད།

མི་ཕྱེད་དང་བའི་ཡིད་ཀྱིས་གསོལ་བཏབ་པས། །

བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །

 

གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས། །

རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་མངོན་རྟོགས་རྒྱན་ལས་[12]གདམས་ངག་གསུང་སྐབས།

སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །

མ་ཞེན་ཡོངས་སུ་མི་ངལ་དང་། །ལམ་ནི་ཡོངས་སུ་འཛིན་པ་དང་། །

སྤྱན་ལྔ་དང་ནི་མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་མཐོང་ལམ་དང་། །

སྒོམ་ཞེས་བྱ་ལ་གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །

ཞེས་གསུངས་པ་དེ་ནི་སངས་རྒྱས་པའི་ཆོས་ངོ་སྤྲོད་བྱ་རྒྱུ་ངོ་མ་འདི་རེད་འདུག །ལོ་ཤས་སྔོན་པ་ཏི་ཀུལ་སློབ་གྲྭར་འཁྱུག་ཙམ་ཕྱིན་ཏེ། སློབ་གྲྭར་དེར་སངས་རྒྱས་པའི་ཆོས་ཀྱི་ངོ་སྤྲོད་ཡིན་ཞེས། བང་རིམ་ཞིག་བསྒྲིགས་པའི་དང་པོར་བཤེས་གཉེན་བསྟེན་ཚུལ་དང་། དེ་ནས་དལ་འབྱོར་རྙེད་དཀའ་ལྟ་བུ་ཞིག་བྲིས་འདུག །ངོས་ནས་སྐབས་དེར་བང་རིམ་སྒྲིག་ཚུལ་ནོར་བ་རེད་ཅེས་བརྗོད་པ་ཡིན། དེ་ཡང་སངས་རྒྱས་པའི་ཆོས་ངོ་འཕྲོད་ཅིང་། སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་དང་། རྩེ་གཅིག་ཏུ་སྟན་ཐོག་གཅིག་ལ་སྒོམ་སྒྲུབ་ཉམས་ལེན་བྱེད་མཁན་ཞིག་དང་། དེ་ཡང་སྔགས་དང་འབྲེལ་ནས་ཉམས་ལེན་བྱེད་མཁན་ཞིག་ཡིན་ན་ལམ་རིམ་ནས་གསུངས་པ་ལྟར། ཐོག་མར་བཤེས་གཉེན་བསྟེན་ཚུལ་ནས་ཕྱིན་ན་འགྲིག་པ་ཞིག་ཡིན། འོན་ཀྱང་སངས་རྒྱས་པའི་ཆོས་ངོ་སྤྲོད་བྱེད་སྐབས་བང་རིམ་འདི་ལྟར་མིན། སངས་རྒྱས་པའི་ཆོས་ངོ་སྤྲོད་བྱེད་སྐབས་ཤེར་ཕྱིན་མན་ངག་གི་གཞུང་མགོན་པོ་བྱམས་པས་མཛད་པའི་མངོན་རྟོགས་རྒྱན་ལས[13]།

སེམས་བསྐྱེད་པ་དང་གདམས་ངག་དང་། །

ཞེས་པའི་གདམས་ངག་དེར། རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་མངོན་རྟོགས་རྒྱན་ལས[14]།

སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །

ཞེས་སོགས་གསུངས་པ་ལྟར། འདི་ནས་བརྩི་དགོས་པ་ཡིན། སངས་རྒྱས་པའི་ཆོས་ངོ་སྤྲོད་བྱ་རྒྱུའི་ཐོག་མ་ནི། གཞི་བདེན་པ་གཉིས་ཀྱི་སྒོ་ནས་བཤད་དགོས་པ་དང་། དེ་ལ་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱ་རྒྱུ་ཡང་མང་དུ་ཡོད། ལྷག་པར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིགས་པ་དྲུག་ཅུ་པ་ལས[15]།

དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །

བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག །

ཅེས་བསྔོ་སྨོན་དུ་གསུངས་པ་ལྟར། ཆོས་གཟུགས་ཀྱི་སྐུ་གཉིས་སྒྲུབ་པའི་འབྲས་བུ་དམིགས་ཡུལ་འདི་ལྟར་ཡིན་ལ། སེམས་བསྐྱེད་ཀྱི་དམིགས་ཡུལ་མཐར་ཐུག་ཀྱང་འདི་ཉིད་ཡིན། དེ་ལྟ་བུའི་ཆོས་གཟུགས་ཀྱི་སྐུ་གཉིས་སྒྲུབ་པའི་རྒྱུ་ནི། ཚོགས་གཉིས་ཟུང་འབྲེལ་ཞེས་ཐབས་ཤེས་གཉིས་ཡིན། ཐབས་ཤེས་གཉིས་ཡོང་བའི་གཞི་ནི། གཞི་ལ་བདེན་པ་གཉིས་ཡོད་པས་ན། ལམ་ཐབས་ཤེས་གཉིས་བྱུང་བ་ཡིན། གཞི་ལ་བདེན་པ་གཅིག་ལས་མེད་ན། ལམ་ལའང་ཐབས་ཤེས་གཉིས་དགོས་དོན་མེད། དཔེར་ན། འཇིག་རྟེན་བཀོད་པ་པོ་འདོད་མཁན་དག་གིས་དད་པ་གཅིག་པུའི་ཐོག་ནས་དག་ཞིང་དུ་སྐྱེ་བ་ཞིག་གསུང་གི་ཡོད། དེ་ནི་བདེན་པ་གཅིག་ལྟ་བུ་ཞིག་དང་། དེ་ཡང་དད་པ་གཅིག་པུའི་ཐོག་ནས་འགྲོ་བ་ཞིག་ཆགས་ཡོད། ཕལ་མོ་ཆེ་འདི་ལྟར་ཡིན།

གྲངས་ཅན་པའི་ཤེས་བྱ་ཉེར་ལྔའི་རྣམ་གཞག་གསུང་སྐབས་ཕལ་ཆེར་བདེན་པ་གཉིས་ཀྱི་རྣམ་གཞག་ཐོན་ཡོང་གི་ཡོད། དེ་ཡང་སྤྱི་གཙོ་བོ་དང་། བདག་ཤེས་རིག་གི་སྐྱེས་བུ་གཉིས་དོན་དམ་བདེན་པ་དང་། གཞན་ལྷག་མ་རྣམས་ཀུན་རྫོབ་བདེན་པ་ཡིན། དེས་ན་ཀུན་རྫོབ་བདེན་པའི་ཆོས་རྣམས་དོན་དམ་བདེན་པ་སྤྱི་གཙོ་བོ་ལས་རྣམ་འགྱུར་སྤྲོས་པ་ཞིག་དང་། བདག་ཤེས་རིག་གི་སྐྱེས་བུས་ཤེས་ལྔ་ཉེར་ལྔའི་རང་བཞིན་དུ་བསམ་བློ་བཏང་ནས་ངོ་ཆ་འཕྲོད་སྐབས་དེ་དག་ཐམས་ཅད་གཙོ་བོའི་རྣམ་འགྱུར་ཡིན་པ་མཐོང་སྐབས་གཙོ་བོ་སྐྱེངས་པའི་ཚུལ་དུ་རྣམ་འགྱུར་རྣམས་ཐིམ་ནས་གཙོ་བོ་དང་བདག་ཤེས་རིག་གི་སྐྱེས་བུ་གཉིས་རྐྱང་པ་ལྷག་པའི་སྐབས་སུ་ཐར་པ་ཐོབ་པ་བཅས་དོན་དམ་བདེན་པ་བརྗོད་ཀྱི་ཡོད། དེ་ལྟར་མུ་སྟེགས་པའི་གཞུང་ནང་བདེན་གཉིས་ཀྱི་རྣམ་གཞག་ཐོན་ཡོང་གི་ཡོད།

རང་སྡེ་བྱེ་བྲག་སྨྲ་བ་ནས་བཟུང་སྟེ། གྲུབ་མཐའ་སྨྲ་བ་བཞི་གས་བདེན་གཉིས་ཀྱི་རྣམ་གཞག་གསུངས་ཡོད། ལྷག་པར་དབུ་མ་པའི་གཞུང་སྟེ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ལས[16]།

སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །

འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །

ཞེས་བདེན་གཉིས་ཀྱི་རྣམ་གཞག་གསུངས་ཡོད། མདོར་ན། ཀླུ་སྒྲུབ་ཡབ་སྲས་ནས་བཟུང་སྟེ་པཎ་གྲུབ་བཅུ་བདུན་ཚང་མས་བདེན་པ་གཉིས་ཞེས་པ་དེ་ཧ་ཅང་གལ་གནད་ཆེན་པོ་ཞིག་ཏུ་གསུངས་ཡོད། དེ་ཡང་ཇི་སྐད་དུ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པ་ལས[17]།

དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་པ། །

རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ། །

སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར། །

རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ། །

རྟག་ཏུ་འགོག་པར་གཏོགས་པའི་བསམ་གཏན་ཡིན་མོད་ཀྱི། །

འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད། །

དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅས་ནི། །

མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན། །

ཀུན་རྫོབ་དོན་དམ་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། །

ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡིས། །

མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས། །

རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། །

ཞེས་གསུངས་པ་འདི་དག་གིས་སེམས་ལ་ཧ་ཅང་ཕན་ཐོགས་ཡོང་གི་འདུག །སྤྱིར་སངས་རྒྱས་པའི་ལེགས་སྦྱར་གྱི་ཆོས་བརྒྱུད་དང་། ལྷག་པར་དབུ་མ་པའི་གཞུང་དང་ལྟ་གྲུབ་རྣམས་ཧ་ལས་པ་ཞིག་རེད་འདུག་སྙམ་ནས་སེམས་ནང་འགུལ་སྐྱོད་ཐེབས་པ་དང་། སེམས་ནང་སྐྱོ་སྣང་སླེབས་པ་ལྟ་བུ་ཞིག་ཡོང་གི་འདུག །དེས་ན་གཞི་བདེན་པ་གཉིས་ཞེས་པ་འདི་བཞིན་ཧ་ཅང་གལ་འགངས་ཆེན་པོ་རེད་འདུག །བརྟེན་ནས་བཏགས་པའི་རྟེན་འབྱུང་གི་གོ་བ་ལེགས་པོ་ཆགས་སྐབས་ལྟོས་གྲུབ་གྲུབ་པ་དང་། ལྟོས་གྲུབ་གྲུབ་པ་ལ་བརྟེན་ནས་རྒྱུ་འབྲས་རྟེན་འབྱུང་གྲུབ་ཅིང་། རྒྱུ་འབྲས་རྟེན་འབྱུང་གི་ཐོག་ནས་བདེན་བཞི་བཤད་པ་དང་། བརྟེན་ནས་བཏགས་པའི་རྟེན་འབྱུང་གི་ཐོག་ནས་ཉོན་མོངས་ཟད་རུང་ཡིན་པ་དང་། ཉོན་མོངས་གཉེན་པོའི་སྟོབས་ཀྱིས་བྲལ་རུང་ཡིན་པ་དེའི་ཐོག་ནས་འགོག་བདེན་སྒྲུབ་པ་དང་། དེ་བཞིན་ལམ་བདེན་སྒྲུབ་པ་བཅས་ཡོང་བ་ཡིན།

བདེན་བཞིས་འཁོར་བ་འཇུག་ལྡོག་ཇི་བཞིན་ངེས། །

ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན། །

སྐྱབས་གསུམ་ཏེ་སངས་རྒྱས་སྐྱབས་སྟོན་པ་པོ་དང་། ཆོས་སྐྱབས་དངོས། དགེ་འདུན་སྐྱབས་སྒྲུབ་པའི་ཟླ་གྲོགས་བཅས་ཡིན་པས། ང་ཚོས་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་ང་ཚོའི་བདེ་སྡུག་ཚང་མ་སངས་རྒྱས་ཀྱིས་གནང་གི་རེད་ཅེས་བརྗོད་ན། འཇིག་རྟེན་བཀོད་པ་པོ་འདོད་པ་དང་གཅིག་མཚུངས་ཆགས་པས་དེ་ནི་ནོར་བ་ཞིག་ཡིན། སངས་རྒྱས་ཀྱི་ཚོམས་ལས[18]།

ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །

འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །

ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་ཏེ། །

ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །

ཞེས་གསུངས་པ་ལྟར་ཡིན། དེས་ན་སངས་རྒྱས་པས་སྐྱབས་གསུམ་འཇོག་པ་སྟེ། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་སྐྱབས་འགྲོ་བདུན་ཅུ་པ་ལས[19]།

སངས་རྒྱས་དེའི་ཆོས་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །

ཞེས་ཐར་པ་འདོད་མཁན་དང་། ཐར་པ་དེ་ཡང་ཕྱི་ཡི་དག་ཞིང་ལྟ་བུ་ཞིག་ལ་མི་བརྩི་བར། ཐར་པ་ཞེས་པ་དེ་ཉིད་རང་གི་སེམས་རྒྱུད་ཀྱི་སྟེང་གི་ཉོན་མོངས་པའི་དྲི་མ་དང་བྲལ་བའི་གནས་སྐབས་ལ་ཐར་པ་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པའི་གནས་སྐབས་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཞེས་གསུང་གི་ཡོད། དེས་ན་ཐར་པ་ཞེས་པ་དེ་ཉིད་ནང་དུ་འཇོག་དགོས་པ་ལས། ཕྱི་ལ་འཇོག་རྒྱུ་ཞིག་མིན། དེ་ལྟ་བུའི་ཐར་པ་འདོད་མཁན་ཞིག་གི་སྐྱབས་ཡང་དག་པ་ནི། དཀོན་མཆོག་གསུམ་ཡིན་པར་གསུངས་ཡོད། དེ་ཡང་སངས་རྒྱས་སྐྱབས་སྟོན་པ་པོ་དང་། ཆོས་སྐྱབས་དངོས། དགེ་འདུན་སྐྱབས་སྒྲུབ་པའི་ཟླ་གྲོགས་ཞེས་གསུངས་པ་རྣམས་ནི་ཧ་ལས་པ་ཞིག་རེད་འདུག །དེས་ན་སྐྱབས་དངོས་ནི་ཆོས་དཀོན་མཆོག་ཡིན་ཅིང་། ཆོས་དེ་ཡང་ལུང་གི་ཆོས་ལ་མི་བརྗོད་པར་གཙོ་བོ་ནི་རྟོགས་པའི་ཆོས་དང་། དེ་ལའང་དྲི་མ་གང་ཡང་རུང་བ་ཞིག་གཉེན་པོ་སྐྱེས་པའི་སྟོབས་ཀྱིས་གཏན་དུ་བཅོམ་པའམ་བྲལ་བ་ནི་སྐྱབས་ངོ་མ་དེ་ཡིན། དྷརྨ་སྟེ་ཆོས་དངོས་ནི་འགོག་བདེན་དེ་ཉིད་རེད་འདུག །དེ་ཉིད་ཐད་ཀར་སྒྲུབ་མཁན་ནི་བར་ཆད་མེད་ལམ་འཕགས་པའི་མཉམ་བཞག་ཡེ་ཤེས་དང་། དེ་ཡང་འགོག་བདེན་གྱིས་སྐྱབས་དངོས་འདྲེན་མཁན་ཡིན་པས་ན། དེ་ཡང་སྐྱབས་ལ་འཇོག་དགོས་པ་ཡིན། དེ་ལྟར་འགོག་ལམ་གཉིས་པོ་ནི་སྐྱབས་དངོས་ཡིན། དེ་ལྟ་བུའི་ལམ་བདེན་གཉིས་སམ་དོན་དམ་བདེན་པ་ལེགས་པར་ཤེས་དགོས་ལ། དོན་དམ་བདེན་པ་ཤེས་པ་ལ་དབུ་མ་རྩ་བ་ཤེས་རབ་ལས[20]།

ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །

ཞེས་གསུངས་པ་ལྟར་ཐོག་མར་ཐ་སྙད་པའི་རྒྱུ་འབྲས་རྟེན་འབྱུང་ངམ། འབྲས་བུ་རྒྱུ་ལ་རག་ལས་པའི་ཚུལ་རྣམས་ནང་པའི་གྲུབ་མཐའ་སྨྲ་བ་ཚང་མས་གསུང་གི་ཡོད། དེ་ཡང་ཕར་རིམ་བཞིན་བསམ་བློ་བཏང་ན། རྒྱུ་འབྲས་བུ་ལ་ལྟོས་པ་ཞིག་དང་། བསྐྱེད་བྱའི་འབྲས་བུ་ལ་བལྟོས་ནས་སྐྱེད་བྱེད་ཀྱི་རྒྱུ་ཞེས་འཇོག་པ་ལས། བསྐྱེད་བྱའི་འབྲས་བུ་མེད་པར་སྐྱེད་བྱེད་ཀྱི་རྒྱུ་འཇོག་མི་ཤེས་ཤིང་། སྐྱེད་བྱེད་ཀྱི་རྒྱུའི་རང་དུས་ལ་འབྲས་བུ་མེད། འབྱུང་འགྱུར་ལ་བསམ་བློ་བཏང་ནས་རྟོགས་པ་ལ་ཤར་བ་ཞིག་གི་ཐོག་ནས་སྐྱེད་བྱེད་འཇོག་གི་ཡོད། དེས་ན་བརྟེན་ནས་བཏགས་ཙམ་ཞེས་པ་དེའི་ཐོག་ཏུ་སླེབས་ཡོང་གི་ཡོད། འདི་ལྟར་བསམ་བློ་བཏང་ན་ཧ་ལས་པ་ཞིག་རེད་འདུག

ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས། །

 

སྡུག་ཀུན་ཉེར་ཞིའི་ཐར་པ་དོན་གཉེར་བའི། །

ངེས་འབྱུང་བློ་དང་འགྲོ་རྣམས་སྐྱོབ་འདོད་པའི། །

ཕྱོགས་མཐས་གཏུགས་པའི་སྙིང་རྗེའི་རྩ་བ་ཅན། །

བཅོས་མིན་བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །

དེ་ནི་ངེས་འབྱུང་དང་། བྱང་སེམས། ཡང་དག་པའི་ལྟ་བ་གསུམ་ཡིན། དེ་ཡང་གཙོ་བོ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་ལས[21]།

བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །

དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །

ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །

ཞེས་གསུངས་པ་ལྟར། ཁུངས་འདི་ཉིད་ཆགས་ཡོད།

ཤིང་རྟ་ཆེན་པོའི་གཞུང་གི་དོན་རྣམས་ལ། །

ཐོས་བསམ་སྒོམ་པས་ཕ་རོལ་ཕྱིན་པ་དང་། །

རྡོ་རྗེ་ཐེག་པའི་ཟབ་གནད་ལམ་ཀུན་ལ། །

ངེས་པ་བདེ་བླག་རྙེད་པར་བྱིན་གྱིས་རློབས། །

ཤིང་རྟ་ཆེན་པོ་པཎ་གྲུབ་བཅུ་བདུན་གྱི་གཞུང་ལུགས་རྣམས་ལ་ལེགས་པར་སྦྱངས་ཏེ་སངས་རྒྱས་པའི་ཆོས་ཀྱི་སྒྲོམ་གཞི་ཡག་པོ་ཞིག་བློ་ངོར་ཤར་ན། རྒྱུད་སྡེའི་དགོངས་པ་རྣམས་ཀྱང་སྟོང་ཉིད་ཀྱི་ལྟ་བ་དང་། བྱང་ཆུབ་ཀྱི་སེམས་སོགས་ཀྱང་གང་འཚམ་བློ་ངོར་འཆར་ཐུབ་པ་དང་། སྔགས་ཀྱི་ལྷ་ཚོགས་སྐོར་བརྗོད་སྐབས། བྱང་ཕྱོགས་སོ་བདུན་དང་འབྲེལ་ནས་གསུང་གི་ཡོད། དེ་ཡང་དྲན་ཉེར་བཞག་བཞི་དག་པ་ཤར་གྱི་སྒོ། ཡང་དག་སྤོང་བཞི་དག་པ་ལྷོ་ཡི་སྒོ་སོགས་ཞེས་གསུངས་ཡོད། དེས་ན་མདོ་ལམ་གྱི་འགྲོ་ལུགས་ལེགས་པར་ཤེས་ན་གསང་སྔགས་ཀྱི་དག་པ་སྦྱོར་སྐབས་ཏག་ཏག་བློ་ངོར་འཆར་ཐུབ་པ་ཞིག་ཡོང་བ་ཡིན། དཔེར་ན། འཇིགས་བྱེད་ལ་ཆ་མཚོན་ན།[22] ཞལ་དགུ་ནི་གསུང་རབ་ཡན་ལག་དགུ། རྭ་གཉིས་ནི་བདེན་པ་གཉིས། ཕྱག་སོ་བཞི་དང་སྐུ་གསུང་ཐུགས་ཏེ་སོ་བདུན་ནི་བྱང་ཕྱོགས་སོ་བདུན། ཞབས་བཅུ་དྲུག་ནི་སྟོང་ཉིད་བཅུ་དྲུག །ཞེས་སོགས་གསུངས་པ་ལས། བྱང་ཕྱོགས་སོ་བདུན་རྣམས་དཀའ་ལས་ཁག་པོ་ཞིག་འདུག །ཕྱག་དང་དེ་དག་གི་ཐོག་ཏུ་སྐུ་གསུང་ཐུགས་བསྡོམས་ན་གཞི་ནས་བྱང་ཕྱོགས་སོ་བདུན་ལོང་ཙམ་ཞིག་ཆགས་ཀྱི་ཡོད། མདོར་ན། གསང་སྔགས་ཀྱི་ཆོས་གང་ཞིག་ཉམས་ལེན་བྱས་ཀྱང་། ལྷ་སྒོམ་དགོས་ལ། ལྷ་བསྒོམ་རྒྱུ་དེ་ཡང་སྭབྷ་ཝས་སྟོང་ཉིད་བསྒོམས་ཤིང་། ཐ་ལམ་པའི་སྣང་ཞེན་སྦྱངས་ནས་ལྷའི་སྐུ་སྐྱེས་དགོས་པ་ཡིན། སྔགས་ཀྱི་ཆོ་ག་འདོན་མཁན་ཚང་མས། སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷར་ཤར་བ་ཞིག་དགོས་པ་ལས། རང་གར་རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་གྱུར་ཞེས་པ་དང་། རང་ཉིད་སྐད་ཅིག་གི་ཧེ་རུ་ཀའི་སྐུར་གྱུར་ཞེས་བརྗོད་པས་ཕན་ཐོགས་མེད། ཧེ་རུ་ཀའི་བདག་བསྐྱེད་ནང་དུ་དག་པ་གསུམ་གྱི་རྣལ་འབྱོར་གསུངས་པ་སྟེ། དེ་ཡང་[23]ཤྲཱི་ཧེ་རུ་ཀ །ཧེ་ནི་ཀུན་གྱི་འབྱུང་གནས་སུ་གྱུར་པའི་སེམས་ཏེ། རྒྱུའི་བདག་ཉིད་དུ་བརྟག་པར་བྱ་བས་སྟོང་པའི་ཆོས་ཀྱི་བདག་མེད་པ་དང༌། རུ་ནི་གང་ཟག་གི་བདག་ཏུ་འཛིན་པའི་རྣམ་རྟོག་གི་དྲ་བས་བཀོད་པའི་བདག་དང་བྲལ་བའི་གང་ཟག་གི་བདག་མེད་པ་དང༌། ཀ་ནི་དེ་ཁོ་ན་ཉིད་ཀྱི་ཡུལ་ཡུལ་ཅན་གཉིས་མི་མཐུན་པར་སོ་སོར་གཉིས་སུ་མི་གནས་པ་དང་། ཤྲཱི་ནི་ཡུལ་སྟོང་པ་ཉིད་ཇི་འདྲ་བ་དེ་བཞིན་དུ་རྗེས་སུ་ཞུགས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཨེ་ཝཾ་གྱི་དོན་ནོ། །ཞེས་སྟོང་ཉིད་གསུངས་ཡོད། དེ་ལྟ་བུའི་སྟོང་ཉིད་ཀྱི་གོ་བ་མེད་པ་ཞིག་གིས་ལྷ་བསྒོམ་རྒྱུ་སྤྲོས་བྲལ་ཆགས་ཟིན་པ་རེད།

སྐྱེ་ཞིང་སྐྱེ་བར་བསླབ་གསུམ་ལྡན་པའི་རྟེན། །

ལེགས་ཐོབ་བཤད་དང་སྒྲུབ་པས་ལུང་རྟོགས་བསྟན། །

འཛིན་ཅིང་སྤེལ་ལ་ཤིང་རྟ་ཆེ་རྣམས་དང་། །

མཚུངས་པར་བསྟན་ལ་བྱ་བ་བྱེད་པར་ཤོག །

 

འདུས་སྡེ་ཀུན་ཏུ་ཐོས་བསམ་བཤད་སྒྲུབ་ཀྱི། །

བྱ་བས་དུས་འདའ་ལོག་འཚོ་ཡོངས་སྤངས་པའི། །

དམ་པའི་མཁས་གྲུབ་རབ་ཏུ་འཕེལ་བ་ཡིས། །

འཛམ་གླིང་ས་ཆེན་རྟག་ཏུ་མཛེས་གྱུར་ཅིག །

 

དེ་མཐུས་མདོ་སྔགས་ཡོངས་རྫོགས་ས་ལམ་བགྲོད། །

དོན་གཉིས་ལྷུན་གྲུབ་རྣམ་མཁྱེན་རྒྱལ་བ་ཡི། །

གོ་འཕང་མྱུར་བ་ཉིད་དུ་ཐོབ་གྱུར་ནས། །

ནམ་མཁའ་ཇི་སྲིད་འགྲོ་བའི་དོན་བྱེད་ཤོག །

མཇུག་ཏུ་སྨོན་ལམ་འདི་ལྟར་བཏབ་པ་རེད། མཛད་བྱང་འདིར་གནད་འགག་ཅུང་ཟད་ཡོད། ཁྱེད་རང་ཚོས་ལེགས་པར་ཉོན་ཨང་།

ཅེས་པ་འདི་བཞིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་བསྟན་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་འདི་དག་ལ་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པའི་དབང་པོ་གོང་སྨོས་དེ་དག་གིས་རྣམ་དཔྱོད་ལྡན་པའི་སྐྱེས་བུའི་བློ་མིག་རྣམ་པར་འབྱེད་པའི་ལེགས་བཤད་རྨད་དུ་བྱུང་བ་ཇི་སྙེད་ཅིག་མཛད་དེ་མི་ལོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུར་ཉེ་བའི་དུས་ད་ལྟ་བར་ཐོས་བསམ་སྒོམ་པའི་གཞུང་དུ་ཉམས་པ་མེད་པར་གནས་ཡོད་པས་མཁས་པའི་དབང་པོ་དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པ་དང་། མི་ཕྱེད་དད་པས་དེ་དག་གི་རྗེས་སུ་སློབ་པར་སྨོན་ཅིང་། དེང་དུས་འཛམ་གླིང་ཁྱོན་འདིར་ཚན་རིག་དང་། འཕྲུལ་ཆས་དངོས་པོ་ཡར་རྒྱས་ཚད་མཐོར་ཕྱིན་ཏེ་འདི་སྣང་འདུ་འཛིའི་རྣམ་གཡེང་འཁྲུག་ཆེའི་སྐབས་འདིར། རང་རེ་སངས་རྒྱས་ཀྱི་རྗེས་འཇུག་པ་རྣམས་སངས་རྒྱས་ཀྱི་ཆོས་ཚུལ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་བས། གཟུ་བོའི་བློས། བརྟག་དཔྱད་བྱེད་པ་ལ་བློ་གཟུ་བོར་གནས་དགོས་ཤིང་། ལམ་སེང་རེད་ཅེས་དད་པ་བྱས་ནས་འགྲོ་བའི་སྐད་ཆ་མིན་ལ། ཡང་ལམ་སེང་སྐྱོན་དུ་ལྟ་བ་ལྟ་བུ་མིན་པར་བློ་གཟུ་བོར་གནས་པའི་ཐེ་ཚོམ་གྱི་སྒོ་ནས། སངས་རྒྱས་ཀྱིས་གསུངས་པ་རྣམས་ལ་ཐེ་ཚོམ་བྱེད་པ་དང་། དེ་བཞིན་བླ་མས་གསུངས་པ་རྣམས་ལའང་ཐེ་ཚོམ་བྱེད་དགོས། ཐེ་ཚོམ་མེད་ན་རྟོག་དཔྱོད་མི་འཇུག་པས་ཐེ་ཚོམ་ངེས་པར་དགོས་པ་ཡིན། ཐེ་ཚོམ་ལ་དོན་འགྱུར་གྱི་ཐེ་ཚོམ་དང་། དོན་མི་འགྱུར་གྱི་ཐེ་ཚོམ། ཆ་མཉམ་པའི་ཐེ་ཚོམ་བཅས་ཐེ་ཚོམ་ལ་མང་དུ་ཡོད།

        ཞིབ་མོར་བརྟགས་ཤིང་དཔྱད་དེ་རྒྱུ་མཚན་མཚོལ་བ་དང་། རྒྱུ་མཚན་མཐོང་ནས་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་སྐྱེ་བ་ལ། སངས་རྒྱས་པའི་དད་པ་དེ་ཉིད་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་ཞིག་དགོས་ཤིང་། སྙིང་རྗེ་དེ་ཡང་ཤེས་རབ་ཀྱི་གྲོགས་དང་བཅས་པའི་སྙིང་རྗེ་ཞིག་དགོས་པ་ཡིན། དེས་ན་ཤེས་རབ་དེ་ཉིད་གཙོ་བོ་ཡིན་པས། ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་སྐྱེ་དགོས། དེ་ལྟར་ཡོང་བ་ལ།

ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་དང་། སངས་རྒྱས་བསྐྱངས། འཕགས་པ་གྲོལ་སྡེ་ལ་སོགས་པའི་ཟབ་རྒྱས་ཀྱི་གཞུང་ཕུལ་དུ་ཕྱིན་པ་དེ་དག་མེད་མི་རུང་དུ་མཐོང་ནས་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་བྲིས་སྲོལ་སྔར་ནས་ཡོད་མུས་ཐོག་ཟབ་རྒྱས་ཀྱི་བླ་བརྒྱུད་གཞན་དགུ་བསྣན་ཏེ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བྲིས་སྐུ་གསར་བཞེངས་དང་འབྲེལ། མཁས་པའི་སྐྱེས་མཆོག་དེ་དག་ལ་སྙིང་ནས་གུས་པའི་གསོལ་འདེབས་འདི་འདྲ་ཞིག་འབྲི་འདོད་བྱུང་བ་དང་། དོན་གཉེར་ཅན་ཆོས་གྲོགས་འགའ་ཞིག་ནས་ཀྱང་སྐུལ་མ་བྱུང་བར་བརྟེན། དེའི་ནང་སྐྱབས་སུ་མཆིའོ། །སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་ཡོད།

དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་པ་འདི་དག་མཁས་པའི་དབང་པོ་དེ་དག་གི་ལེགས་བཤད་ལ་བཅོས་མིན་ཡིད་ཆེས་ཀྱི་དད་པ་ཐོབ་ཅིང་། མཁས་པ་དེ་དག་གིས་ལེགས་བཤད་སློབ་གཉེར་མཁན་གྱི་གྲལ་མཐར་འཁོད་པ། ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོས། གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པ་བདེ་བར་གཤེགས་ནས་ལོ་གྲངས་ ༢༥༤༥ བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ཟླ་བ་ ༡༡ ཚེས་ ༡ ཕྱི་ལོ་ ༢༠༠༡ ཟླ་བ་ ༡༢ ཚེས་ ༡༥ ཉིན། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས།  དྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་དུ་གྲུབ་པར་བགྱིས་པ་དགེ་བར་གྱུར་ཅིག།  །།

དེ་ལྟར་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་འདི་ཉིད་ཀྱི་ཐོག་ནས་ང་ཚོས་བསམ་བློ་ཅུང་ཟད་བཏང་ན། བོད་ཀྱི་སངས་རྒྱས་པའི་ཆོས་དེ་མཁས་པ་དེ་དག་གི་གཞུང་ལ་ཁུངས་གཏུགས་པ་ཞིག་ཡིན་པ་ཤེས་ཐུབ་ཅིང་། བླ་མ་འདི་དང་འདི་ཞེས་བྱ་བས་གསུངས་པ་དང་། བོད་ཀྱི་བླ་མ་འདི་དང་འདིས་གཏེར་ནས་བཏོན་པ་རེད་ཅེས་བརྗོད་པ་གཅིག་པུ་མིན་པར། གཏེར་ཆོས་དང་དག་སྣང་གང་ཞིག་ཡིན་ནའང་པཎ་གྲུབ་བཅུ་བདུན་གྱི་གཞུང་དང་མཐུན་ན་འགྲིག་པ་ཞིག་ཡིན་ལ། པཎ་གྲུབ་བཅུ་བདུན་གྱི་གཞུང་དང་མི་མཐུན་པ་ཞིག་ཡིན་ན། གཏེར་ཆོས་ཡིན་ཞེས་བརྗོད་ཀྱང་སྐྱབས་སུ་མཆིའོ་ཞེས་འཇོག་རྒྱུ་དང་། དག་སྣང་ཡིན་ཞེས་བརྗོད་ཀྱང་དེ་ཙམ་ཞིག་རེད།

མདོར་ན། སངས་རྒྱས་པའི་ཆོས་ཀྱི་གཞུང་ཐིག་ལྟ་བུ་ནི། པཎ་གྲུབ་བཅུ་བདུན་གྱི་གཞུང་ལ་བརྟེན་དགོས་ཤིང་། རྗེ་བདག་ཉིད་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་ལས[24]།

སྟོན་དེའི་རྗེས་སུ་རབ་ཏུ་བྱུང་གྱུར་ཏེ། །རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང་། །

རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག །དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས། །

ཞེས་གསུངས་པ་ལྟར། ངོས་རང་ལ་རྗེས་མཐུན་པ་ཞིག་ཚང་གི་ཡོད། དེ་ཡང་སྟོན་དེའི་རྗེས་སུ་རབ་ཏུ་བྱུང་བ་ནི་ཡིན། ལྷག་པར་རྨི་ལམ་ཚུན་ཆད་དུ་ངོས་རང་དགེ་སློང་ཡིན་སྙམ་པ་དེ་ཉིད་དྲན་བཞིན་ཡོད། རྒྱལ་བའི་གཞུང་ལ་ངོས་ནས་ཧ་ལས་པ་སྦྱོང་མི་ཐུབ་ཀྱང་། གང་ཐུབ་ཀྱིས་གཞུང་ལུགས་དེ་དག་བལྟས་པ་ཡིན། དེང་སྐབས་སུའང་དུས་ཚོད་མེད་པ་ལས། དུས་ཚོད་ཡོད་ཚེ་བཀའ་འགྱུར་དང་བསྟན་འགྱུར་གྱི་གཞུང་ལུགས་ཀློག་བཞིན་ཡོད། ས་སྐྱ་ལེགས་བཤད་ལས[25]།

རིག་པ་ནངས་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པ་མ་གྱུར་ཀྱང༌། །

ཞེས་སང་ཉིན་ཤི་མཁན་ཞིག་ཡིན་ནའང་། དེ་རིང་གཞུང་ལ་ལྟ་དགོས། ཚེ་འདི་ཉིད་སང་ཉིན་ནས་རྫོགས་ནའང་།

སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་པ་འདྲ། །

ཞེས་གསུངས་ཡོད། དེས་ན་སློབ་གཉེར་བྱ་རྒྱུ་ནི། མ་ཤི་བར་དུས་ཚོད་རྫོགས་རྒྱུ་མེད། ལྷག་པར་དགེ་བཤེས་རྣམས་ཀྱིས་ང་དགེ་བཤེས་བཞག་ཟིན་པ་ཡིན་ཞེས་དཔེ་ཆ་ལྟེབས་ཚིགས་བརྒྱབ་ནས་མཆོད་གཤོམ་ནང་བཞག་ན་མི་འགྲིག །དགེ་བཤེས་ཀྱི་དམ་བཅའ་བཞག་ཟིན་ནའང་དཔེ་ཆ་མུ་མཐུད་ནས་ལྟ་དགོས་པ་ཧ་ཅང་གལ་འགངས་ཆེན་པོ་རེད། དུས་ཚོད་ཅུང་ཟད་འགོར་སོང་ནའང་། དེ་དག་གལ་གནད་ཆེན་པོ་ཡིན་སྟབས། ངོས་ནས་འགྲེལ་བཤད་བྱས་པ་ཡིན། ཞེས་བཀའ་སྩལ་ཏོ།།  །།

[1] 2017-07-17-ladakh-zanskar-initation-tibetan-audio

[2] བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ༢༠༠༨ ལོ། ཤོག་གྲངས་ ༣

[3] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༣

[4] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཡུ༽ དེབ་ཨང་ ༩༡ པ། ༢༠༠༨ ལོ། ཤོག་གྲངས་ ༡༥༧

[5] བཀའ་འགྱུར་དཔེ་བསྡུར་མ། ཤེས་རབ་སྣ་ཚོགས། ༼ཀ༽ དེབ་ཨང་ ༣༤ པ། ༢༠༠༩ ལོ། ཤོག་གྲངས་ ༤༠༣

[6] བསྟན་འགྱུར་དཔེ་བསྡུར། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༣

[7] རྗེ་ཙོང་ཁ་པའི་གསུང་འབུམ། ༼ཕ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༠༠

[8] བཀའ་འགྱུར་དཔེ་བསྡུར་མ། སྣང་ཐང་བཀའ་འགྱུར་དཀར་ཆག །དེབ་ཨང་ ༡༠༦ པ། ༢༠༠༩ ལོ། ཤོག་གྲངས་ ༩༠

[9] རྗེ་ཙོང་ཁ་པའི་གསུང་འབུམ། ༼ཁ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༢༡

[10] དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ། ༼༤༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༤༣༤

[11] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ པ། ༢༠༠༨ ལོ། ཤོག་གྲངས་ ༢༠༥

[12] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཀ༽ དེབ་ཨང་ ༤༩ པ། ༢༠༠༨ ལོ། ཤོག་གྲངས་ ༥

[13] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཀ༽ དེབ་ཨང་ ༤༩ པ། ༢༠༠༨ ལོ། ཤོག་གྲངས་ ༤

[14] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཀ༽ དེབ་ཨང་ ༤༩ པ། ༢༠༠༨ ལོ། ཤོག་གྲངས་ ༥

[15] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༥༦

[16] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༣༦

[17] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༦༠ པ། ༢༠༠༨ ལོ། ཤོག་གྲངས་ ༥༨༦

[18] བཀའ་འགྱུར་པར་མ་ཁག་གི་དཀར་ཆག་ཕྱོགས་བསྒྲིགས། དེབ་ཨང་ ༡༠༦ པ། ཀྲུང་གོའི་བོད་རིག་པ། ༢༠༠༩ ལོ། ཤོག་ ༧༥

[19] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼གི༽ དེབ་ཨང་ ༦༥ པ། ༢༠༠༨ ལོ། ཤོག་གྲངས་ ༦༨༥

[20] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༣༦

[21] བསྟན་འགྱུར་དཔེ་བསྡུར་མ། སྐྱེས་རབས། ༼གེ༽ དེབ་ཨང་ ༩༦ པ། ༢༠༠༨ ལོ། ཤོག་གྲངས་ ༣༠༤

[22] རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གི་འདོན་ཆོག །དང་པོ། འཇིགས་མངོན། ༼ང༽ ཤོག་གྲངས་ ༢༡བ༡

[23] རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གི་འདོན་ཆོག །དང་པོ། བདེ་མངོན། ༼ག༽ ཤོག་གྲངས་ ༧ན༤

[24] རྗེའི་བཀའ་འབུམ་ཐོར་བུ། ༼ཁ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༢༡

[25] ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་ ༡༩༧

 

Leave a Reply

Your email address will not be published. Required fields are marked *