ར༽ རྗེས་འཇུག་གི་སློབ་མ་གྲགས་ཅན།
དེ་ཡང་འབའ་གཞུང་རིན་ཆེན་ཚེ་རིང་གིས་བརྩམས་པའི་དབུ་མའི་སྤྱི་དོན་ཟབ་དོན་གསལ་བྱེད་འཕྲུལ་གྱི་མེ་ལོང་ལས[1]། བོདྷི་ས་ཏྭའམ་མཁན་པོ་ཞི་བ་འཚོ་ནི་ཤར་བྷང་ག་ལའི་ཟ་ཧོར་རྒྱལ་པོའི་སྲས་སུ་འཁྲུངས་ཏེ་ཡེ་ཤེས་སྙིང་པོ་ལས་རབ་ཏུ་བྱུང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བོད་ཡུལ་དུ་སྤྱན་དྲངས་ཏེ། བཻ་རོ་ཙ་ན་དང་། ངན་ལམ་རྒྱལ་བ་མཆོག་དབྱངས། གཙང་ལེགས་གྲུབ་སོགས་རབ་ཏུ་བྱུང་བས་སད་མི་མི་བདུན་དུ་གྲགས།
དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པའི་ཐུགས་བཀོད་མཛད་པ་སོགས་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན་ཅིང་། མཁན་ཆེན་འདི་པས་དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ་ཞེས་པ་མཛད་ནས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་སྲོལ་ཕྱེ། རྒྱ་གར་འཕགས་པའི་ཡུལ་དུ་དབུ་མའི་འཆད་ཉན་ཇི་ལྟར་དར་ཚུལ། དབུ་མ་རྒྱན་རང་འགྲེལ་དུ་གྲགས་པ་ནི། སྔོན་གྱི་མཁས་པ་ཁ་ཅིག་གིས་རྩ་འགྲེལ་གཉིས་སྔ་ཕྱིར་བརྩམས་པར་འདོད་ཀྱང་། དབུ་མ་རྒྱན་གྱི་ཟིན་བྲིས་རྗེ་བདག་ཉིད་ཆེན་པོས་གནང་བ་ལས[2]། རྩ་བ་སྔོན་དུ་བྱས་ནས་འགྲེལ་བས་ཕྱིས་བཀྲལ་བའི་བསྟན་བཅོས་གཉིས་སུ་མི་བྱའི། བསྟན་བཅོས་ལ་ཚིགས་བཅད་དང་། ལྷུག་པ་དང་། སྤེལ་མའི་ལུགས་གསུམ་གསུངས་པའི་ཐ་མ་ཡིན་པར་བཟུང་ལ། དབུ་མ་རྒྱན་གྱི་གཞུང་ངོས་ཟིན་པར་གྱིས་ཤིག་ཅེས་དབུ་མ་རྒྱན་རྩ་བར་གྲགས་པ་ནི་དེའི་ནང་གི་ཚིགས་སུ་བཅད་པ་རྣམས་ཁོལ་དུ་ཕྱུང་བ་ཡིན་པར་གསུངས་པས་བསྟན་བཅོས་གཅིག་ཏུ་ངོས་གཟུང་བར་བྱའོ།།
སློབ་དཔོན་ཞི་བ་འཚོས་ཀ་མ་ལ་ཤཱི་ལ་དང་། འཕགས་པ་གྲོལ་སྡེ་དང་། སློབ་དཔོན་སེང་གེ་བཟང་པོ། སངས་རྒྱས་ཡེ་ཤེས་སོགས་བསྟན་འཛིན་གྱི་སློབ་མ་མང་དུ་བསྐྱངས་པ་ལས། ཆེས་མཆོག་ཏུ་གྱུར་པ་ནི་ཀ་མ་ལ་ཤཱི་ལ་དང་། སློབ་དཔོན་སེང་གེ་བཟང་པོ་གཉིས་ཡིན། ཞེས་གསལ་བ་ལྟར། མཁན་ཆེན་ཞི་འཚོས་འཕགས་བོད་སོགས་སུ་བསྟན་པའི་བྱ་བ་རྒྱ་ཆེར་མཛད་ཅིང་། སྐུ་ཚེ་སྟོད་སྨད་བར་གསུམ་གྱི་སློབ་ཚོགས་བགྲང་ལས་འདས་པས་ཐམས་ཅད་བརྗོད་པར་མི་ནུས་ཀྱང་། ངག་དབང་ཀུན་དགའ་བསོད་ནམས་མཆོག་ (1597-1659/1660) གིས་མཛད་པའི་བཀའ་གདམས་ཆོས་འབྱུང་ལས[3]། གངས་ཅན་གྱི་ལྗོངས་འདིར་ཡང་བཀའ་དྲིན་མཆོག་ཏུ་ཆེ་བ་དེའི་སྐུ་ཚེའི་སྟོད་ཀྱི་སློབ་མ་སློབ་དཔོན་སེངྒེ་བཟང་པོ་སོགས་དང་། སྨད་ཀྱི་སློབ་མ་ཀ་མ་ལ་ཤཱི་ལ་སོགས་ཡིན། ཞེས་གསུངས་པ་ནི། རྒྱ་གར་འཕགས་ཡུལ་དུ་བྱོན་པའི་སྙན་གྲགས་ཅན་གྱི་དངོས་སློབ་རྣམས་ཡིན་ནོ།།
དེ་བཞིན་བོད་ཁ་བའི་ལྗོངས་སུ་སློབ་མའི་ཐོག་མ་ནི། སྦ་གསལ་སྣང་ཡེ་ཤེས་དང་། ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན། རབ་ཏུ་བྱུང་བའི་ཐོག་མ་བོད་མི་སད་མི་བདུན་སོགས་དང་། གཞན་ཡང་བསྟན་དང་འགྲོ་བའི་མགོན་པོ་གནས་བརྟན་འདུལ་བ་འཛིན་པ་རྒྱུན་མི་ཆད་པ་དུས་ད་ལྟའང་འབྱོན་པ་འདི་དག་ནི། བཀའ་དྲིན་མཚུངས་ཟླ་མ་མཆིས་པ་མཁན་ཆེན་ཞི་འཚོའི་ཐུགས་བསྐྱེད་ཁོ་ན་ཡིན་པ་གོར་མ་ཆག་ལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས། བོད་དུ་བསྟན་པ་འཛུགས་པའི་མཁན་ཆེན་ཉིད་དང་། མཁན་རྒྱུད་དང་། མ་འོངས་པ་བསྟན་པ་གནས་པ་དེ་སྲིད་དུ་མཁན་རྒྱུད་ལ་སྤྲུལ་པ་བྱོན་པ་དེ་ཀུན་ཇོ་བོ་ཉིད་དང་ངོ་བོ་གཅིག་པར་གསུངས་པ་བཞིན་ནོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དབུ་མའི་སྤྱི་དོན་ཟབ་དོན་འཕྲུལ་གྱི་མེ་ལོང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༣༢
[2] རྗེའི་གསུང་འབུམ། དབུ་མ་རྒྱན་གྱི་ཟིན་བྲིས་རྗེ་རང་གིས་གནང་བ། བླ་བྲང་པར་མ། དཔེ་རིང་། ཤོག་གྲངས་ ༢བ༣
[3] བཀའ་གདམས་ཆོས་འབྱུང་ངོ་མཚར་རྒྱ་མཚོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་གྲངས་ ༢༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༣༣ ནས་ ༣༣༤ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།