བརྒྱད་པ། སློབ་དཔོན་པདྨའི་ངང་ཚུལ་གྱི་རྣམ་ཐར། ཀ༽ ཀ་མ་ལ་ཤཱི་ལའི་མཚན་དོན་དང་དག་སྡེབ།

བརྒྱད་པ། སློབ་དཔོན་པདྨའི་ངང་ཚུལ་ ༼ཀ་མ་ལ་ཤཱི་ལ།༽ གྱི་རྣམ་ཐར།

ཀ༽ ཀ་མ་ལ་ཤཱི་ལའི་མཚན་དོན་དང་དག་སྡེབ།

དེ་ཡང་བླ་མ་རྡོ་རྗེ་གདན་པས་ (དུས་རབས་11པ།) མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས[1]།

སྒྲ་ཚད་ལུང་རིགས་བསྟན་བཅོས་མཁས། །རིག་འཛིན་ཚེ་ཡི་དངོས་གྲུབ་བརྙེས། །

ཀ་མ་ལ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །

ཞེས་དང་། ཆས་པ་རྒྱ་མཁར་བ་ངག་དབང་དགེ་འདུན་རྒྱ་མཚོའི་ (1839-1905) འཁྲུངས་རབས་གསོལ་འདེབས་གསང་བའི་རྡོ་རྗེའི་ལུང་ལས[2]།

མཧཱ་ཡ་ནའི་ཅི་ཡང་ཡིད་མི་བྱེད། །ལྟ་ངན་ཟློག་སླད་ཁ་བ་ཅན་དུ་བྱོན། །

སྒོམ་རིམ་གསུམ་མཛད་ཀླུ་སྒྲུབ་ལུགས་བཟང་འཆང་། །པདྨའི་ངང་ཚུལ་ཞབས་ལ་གསོལ་འདེབས། །

ཞེས་གསུངས་པ་ལྟར། སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ལ་ཀ་མ་ལ་ཤཱི་ལ་ (कमलशील) (Kamalashila) དང་། རྒྱའི་སྐད་དུ་ (蓮花戒) ཞུ་ཞིང་། ལེགས་སྦྱར་གྱི་མཚན་ཀ་མ་ལ་ཤཱི་ལ་བོད་སྐད་དུ་བསྒྱུར་ན་པདྨའི་ངང་ཚུལ་ཞེས་སུ་གྲུབ། དེ་ཡང་ཀ་མ་ནི་པདྨ་དང་། ཤཱི་ལ་ངང་ཚུལ་སྟེ་ཡོངས་གྲགས་ཀ་མ་ལ་ཤཱི་ལ་ཞེས་པ་ནི། པདྨའི་ངང་ཚུལ་དུ་བསྒྱུར་བ་ནི། ཨཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ (1740-1827) ཀྱིས་མཛད་པའི་ལམ་རིམ་བརྡ་བཀྲོལ་ལས[3]། པདྨའི་ངང་ཚུལ་ཞེས་པ་སྟེ། ཀ་མ་ལ་ནི་ཆུ་རྒྱུན་ཏེ་པདྨའི་མིང་ངོ་། །ཞེས་གསུངས་ལ། དེ་བཞིན་རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) མཆོག་གིས་མཛད་པའི་མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལ་བསྟོད་པ་རྒྱ་མཚོའི་རླབས་ཕྲེང་ལས[4]།

དྲི་མ་མེད་པའི་བསྟན་བཅོས་དུ་མ་ཡིས། །བོད་ཡུལ་རྨོངས་པའི་དྲི་མ་མཐའ་དག་བསལ། །

མཁས་པའི་མཁས་པ་ཀུན་གྱི་གཙུག་རྒྱན་མཆོག །པདྨའི་ཚུལ་ཁྲིམས་ཞབས་ལ་གུས་པས་འདུད། །

ཅེས་གསུངས་པ་ལྟར། རོང་སྟོན་ཤཱཀྱའི་རྒྱལ་མཚན་ (1367-1449) མཆོག་གིས་མཛད་པའི་སྒོམ་རིམ་བར་པའི་འགྲེལ་པ་གནད་ཀྱི་ཟླ་ཟེར་ལས་[5]ཀྱང་། ཨཱཙཱརྱ་ནི་སློབ་དཔོན་ནོ། །ཀ་མ་ལ་ཤཱི་ལ་ནི་པདྨ་ཚུལ་ཁྲིམས་སོ། །ཞེས་ཀ་མ་ལ་ཤཱི་ལ་ཞེས་པ་པདྨ་ཚུལ་ཁྲིམས་ལ་བསྒྱུར་བ་གནང་ཡོད།

དེ་ཡང་ཀ་མ་ལ་པདྨ་དང་། ཤཱི་ལ་ཞེས་པ་ཚིག་གཙོ་བོར་བྱས་ཏེ་ཐད་སྒྱུར་བྱས་པ་མིན་པར་གོ་དོན་གཙོ་བོར་བྱས་ནས་དོན་སྒྱུར་མཛད་པ་ཞིག་སྟེ། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་ (དུས་རབས་13པ།) མཛད་པའི་མཚོ་ཊཱིཀ་ལས[6]། ཚུལ་ཁྲིམས་ཀྱི་སྒྲ་ནི་སཾ་སྐྲི་ཏའི་སྒྲ་ལས་ཤཱི་ལ་ཞེས་ཏེ། ཤཱི་ལ་ཞེས་པ་དེ་དོན་བསྒྱུར་ན་ཚུལ་ཁྲིམས་ཞེས་སོ། །ཤཱི་ལ་ཞེས་པ་དེ་སྒྲ་བསྒྱུར་ན་བསིལ་ཐོབ་ཅེས་བྱ་སྟེ། ཤཱི་ལ་ཞེས་པ་དེ་ལ་ཤི་ཏ་ཞེས་སྒྲའི་རྐྱེན་བྱིན་ན་བསིལ་བ་ཞེས་སོ། །ལ་བྷ་ཞེས་སྒྲའི་རྐྱེན་བྱིན་ན་ཐོབ་པ་ཡིན་པས་བསིལ་བ་ཐོབ་པ་སྟེ། ཁ་ན་མ་ཐོ་བའི་གདུང་བ་ལས་བསིལ་བ་ཐོབ་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ཚུལ་ཁྲིམས་ནི་ལེགས་སྦྱར་གྱི་ཤཱི་ལ་ཞེས་པའི་དོན་སྒྱུར་དང་། བསིལ་ཐོབ་ནི་དེའི་སྒྲ་སྒྱུར་རམ་ཐད་སྒྱུར་ཡིན་ནོ།།

སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་ལས[7]། ཤཱིལ། ངང་ཚུལ། ཞེས་དང་། སཾ་བོད་ཤན་སྦྱར་གྱི་ཚིག་མཛོད་ལས[8]། ཀ་མ་ལ་ཤི་ལ་དང་། ཀ་མ་ལ་ཤཱི་ལ། ཤྲཱི་ལ་བཅས་དག་སྡེབ་མི་འདྲ་བ་གསུམ་སྣང་ནའང་། ཤི་ལ་རྡོ་ལ་འཇུག་པ་ལས་ཚུལ་ཁྲིམས་དང་ངང་ཚུལ་ལ་འཇུག་པ་མི་སྣང་ལ། ཀ་མ་ལ་ཤཱི་ལ་ནི་པདྨའི་ངང་ཚུལ་ཞེས་པ་སྟེ། ཀ་མ་ལ་ནི་ཆུ་རྒྱན་ཏེ་པདྨའི་མིང་ངོ་། །སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ལས[9]། ཤཱི་ལ་ཚུལ་ཁྲིམས་དང་ཁྲིམས། ཤཱི་ལའི་ཤཱི་ཏ་བསིལ་བ་དང་། ལ་བྷ། ཐོབ་པ་སྟེ་རྒྱུད་བསིལ་བས་ཚུལ་ཁྲིམས་ཞེས་གསལ་བ་ལྟར་ཡིན་ལ། ཤྲཱི་ནི་དཔལ་ལ་འཇུག་པ་ལས་ཚུལ་ཁྲིམས་ལ་མི་འཇུག་ཅིང་། དཔལ་ནི་སྐབས་བབ་ཚིག་དོན་གཞན་དུ་བསྒྱུར་བས་འདིར་མི་འབྲེལ་ཞིང་། དེ་བཞིན་ཀ་མ་ལ་ཤཱི་ལ་ནི། པདྨའི་ངང་ཚུལ་ལ་བསྒྱུར་བ་དང་། པདྨ་ཚུལ་ཁྲིམས་ལ་བསྒྱུར་བ་གཉིས་ཡོད་པ་ལྟར་ཐང་སན་ལམ་ཡིག་ལས་[10]ཀྱང་། ཐང་སན་གྱི་སློབ་དཔོན་གཙོ་བོ་སློབ་དཔོན་ཤཱི་ལ་བྷ་དྲ་སྟེ་ངང་ཚུལ་བཟང་པོ་ཞེས་པ་སྟེ་ཤཱི་ལ་ཚུལ་ཁྲིམས་དང་། བྷ་དྲ་བཟང་པོ་ལ་བསྒྱུར་བ་ལྟར་ཡིན་ལ། གཞན་ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[11]། ཀ་མ་ལ་སྟེ་པདྨ་དང་ཤཱི་ལ་ནི་ངང་ཚུལ་ཏེ་པདྨའི་ངང་ཚུལ་ལམ་རྒྱལ་བའི་ངང་ཚུལ་ཞེས་བྱ། ཞེས་གསུངས་པ་ལྟར་ཀ་མ་ལ་ཤཱི་ལ་ཞེས་པ་རྒྱལ་བའི་ངང་ཚུལ་ལའང་བསྒྱུར་བ་ཡོད་དོ།།

ཡང་༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་ (1708-1757) གསན་ཡིག་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་དབང་གི་རྒྱལ་པོའི་དོ་ཤལ་ལས[12]། སློབ་དཔོན་ཀ་མ་ལས་ (དཔེ་ལ་ལར་ཀ་མ་ལ་ཤཱི་ལས་མཛད་ཟེར་བ་སྣང་བ་མཚན་ལ་འཁྲུལ་གཞི་བྱུང་བ་འདྲ་ཡང་། ཀཱ་མ་ལ་ནི་ཆུ་སྐྱེས་ཀྱི་རིགས་དང་། ཀ་མ་ལ་ནི་ཟླ་བར་འཇུག་གོ་ཞེས་གངྒཱར་གསུངས།) མཛད་པའི་སྔགས་ཀྱི་མཎྜལ་འགྱུར་རྙིང་། ཞེས་བྱུང་ལ། དེ་བཞིན་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ (1697-1774) གྱིས་མཛད་པའི་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས[13]། སློབ་དཔོན་ཀཾ་མ་ལས་མཛད་པའི་སྔགས་ཀྱི་མཎྜལ་གྱི་ཆོ་ག་འགྱུར་རྙིང་། དཔེ་ལ་ལར་ཀ་མ་ལ་ཤཱི་ལས་མཛད་ཅེས་བྱུང་ཡང་། ཀ་མ་ལ་ཤཱི་ལ་ནི་པདྨའི་ངང་ཚུལ་ཞེས་པར་འགྱུར་ལ་ཀཾ་མ་ལ་ནི་ཟླ་བར་འཇུག་གོ །ཞེས་གསུངས་པ་ལྟར་ཅུང་ཅད་འདྲ་བའི་ཆ་ནས་འཁྲུལ་གཞི་བྱུང་བའང་ཡོད་དོ།།

པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) རང་ཉིད་ཀྱིས་གསུང་རོང་སྟོན་གྱི་གསང་བའི་རྣམ་ཐར་ལས[14]། རེ་ཞིག་གི་ཚེ་ཤྲཱི་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོ་ཝི་ཀྲ་མ་ཤཱི་ལ་[15]ཞེས་ཡོངས་སུ་གྲགས་པ་དེར་དྷརྨ་ཤཱི་ལ་དང་། སློབ་དཔོན་ཀ་མ་ལ་རཀྵི་ཏ་ཞེས་བྱ་བ་གཉིས་ཀྱི་དྲུང་དུ་རབ་ཏུ་བྱུང་བར་མཛད་པའི་མཚན་ནི། ཀ་མ་ལ་ཤཱི་ལ་ཞེས་བཏགས་སོ། །ཞེས་གསུངས་པ་ལྟར་དཔལ་ནཱ་ལེནྡྲའི་མཁན་པོ་དྷརྨ་ཤཱི་ལ་དང་། སློབ་དཔོན་ཀ་མ་ལ་རཀྵི་ཏ་གཉིས་ལས་རབ་ཏུ་བྱུང་བས་མཁན་སློབ་རྣམ་གཉིས་ཀྱི་མཚན་ཟུར་ལས་དྲངས་ཏེ་ཀ་མ་ལ་ཤཱི་ལ་ཞེས་མཚན་བཏགས་པ་ཞིག་ཡིན་ལ། དེབ་ཐེར་སྔོན་པོ་སོགས་སུ་ཝི་ཀྲ་མ་ཤཱི་ལའི་མཁན་པོ་དགེ་བའི་ལྷ་ལས་རབ་ཏུ་བྱུང་བར་གསུངས་པས་བཞེད་ལུགས་མི་མཐུན་ནོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཚུ༽ དེབ་ཨང་ ༤༡ པ། ཤོག་གྲངས་ ༩༣༦ ཐོག་གསལ་བའི་གསོལ་འདེབས་འདི་ཉིད་སློབ་དཔོན་ཀ་མ་ལ་ཤཱི་ལའི་ཡིན་པར་ངོས་འཛིན་ནའང་། སློབ་དཔོན་ཨ་བྷ་ཡཱ་ཀ་རས་མཛད་པའི་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་དང་ལོ་རྒྱུས་སུ་སློབ་དཔོན་ཀ་མ་ལ་ཤཱི་ལ་མི་འབྱུང་བས་དཔྱད་དགོས་པར་སྣང་ངོ་།།

[2]  ངག་དབང་དགེ་འདུན་རྒྱ་མཚོའི་གསུང་འབུམ། པོད། ༼༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༢༠ ལོ། ཤོག་ ༡

[3]  དབྱངས་ཅན་དགའ་བློའི་གསུང་འབུམ། ༼༡༽ ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༦༣

[4]  རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༠༠

[5]  རོང་སྟོན་སྒོམ་རིམ། གསུང་འབུམ། ༼ཁ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༢བ༣

[6]  དགའ་ལྡན་བྱང་རྩེའི་དཔེ་མཛོད་ཁང་། ཐེ་ཝན་པར་མ། དེབ་གཟུགས། སྟོད་ཆ། ཤོག་གྲངས་ ༢༠

[7]  སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༥༨༡

[8]  སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས། ཀན་སུའི་མི་རིགས་གནའ་དཔེ། ༡༩༨༠ ལོ། ཤོག་གྲངས་ ༢༠༠

[9]  སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས། ཀན་སུའི་མི་རིགས་གནའ་དཔེ། ༡༩༨༠ ལོ། ཤོག་གྲངས་ ༧༩༢

[10]  ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༩༥

[11]  དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༡

[12]  ༸རྒྱལ་བ་བསྐལ་བཟང་རྒྱ་མཚོའི་གསུང་འབུམ། ༼༡༽ རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༤༤

[13]  ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། ༼ཀ༽ དཔེ་རིང་། ཤོག་གྲངས་ ༨༥ན༦

[14]  རོང་སྟོན་གྱི་གསང་རྣམ། ལྡི་ལི། དེབ་གཟུགས། བོད་མ། ཤོག་གྲངས་ ༣༥༥

[15]  དཔལ་ནཱ་ལེནྡྲ་དང་། བི་ཀྲ་མ་ཤཱི་ལ་གཉིས་གཙུག་ལག་ཁང་སོ་སོ་བ་ཡིན་ཀྱང་། འདིར་གཅིག་གི་ཁོངས་སུ་གཅིག་གཏོགས་པར་གསུངས་པས་དཔྱད་གཞིར་སྣང་ངོ་།།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༤༥ ནས་ ༣༤༩ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *