༥༽ དཔལ་ལྡན་ཞི་བ་འཚོ།

༥༽ དཔལ་ལྡན་ཞི་བ་འཚོ།

དེ་ཡང་བོད་ཀྱི་འཇམ་དབྱངས་རྣམ་གསུམ་གྱི་ཡ་གྱལ་འཇམ་མགོན་ས་པཎ་ (1182-1251) གྱིས་མཛད་པའི་སྡོམ་བརྩོན་དམ་པའི་དཔེ་རིས་ཀྱི་ཕྱག་མཚན་རི་མོའི་བསྟོད་ཚིག་ལས[1]།

སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ། །བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་གནས་དཔལ། །

བློ་གསལ་དབང་པོ་པདྨའི་ངང་ཚུལ་སོགས། །སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ་ཡིན། །

ཞེས་དང་། དེ་བཞིན་ཆོས་རྗེ་ཙོང་ཁ་པ་ཆེན་པོས་ (1357-1419) དབུ་མ་རྒྱན་གྱི་ཟིན་བྲིས་རྗེ་རང་གིས་གནང་བ་ལས་[2]ཀྱང་། འཇམ་དཔལ་དབྱངས་ཀྱིས་རྗེས་བཟུང་བས། །རང་གཞན་གྲུབ་མཐའི་ཕ་རོལ་སོན། །ཟབ་མོའི་དོན་ལ་མངའ་བརྙེས་པའི། །དཔལ་ལྡན་ཞི་བ་འཚོ་ལ་འདུད། །ཅེས་གསུངས་པ་ལྟར་མཁན་ཆེན་ཞི་འཚོའི་མཚན་གྱི་རྣམ་གྲངས་སུ་དཔལ་ལྡན་ཞི་བ་འཚོ་ཞེས་འབོད་པ་ནི། ཡོངས་གྲགས་ཞི་བ་འཚོའི་མཚན་གྱི་སྔོན་དུ་དཔལ་ལྡན་ཞེས་སྦྱར་བའང་སྣང་བས་ན། དོན་གྱི་ཆ་ནས་ཆེ་བསྟོད་ཀྱི་ཚུལ་དུ་དཔལ་ལྡན་ཞེས་སྦྱར་བའམ། ཡང་ན་མཚན་གྱི་རྣམ་གྲངས་ལྟ་བུར་དཔལ་ལྡན་ཞི་བ་འཚོ་ཞེས་གསུངས་མིན་དཔྱད་པར་འཚལ་ལོ།།

དེ་བཞིན་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) མཆོག་གིས་མཛད་པའི་སྨན་བླ་བདེ་གཤེགས་འཁོར་བཅས་མཆོད་པའི་གོ་ཆའི་དོན་རྣམ་པར་བཤད་པ་འགྲོ་ཀུན་དག་པའི་ཞིང་དུ་བསྒྲོད་པའི་ལམ་མཁན་གྱི་སྐྱེས་བུ་ལེགས་བཤད་རབ་ཏུ་གསལ་བ་ལས[3]། བྱང་ཆུབ་སེམས་དཔའ་དཔལ་ལྡན་ཞི་བ་འཚོ་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་མཐའ་བྲལ་དབུ་མའི་བདུད་རྩི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ལུས་མཆོག་བརྟས་པ་དང་། བསྟན་པ་དང་སེམས་ཅན་མ་ལུས་པའི་ཁུར་ཆེན་པོ་ཐུགས་རྗེའི་ཕྲག་པར་ཐོགས་པ་དེས། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་ལ་བརྟེན་པའི་ཆོག་བསྒྲིགས་ཀྱི་བསྟན་བཅོས་ཆེན་པོ་འདི་མཛད་དོ། །ཞེས་གསུངས་ཀྱང་བསྟན་འགྱུར་དུ་བཞུགས་པའི་བདེ་གཤེགས་བདུན་གྱི་ཆོ་ག་རྒྱས་འབྲིང་བསྡུས་གསུམ་གྱི་འགྱུར་བྱང་དུ་སློབ་དཔོན་བོ་དྷི་ས་ཏྭས་མཛད་པ་ཞེས་པ་ལས་དཔལ་ལྡན་ཞི་བ་འཚོ་ཞེས་པའི་མཚན་མི་གསལ་ལོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཀུན་བཏུས་ཞལ་ཐང་ཆེན་མོའི་རྣམ་བཤད། མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༦༥༧

[2]  རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། ༼བ།མ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་ ༤༢༤

[3]  ཨ་མེས་ཞབས་བཀའ་འབུམ། ༼ཆ༽  དཔེ་གཟུགས། དཔེ་རིང་། ཤོག་གྲངས་ ༧ན༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༦༦ ནས་ ༡༦༧ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *