ད༽ མཁན་ཆེན་ཞི་འཚོ་བོད་དུ་བྱོན་ལོ།

ད༽ མཁན་ཆེན་ཞི་འཚོ་བོད་དུ་བྱོན་ལོ།

 

དེ་ཡང་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་ (1846-1912) མཛད་པའི་མཁན་ཆེན་ཞི་འཚོའི་བསྟོད་པ་འཇམ་དཔལ་མ་ལས[1]།

གངས་ཅན་མུན་པའི་ཁྲོད་དུ་རྒྱལ་བསྟན་མཆོག །སྣང་བའི་སྒོ་ཆེན་ཐོག་མར་ཁྱོད་ཀྱིས་ཕྱེས། །

ཡང་དག་ལུང་དང་རིགས་པའི་རྒྱལ་རྔ་བསྒྲགས། །མཁན་ཆེན་ཆོས་ཀྱི་རྒྱལ་པོར་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེངྒེའི་རིང་ལུགས་དྲི་མ་མེད་པ་ཁ་བ་གངས་ཅན་གྱི་ལྗོངས་འདིར་གསལ་བར་མཛད་པ་པོ་མཁན་ཆེན་ཞི་བ་འཚོ་བོད་གངས་ཅན་གྱི་ལྗོངས་སུ་དུས་ནམ་ཞིག་བྱོན་ནམ་ཞེ་ན། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[2]། ལྕགས་རྟ། ཕྱི་ལོ་ ༧༩༠ མཁན་ཆེན་ཞི་བ་འཚོ་དང་། པདྨ་འབྱུང་གནས་བོད་དུ་ཕེབས། ཞེས་དང་། ཡང་དེ་ཉིད་ལས[3]། མཁན་པོ་འདི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་དུ་གདན་དྲངས་པའི་ལོ་ནི་རྒྱལ་པོ་དེ་ཆུ་རྟ་ (༧༤༢) ལོར་འཁྲུངས་པའི་དགུང་ལོ་ཉི་ཤུ་པ་ལྕགས་གླང་ (༧༦༡) ལོར་ནང་པ་སངས་རྒྱས་ཀྱི་ཆོས་མཛད་པའི་ཁྲིམས་ཁྱབ་བསྒྲགས་གནང་རྗེས་སུ་གདན་དྲངས་པ་ཡིན། ཞེས་གསུངས་པ་ལྟར། དེབ་ཐེར་ཁག་ཏུ་མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་པའི་ལོ་ཁམས་ཞིབ་གསལ་མ་འཁོད་ཀྱང་། ལོ་རྒྱུས་ཀྱི་གོ་རིམ་ལ་གཞིགས་ན་ཤིང་འབྲུག་ཕྱི་ལོ་ ༧༦༤ ལོར་བོད་དུ་གདན་དྲངས་ཏེ་མཁན་ཆེན་དང་བལ་པོའི་ལོ་ཙཱ་བ་ཞབས་འབྲིང་དང་བཅས་པ་མང་ཡུལ་བརྒྱུད་ལྷ་སར་ཕེབས། བཙན་པོ་དང་ཞལ་འཛོམས་གནང་། ཞེས་བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག་[4]ཏུ་གསལ་ལ། མདོར་ན་མཁན་ཆེན་བོད་དུ་བྱོན་ལོ་ཞལ་གསལ་མེད་པ་དང་། ལོ་ཚིགས་གསལ་བ་རྣམས་ཀྱང་གཅིག་མཐུན་མེད་པར་བཞེད་ལུགས་སྣ་ཚོགས་ཤིག་མཆིས་སོ།།

སྤྱིར་བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་ནས་རབ་གནས་མཛད་པ་སོགས་ཀྱི་ལོ་ཚིགས་ལ་འདོད་ཚུལ་མི་གཅིག་པས་མཁན་ཆེན་ཞི་བ་འཚོ་ནམ་བྱོན་གྱི་ལོ་ཚིགས་ཀྱང་ཐ་དད་དུ་སོང་བ་སྟེ། དེང་རབས་རྒྱའི་ལོ་རྒྱུས་སྨྲ་བ་རྣམས་ཀྱི་འདོད་ཚུལ་ནི། ༡༽ ཝང་ཧྥུ་རིན་གྱིས་ཤིང་སྦྲུལ་ཕྱི་ལོ་ ༧༠༥ ལོར་འཁྲུངས་པ་དང་། ཆུ་ལུག་ཕྱི་ལོ་ ༧༤༣ ལོར་བོད་དུ་ཐེངས་དང་པོ་བྱོན་པར་འདོད་ལ། ས་གླང་ཕྱི་ལོ་ ༧༤༩ ལོར་སླར་ཡང་ཐེངས་གཉིས་པ་བོད་དུ་བྱོན་ནས་བསམ་ཡས་གསར་བཞེངས་ལེགས་གྲུབ་ཀྱིས་རབ་གནས་མཛད་ཅིང་། ཆུ་སྟག་ཕྱི་ལོ་ ༧༦༢ ལོར་འདས་པར་འདོད། ༢༽ ཝང་སེན་གྱིས་ཆུ་ཡོས་ཕྱི་ལོ་ ༧༦༣ ལོར་སློབ་དཔོན་བོ་དྷི་ས་ཏྭ་དང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་རྣམ་གཉིས་ཞལ་འཛོམས་བྱུང་ཞིང་། ས་ལུག་ཕྱི་ལོ་ ༧༧༩ ལོར་བསམ་ཡས་རབ་གནས་མཛད་པར་འདོད།

