༤༽ དྷརྨ་ཤཱནྟི་གྷོ་ཥ་སྟེ་ཆོས་ཀྱི་ཞི་བའི་དབྱངས།
དེ་ཡང་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་ (1865-1926) མཛད་པའི་ཞི་བ་འཚོའི་བསྟོད་པ་ལས[1]།
དྲན་དང་ཤེས་བཞིན་བག་ཡོད་མཆོག་བརྙེས་པས། །དབང་པོ་ཞི་ཞིང་ཐུགས་ཀྱང་ཞི་གྱུར་ཏེ། །
དུལ་བའི་སྤྱོད་ལམ་མ་རྨས་མ་འཁྲུལ་བ། །མཐོང་ན་མི་མཐུན་མེད་པའི་དཔལ་གྱིས་མཛེས། །
ཞེས་བསྟོད་པ་མཛད་པ་ལྟར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ (742-797) གྱིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ་ལས[2]། ཟ་ཧོར་གྱི་བིཀྵུ་ཐེག་པ་ཆེན་པོ་པ་ཡུལ་ཁ་ག་ས་ར་ཉར་སྐྱེས་པ་དར་མ་ཤཱནྟི་གྷོ་ཥ་ཞེས་བྱ་བ་འཇིག་རྟེན་གྱིས་ཨཱ་ཙརྱ་བོ་དྷི་སཏྭ་ཞེས་བཏགས་པ་གསུང་རབ་ཐམས་ཅད་ལ་མཁས་ཤིང་། ཚུལ་ཁྲིམས་དང་ཤེས་རབ་ཏུ་ལྡན་པས་མི་འཕྲོགས་པའི་བརྩོན་འགྲུས་ལ་ཞུགས་པ་ཞིག་བདག་གི་དགེ་བའི་བཤེས་གཉེན་དུ་གྱུར་པ་ལས་ཐོས་པ། ཞེས་དང་། དེ་བཞིན་ཁྲོ་ཕུ་དུས་ཞབས་པ་དཔལ་རྒྱས་དབང་པོས་ (དུས་རབས་16/17པ།) མཛད་པའི་རྒྱལ་དབང་ཐམས་ཅད་མཁྱེན་པ་དཔག་བསམ་དབང་པོ་ཐུབ་བསྟན་ཡོངས་འདུའི་དཔལ་གྱི་སྡེའི་རྣམ་པར་ཐར་པ་སྐལ་བཟང་ཀུན་ཏུ་དགའ་བའི་ཟློས་གར་ལས[3]། ཟ་ཧོར་གྱི་བྷིཀྵུ་ཆེན་པོ་པ། ཡུལ་ཁ་ས་ར་ཎར་འཁྲུངས་པ་དྷརྨ་ཤཱནྟི་གྷོ་ཥ་འཇིག་རྟེན་ན་ཨཱ་ཙཱརྱ་བོདྷི་ས་ཏྭ་ཞེས་གྲགས་པ་གསུང་རབ་ཐམས་ཅད་ལ་མཁས་ཤིང་། ཚུལ་ཁྲིམས་དང་ཤེས་རབ་ལྡན་པ་མི་འཕྲོག་པའི་བརྩོན་འགྲུས་ལ་ཞུགས་པ། དབུ་མ་རང་རྒྱུད་དུ་སྨྲ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ཤཱནྟ་རཀྵི་ཏ་ཞེས་གྲགས་པ། ཞེས་གསུངས་པ་ལྟར་དྷརྨ་ཆོས་དང་། ཤཱནྟི་ཞི་བ། གྷོ་ཥ་དབྱངས་ཏེ་ཆོས་ཀྱི་ཞི་བའི་དབྱངས་ཞེས་སུ་གྲུབ་པ་འདི་ཉིད་མཁན་ཆེན་ཞི་བ་འཚོའི་མཚན་གྱི་རྣམ་གྲངས་ཡིན་པར་གསལ་ལ། དེ་བཞིན་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[4]། ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ན[5]། མཁན་པོ་བོ་དྷི་ས་ཏྭའི་མཚན་དྷརྨ་ཤཱནྟི་གྷོ་ཥ་སྟེ་ཆོས་ཞི་བའི་དབྱངས་ཞེས་པ་ཡིན་པར་བཤད་ཀྱང༌། མཚན་དུ་མ་འབྱུང་བ་མི་འགལ་ཞིང༌། རང་གི་མཁན་བུ་སད་མི་མི་བདུན་ཀུན་ལའང་རཀྵི་ཏ་ཞེས་པའི་ཤཱནྟ་རཀྵི་ཏའི་མཚན་ཟུར་རེ་ཡང་འདུག་པས་མཚན་གྱི་རྣམ་གྲངས་ཞི་བ་འཚོ་ཡང་ངེས་པར་ཡིན་ནོ། །ཞེས་གསུངས་པ་ལྟར་ལེགས་སྦྱར་གྱི་མཚན་ལ་དྷརྨ་ཤཱནྟི་གྷོ་ཥ་སྟེ་ཆོས་ཀྱི་ཞི་བའི་དབྱངས་ཞེས་པ་འདི་ཉིད་ཀྱང་མཁན་ཆེན་ཞི་འཚོའི་མཚན་གྱི་རྣམ་གྲངས་ཡིན་པར་གསུངས། འོན་ཀྱང་དྷརྨ་ཤཱནྟི་གྷོ་ཥ་སྟེ་ཆོས་ཀྱི་ཞི་བའི་དབྱངས་ཞེས་པའི་མཚན་ནི། སློབ་དཔོན་རང་ཉིད་ཀྱིས་མཛད་པའི་བསྟན་བཅོས་ཀྱི་མཛད་བྱང་དུ་བཀོད་པ་མི་སྣང་ངོ་།།
དེ་ཡང་སྟག་ཚང་དཔལ་འབྱོར་བཟང་པོས་ (དུས་རབས་15པ།) མཛད་པའི་རྒྱ་བོད་ཡིག་ཚང་ཆེན་མོ་ལས[6]། རྒྱ་གར་ན་དཀོན་མཆོག་གི་ཞབས་ཏོག་ལ་དཀོན་གཉེར་ཟེར་བའི་བཙུན་པ་ཡོང་བ་ཡིན། བོད་ན་སྔར་བཙུན་པ་ནི་མི་འདུག་རྒྱལ་པོ་རང་ལ་བསམ་ཞིང་དད་མོས་ཡོད་པའི་བློན་འབངས་སུ་འོས་ལ་འཚོལ་དགོས་གསུངས་པས། ཡང་རྒྱལ་པོའི་ཞལ་ནས། དེ་ལྟར་ཡིན་ན་བོད་མི་ལའང་བཙུན་པ་རུང་ངམ་མཁན་པོས་རྗེས་སུ་གཟུང་དུ་གསོལ་ཞུས་པས། རུང་མི་རུང་ཉམས་སད་དུ་བཏུབ་གསུངས་ནས། སྦ་གསལ་སྣང་དང་། དབས་ཁྲི་གཤེར། པ་གོར་བཻ་རོ་ཙཱ་ན། ངན་ལམ་རྒྱལ་བ་མཆོག་དབྱངས། འཁོན་ཀླུའི་དབང་པོ་སྲུང་བ། རྨ་ཨ་ཙརྱ་རིན་ཆེན་མཆོག །གཙང་ལེགས་གྲུབ་རྣམས་མཁན་པོ་ལ་རབ་ཏུ་བྱུང་ཨེ་ཐུབ་ཉམས་སད་པས། ཁྱད་འཕགས་ཡོད་པར་དགོངས་ཏེ། ཁོང་རྣམས་ལ་རིམ་པ་བཞིན་དུ་སྦ་ཛྙནྟྲེ་རཀྵི་ཏ་ཡེ་ཤེས་དང་པོ་སྲུང་བ། དབས་རཏྣ་རཀྵི་ཏ་རིན་ཆེན་སྲུང་བ། རཏྣནྟེ་རཀྵི་ཏ་རིན་ཆེན་དབང་པོ་སྲུང་བ། རླངས་ཁམས་པ་སུ་ག་ཏ་ཝརྨ་རཀྵི་ཏ་བདེ་བར་གཤེགས་པ་སྲུང་བ། པ་གོར་བཻ་རོ་ཙཱ་ན་རཀྵི་ཏ་རྣམ་པར་སྣང་མཛད་སྲུང་བ། མཁོན་ན་གིནྟྲ་རཀྵི་ཏ་ཀླུའི་དབང་པོ་སྲུང་བ། གཙང་དྷེ་ཝཻནྚ་རཀྵི་ཏ་ལྷའི་དབང་པོ་སྲུང་བ་བྱ་བར་མིང་བཏགས། བོད་ཀྱི་བཙུན་པ་ལ་སྔ་བ་སད་མི་མི་བདུན་དུ་གྲགས་པ་བྱུང་། ཞེས་གསུངས་པ་ལྟར་གོང་གི་སྲུང་བ་ཞེས་པ་ནི་མཁན་པོའི་མཁན་ཟུར་རཀྵི་ཏ་བོད་སྐད་དུ་བསྒྱུར་བ་ཡིན་རུང་། སྐད་དོད་དེ་བཞིན་སྲུང་བ་ལས་འཚོར་བསྒྱུར་ན་ལེགས་པ་ཡོངས་གྲགས་ལྟར་འཚོ་ལ་བསྒྱུར་བ་མང་ངོ་།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] འཇིགས་མེད་བསྟན་པའི་ཉི་མའི་གསུང་འབུམ། ༼ཀ༽ བསྟོད་ཚོགས། དཔེ་གཟུགས། ཤོག་གྲངས་ ༣༩བ༤
[2] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཅོ༽ དེབ་ཨང་ ༡༡༥ པ། ཤོག་གྲངས་ ༤༦༧
[3] དཔག་བསམ་དབང་པོའི་རྣམ་ཐར། འཕྲུལ་དཔར་དཔེ་གཟུགས ཤོག་གྲངས་ ༡༡ན༡
[4] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༥༧
[5] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཅ༽ དེབ་ཨང་ ༡༡༥ པ། ཤོག་གྲངས་ ༤༦༧
[6] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ༼༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༣༡
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༦༣ ནས་ ༡༦༥ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།