དེ་བཞིན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། ཆོས་འབྱུང་དེབ་ཐེར་ཁག་ཏུ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཐོག་མར་གསར་བཞེངས་ཀྱི་རྨང་གཞི་བཏིང་པའི་ལོ་ཚིགས་ཐད་བཞེད་ཚུལ་མི་འདྲ་བ་དྲུག་སྟེ། ༡༽ བཻ་དཀར་དང་། སུམ་པ་ཆོས་འབྱུང་ལས་མེ་མཁའ་རྒྱ་མཚོ་ ༡༢༨ ལྕགས་ཡོས་ཕྱི་ལོ་ ༧༥༡ ལོར་བཞེངས་པར་གསུངས་ལ། ༢༽ ཀུན་མཁྱེན་དང་། བྲག་དགོན་ཆོས་འབྱུང་ལས་མེ་མཁའ་རྒྱ་མཚོ་ ༡༧༥ ས་སྟག་ཕྱི་ལོ་ ༧༩༨ ལོར་བཞེངས་འགོ་བརྩམས་ཞེས་གསུངས། ༣༽ པཎ་ཆེན་བསོད་གྲགས་ཀྱིས་མེ་མཁའ་རྒྱ་མཚོ་ ༡༧༦ ས་ཡོས་ཕྱི་ལོ་ ༧༩༩ ལོར་རྨང་བཏིང་པར་བཞེད། ༤༽ བ་རིའི་ཆོས་འབྱུང་ལས་མེ་མཁའ་རྒྱ་མཚོ་ ༡༨༧ ལྕགས་སྟག་ཕྱི་ལོ་ ༨༡༠ ལོར་རྨང་བཏིང་ཞེས་གསུངས། ༥༽ དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་དང་། སུམ་པ་ཆོས་འབྱུང་གཉིས་ལས་མེ་མཁའ་རྒྱ་མཚོ་ ༡༨༨ ལྕགས་ཡོས་ཕྱི་ལོ་ ༨༡༡ ལོར་བཞེངས་འགོ་བརྩམས་པར་གསུངས། ༦༽ ༸རྒྱལ་མཆོག་ལྔ་པ་ཆེན་པོའི་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དང་། ༸རྒྱལ་མཆོག་བདུན་པའི་བསམ་ཡས་རྒྱ་ཕིབས་ཀྱི་དཀར་ཆག །གཞན་ཡང་དཔལ་སྤྲུལ་དང་། འཇུ་མི་ཕམ་རྣམ་པ་བཞིས་མེ་མཁའ་རྒྱ་མཚོ་ ༡༩༩ ཆུ་སྟག་ཕྱི་ལོ་ ༨༢༢ ལོར་རྨང་བཏིང་པ་དང་། ལོ་འདིར་སློབ་དཔོན་པདྨ་བོད་དུ་བྱོན་པར་གསུངས་སོ།།

གཞན་ཡང་བསམ་ཡས་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་ཟིན་པའི་ལོ་ཚིགས་ཐད་ལའང་བཞེད་པ་མི་འདྲ་བ་བདུན་ཙམ་མཆིས་པ་འདི་ལྟར། ༡༽ རྒྱའི་མཁས་པ་ལ་ལས་མེ་མཁའ་རྒྱ་མཚོ་ ༡༥༦ ས་ལུག་ཕྱི་ལོ་ ༧༧༩ ལོའི་ཡས་མས་སུ་བཞེངས་གྲུབ་པར་འདོད་པ་དང་། ༢༽ བྲག་དགོན་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་མདོ་སྨད་ཆོས་འབྱུང་ལས། མེ་མཁའ་རྒྱ་མཚོ་ ༡༧༨ ལྕགས་སྦྲུལ་ཕྱི་ལོ་ ༨༠༡ ལོར་ལོ་བཞི་ལ་བཞེངས་ནས་གྲུབ། ༣༽ པཎ་ཆེན་བསོད་ནམས་གྲགས་པའི་དེབ་ཐེར་དམར་པོ་གསར་མ་ལས། མེ་མཁའ་རྒྱ་མཚོ་ ༡༨༨ ལྕགས་ཡོས་ཕྱི་ལོ་ ༨༡༡ ལོར་བཞེངས་གྲུབ། ༤༽ སུམ་པ་མཁན་པོའི་སུམ་པ་ཆོས་འབྱུང་ལས། མེ་མཁའ་རྒྱ་མཚོ་ ༡༩༡ ཤིང་རྟ་ཕྱི་ལོ་ ༨༡༤ ལོར་བཞེངས་གྲུབ། ༥༽ ༸རྒྱལ་མཆོག་ལྔ་པ་ཆེན་པོའི་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དང་། ༸རྒྱལ་མཆོག་བདུན་པའི་བསམ་ཡས་རྒྱ་ཕིབས་ཀྱི་དཀར་ཆག་ལས། མེ་མཁའ་རྒྱ་མཚོ་ ༢༠༠ ཆུ་ཡོས་ཕྱི་ལོ་ ༨༢༣ ལོར་བཞེངས་ཚར། ༦༽ མེ་མཁའ་རྒྱ་མཚོ་ ༢༠༣ མེ་རྟ་ཕྱི་ལོ་ ༨༢༦ ལོར་བཞེངས་གྲུབ་པར་གསལ། ༧༽ བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག་ལས[5]། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ནི་ཤིང་ཡོས་ ༧༧༥ ལོར་རྨང་གཞི་བཏིང་ནས་ཡོངས་སུ་ལེགས་བསྒྲུབས་ཟིན་པར་གསུངས་པ་སོགས་བཞེད་ལུགས་སྣ་ཚོགས་ཤིག་མཆིས་པས་མཐའ་གཅིག་ཏུ་འདི་དང་འདི་ཞེས་ཞུ་ཚོད་དཀའ་བའི་གནས་དང་། དཔལ་ལྡན་ཚུལ་ཁྲིམས་ (1894/95-1971) ཀྱིས་བརྩམས་པའི་ཆོས་འབྱུང་ཀུན་གསལ་མེ་ལོང་ལས[6]། མཁན་པོ་ཞི་བ་འཚོའམ་ཤནྟ་རཀྵི་ཏ་ནི། ཤར་ཕྱོགས་ཟ་ཧོར་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། གཞོན་ནུའི་དུས་མཁན་པོ་ཡེ་ཤེས་སྙིང་པོ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡོམ་རྒྱུན་བཟུང་ཞིང་མཁས་པར་བསླབས། སྡེ་སྣོད་གསུམ་ལ་མཁས་པར་སྦྱངས། སློབ་པའི་སྡེ་ལ་བསྟེན་ཏེ། མངོན་རྟོགས་རྒྱན་དང་ཟབ་མོའི་ལམ་གྱི་རིམ་པའི་གནད་ཀླུ་སྒྲུབ་ཀྱིས་དགོངས་པ་བཞིན་ཐུགས་སུ་ཆུད། དབུ་མ་རྒྱན་འགྲེལ་པ་དང་བཅས་བརྩམས། འདིའི་སློབ་མ་མཆོག་ནི་སློབ་དཔོན་སེངྒེ་བཟང་པོ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལ་གཉིས་ཡིན། སྐུ་ཚེའང་རིང་པོར་བཞུགས་སྐད་དོ། །ཁ་ཅིག་འདི་ཉིད་བོད་དུ་བྱོན་པའི་མཁན་པོ་བོ་དྷི་སཏྭ་ཡིན། ཞེས་བཤད་ཀྱང་འདིའི་རྒྱས་བསྡུས་རྣམ་ཐར་རྒྱ་དཔེ་རྣམས་སུ་བོད་དུ་ཕེབས་པའི་ལོ་རྒྱུས་གང་དུའང་མེད་ཅེས་གླེང་ངོ་། །ཞེས་ཀྱང་བྱུང་ངོ་།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  མི་ཕམ་རྒྱ་མཚོའི་གསུང་འབུམ། ༼ཝཾ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༤༥བ༣ ནས་ ༤༧ན༡ བར།

[2]  ལོ་ཚིགས་དྭངས་ཤེལ་མེ་ལོང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༥༤

[3]  དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༢༤

[4]  བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༡༩

[5]  བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༢༢

[6]  ཆོས་འབྱུང་ཀུན་གསལ་མེ་ལོང་། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༣ ལོ། ཤོག་གྲངས་ ༣༧

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༢༣ ནས་ ༢༢༦ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *