༢༽ མཁན་ཆེན་ཞེས་པའི་མཚན་ཐོགས་ཚུལ།
དེ་ཡང་༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ (1617-1682) མཆོག་གིས་མཛད་པའི་གངས་རིའི་ཁྲོད་པ་རྣམས་ལ་བཀའ་དྲིན་མཚུངས་པ་མེད་པའི་མཁན་ཆེན་ཐམས་ཅད་མཁྱེན་པ་ཞི་བ་འཚོ་ལ་བསྟོད་པ་དབྱངས་ཅན་ཕང་འགྲོའི་སྒྲ་དབྱངས་ལས[1]།
རྒྱལ་ཀུན་ཡེ་ཤེས་སྒྱུ་འཕྲུལ་དྲ་བའི་གར། །ཚངས་སྤྱོད་ལང་ཚོ་དར་བའི་དོ་ར་རུ། །
བསྒྱུར་མཁས་སྡོམ་བརྩོན་དབང་པོ་གྷནྡྷར་བྷ། །མཁན་ཆེན་ཐམས་ཅད་མཁྱེན་པར་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར་མཁན་པོ་ཞེས་པའི་ཐ་སྙད་ནི། སྔོན་བྱོན་ལོ་པཎ་རྣམས་ཀྱིས་ (དུས་རབས་8པ།) མཛད་པའི་བྱེ་བྲག་ཏུ་རྟོགས་པར་བྱེད་པ་ཆེན་མོ་ལས[2]། མཁན་པོ་ཞེས་པ་ལེགས་སྦྱར་སྐད་དུ། ཨུ་པཱ་དྷྱཱ་ཡཿ ཞེས་བྱ་ལ། ཞེས་ལེགས་སྦྱར་གྱི་ཨུ་པཱ་དྷྱཱ་ཡཿ བོད་སྐད་དུ་མཁན་པོ་ཡིན་པར་གསུངས་ལ། དེ་བཞིན་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ (1697-1774) གྱིས་མཛད་པའི་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས[3]། དམ་པའི་ཆོས་འདུལ་བ་ལས་རབ་ཏུ་འབྱིན་པར་བྱེད་པ་ལ་མཁན་པོ་ཞེས་བྱ་སྟེ། དེའང་ཉེར་བསྒྱུར་ཨུ་པ་དང་ཨ་དྷི་སྔོན་མའི་ཨིང་ཀློག་པའི་བྱིངས་ལ་གྷ་ཉའི་རྐྱེན་བྱིན་པས་ཨུ་པ་དྷྱ་ཡ་ཞེས་པ་མཁན་པོ་སྟེ། བསླབ་པ་རྣམས་ཉེ་བར་ཀློག་པའམ་ཉེ་བར་ལུང་འབོགས་པས་སམ་ཀློག་ཏུ་འཇུག་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཞེས་གསུངས་སོ།།
གཞན་ཡང་བོད་གངས་ཅན་གྱི་ལྗོངས་སུ་ནང་པ་སངས་རྒྱས་པའི་རབ་བྱུང་ངུར་སྨྲིག་གི་སྡེ་ཐོག་མར་གསར་འཛུགས་མཛད་སྐབས་རྒྱ་གར་འཕགས་ཡུལ་ནས་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་དགེ་སློང་བཅུ་གཉིས་གདན་དྲངས་ནས། སྦ་གསལ་སྣང་སོགས་སད་མི་བདུན་གྱིས་མཚོན་བོད་འབངས་རྣམས་ལ་དམ་ཆོས་འདུལ་བའི་གཞུང་ནས་གསུངས་པའི་མཁན་པོའི་བྱ་བ་སྟེ། གཞན་ལ་དགེ་ཚུལ་སློང་གི་བསླབ་སྡོམ་སྩལ་ནོད་དང་། འདུལ་བའི་བསླབ་བྱའི་ལག་ལེན། འདུལ་གཞུང་སློབ་ཁྲིད་གནང་རྒྱུ་བཅས་མཁན་པོའི་བྱ་བ་རྣམས་ལེགས་པར་མཛད་པས་མཁན་པོ་དང་མཁན་ཆེན་ཞེས་མཚན་ཐོགས་པ་ཡིན། དེས་ན་བཟོ་རིག་མཁན་པོ་དང་། རིག་བྱེད་མཁན་པོ། ལོ་རྒྱུས་མཁན་པོ། བརྡ་སྤྲོད་མཁན་པོ། འཚོ་བྱེད་མཁན་པོ། སྙན་ངག་མཁན་པོ། སྒྱུ་མའི་མཁན་པོ་སོགས་དང་འཁྲུལ་བར་མི་བྱའོ།།
གཞན་ཡང་མཁན་པོ་ཞེས་པ་ནི། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ (1182-1251) གྱིས་མཛད་པའི་སྡོམ་གསུམ་རབ་དབྱེ་ལས[4]། དཔོན་སློབ་གཉིས་ཀ་གསང་སྔགས་ཀྱི། །(དབང་བསྐུར་མ་ཐོབ་)སྡོམ་པ་མེད་པ་ཡིན་(ལ་སྡོམ་མེད་ལ་བླ་མ་མཚན་ཉིད་དང་ལྡན་པ་མི་སྲིད་པའི་)ཕྱིར་རོ། །དཔེར་ན་རབ་བྱུང་མ་བྱས་ན། །མཁན་པོའི་ཐ་སྙད་མེད་པ་བཞིན། །དེ་བཞིན་དབང་བསྐུར་མ་ཐོབ་ན། །བླ་མའི་ཐ་སྙད་མི་འབྱུང་ངོ་། །ཞེས་དང་། ཡང་དེ་ཉིད་ལས[5]། རབ་བྱུང་མིན་ལ་ (འདུལ་བའི་ལུགས་ཀྱི་) མཁན་པོ་མེད། །དབང་མ་བསྐུར་ལ་ (གསང་སྔགས་ཀྱི་ལུགས་ཀྱི་) བླ་མ་མེད། །སྡོམ་པ་མེད་(པ་)ལ་(སྡེ་སྣོད་ཀྱི་ལུགས་ཀྱི་)དགེ་(བའི་) རྒྱུན་(ཆགས་)མེད། །སྐྱབས་འགྲོ་མེད་ན་(སངས་རྒྱས་བསྟན་པའི་)ཆོས་པ་མིན། །ཞེས་གསུངས་པ་ལྟར། མཁན་པོ་ཞེས་པ་ཐ་སྙད་འདི་ཉིད་དམ་ཆོས་འདུལ་བའི་གཞུང་དུ་ཡང་ཡང་ཐོན་པ་ཞིག་ཡིན་ལ། མཁན་པོ་ཞེས་པ་ནི་འདུལ་བའི་སྡོམ་པ་དེ་ཉིད་སློབ་མ་ལ་འབོགས་པའི་ནུས་པ་ལྡན་པའི་གང་ཟག་གི་མཚན་གནས་ཀྱི་སྒོ་ནས་བཏགས་པ་ཞིག་ཡིན། དོན་དུ་སོ་ཐར་གྱི་སྡོམ་པ་འབོགས་མཁན་ནམ། འབོགས་པ་པོ་ཡིན་པའི་ཆ་ནས་བཏགས་པ་ཞིག་ཡིན། འདུལ་བའི་སྐབས་སུ་ཨུ་པ་ལི་ཞེས་པ་དེ་ཉིད་མཁན་པོ་ཞེས་པར་བསྒྱུར་བ་ཡིན་ཅིང་། བོད་ཀྱི་མཁས་གྲུབ་རྣམས་ཀྱི་རྣམ་ཐར་ན་བསྙེན་རྫོགས་ཀྱི་སྐབས་སུ་མཁན་པོ་ག་གེ་མོའི་དྲུང་དུ་ཞེས་གསལ་པོར་འཁོད་པ་མཇལ་རྒྱུ་ཡོད། འདུལ་བར།
མཁན་པོ་སློབ་དཔོན་བསྙེན་རྫོགས་འདོད། །[6]
ཅེས་གསལ་བས་ཀྱང་མངོན་གྱུར་བཅུའི་གྲས་ཡིན་པས། འདུལ་བ་དང་འབྲེལ་བའི་ཐ་སྙད་ཡིན་པ་མཁྱེན་ཐུབ་པ་ཡིན། མཁན་པོ་ལ་མཚན་ཉིད་ཀྱང་བཅོ་ལྔ་སོགས་ལྡན་དགོས་ཚུལ་འདུལ་བའི་གཞུང་སྤྱི་དང་། རབ་བྱུང་གི་གཞི་སོགས་སུ་ཞིབ་རྒྱས་སུ་བསྟན་གནང་ཡོད། བོད་དུ་ཐོག་མར་བསྟན་པ་སྔ་དར་གྱི་སྐབས་སུ་ཟ་ཧོར་གྱི་མཁན་པོ་བོདྷི་སཏྭ་བོད་དུ་གདན་དྲངས་ནས་བསམ་ཡས་སུ་སྦ་གསལ་སྣང་དང་། སད་མི་བདུན་རྣམས་རབ་ཏུ་ཕྱུང་ནས་དགེ་འདུན་པའི་སྡེ་བཙུགས་པར་མཛད་པས། བོད་ཀྱི་ལོ་རྒྱུས་ཐོག་དབུས་སུ་བསྟན་པ་བཙུགས་དུས་ཀྱི་མཁན་པོ་དང་པོ་དེ་ཆགས་ཡོད།[7]
མཁན་པོ་ལ་དབྱེ་ན་གཉིས་ཏེ། རབ་བྱུང་གི་མཁན་པོ་དང་། བསྙེན་རྫོགས་ཀྱི་མཁན་པོ་གཉིས་[8]ཡོད་པ་ལས། རབ་བྱུང་གི་མཁན་པོ་ནི་རབ་བྱུང་གི་སྡོམ་པ་འབོགས་ཆོག་གནང་མཁན་གྱི་མཁན་པོ་སྟེ། དེ་ཡང་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་འདུལ་བ་རྒྱ་མཚོའི་སྙིང་པོ་ལས[9]།
མཁན་པོར་གསོལ་བ་གདབ་པ་དང་། །ཁྱིམ་པའི་རྟགས་ནི་སྤོང་བ་དང་། །
རབ་བྱུང་རྟགས་ནི་ལེན་པ་ལས། །ཉམས་པ་རྣམ་གསུམ་བསྣན་པ་ཡིས། །
སྤང་བྱ་བཅུ་གསུམ་དག་ཏུ་འགྱུར། །
ཞེས་གསུངས་པ་ལྟར་ཡིན་ལ། བསྙེན་རྫོགས་ཀྱི་མཁན་པོ་ནི། དགེ་སློང་གི་སྡོམ་པ་གནང་མཁན་ཡིན་ཅིང་། བསྙེན་རྫོགས་ལ་དབྱེ་བ་མང་དུ་ཡོད་པ་སྟེ། རང་བྱུང་གིས་བསྙེན་པར་རྫོགས་པ་དང་། གསོལ་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ། ཚུར་ཤོག་གིས་བསྙེན་པར་རྫོགས་པ། འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་པ་སོགས་ཡོད་པ་ལས། མཁན་ཆེན་ཞི་འཚོས་རབ་བྱུང་དང་བསྙེན་རྫོགས་གཉིས་ཀའི་མཁན་པོ་མཛད་པར་བརྟེན་མཚན་དོན་མཚུངས་པའི་མཁན་ཆེན་ཞིག་ཡིན་ནོ།།
དེ་བཞིན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[10]། མཁན་པོ་ཞེས་པ་འདི་ལ་གོ་བ་ལེན་སྟངས་མི་འདྲ་བ་གཉིས་ཡོད་པ་ལས། དང་པོ། འདུལ་བའི་གཞུང་ནས་བཤད་པའི་མཁན་པོ་སྟེ་རབ་བྱུང་ངམ་དགེ་ཚུལ་གྱི་སྡོམ་པ་གནང་མཁན་གྱི་མཁན་པོ་དང་། དགེ་སློང་གི་སྡོམ་པ་གནང་མཁན་གྱི་མཁན་པོ་གཉིས་ལ་ཟེར་ཞིང་། དེ་ཡང་མཁན་པོ་བྱེད་འོས་པའི་འོས་ཆོས་སམ་ཆ་རྐྱེན་བཅོ་ལྔ་ཚང་བ་ཞིག་དགོས་པ་སྟེ། ༡ བཙུན་པའི་ཡན་ལག་ཕམ་པ་བཞིའི་ཉེས་པས་མ་གོས་པ། ༢ བརྟན་པའི་ཡན་ལག་དགེ་སློང་གི་སྡོམ་པ་བླངས་པ་ནས་ལོ་བཅུའི་བར་སྡོམ་པ་ལ་སྐྱོན་མ་ཕོག་པ། ༣ མཁས་པའི་ཡན་ལག་འདུལ་བ་ལ་མཁས་ཤིང་། ལྔ་ཕྲུགས་ཉེར་གཅིག་གང་ཡང་རུང་བའི་ཡོན་ཏན་དང་ལྡན་པ། ༤ སློབ་མ་ལ་སྙིང་རྗེ་དང་ལྡན་པ། ༥ ཁོང་ཁྲོ་ཆུང་ཞིང་བཟོད་པ་དང་ལྡན་པ། ༦ ནང་གི་འཁོར་རྣམས་སྤྱོད་པ་གཙང་བ། ༧ སློབ་མ་རྣམས་ལ་ཆོས་དང་ཟང་ཟིང་གཉིས་ཀྱི་སྒོ་ནས་སྐྱོང་མཁས་པ། ༨ དུས་སྐབས་དང་འཚམ་པར་གདམས་ངག་དང་བསླབ་བྱ་གནང་བ། ༩ རང་ཉིད་དང་དབང་པོ་མཐུན་པ། ༡༠ ལྟ་བ་མཐུན་པ། ༡༡ སྨྲ་ཤེས་པ། ༡༢ དོན་གོ་བ། ༡༣ ཤེས་པ་རང་བཞིན་དུ་གནས་པ། ༡༤ ལུས་ཐ་མལ་དུ་གནས་པ། ༡༥ ས་རང་བཞིན་དུ་གནས་པ་བཅས་[11]ཚང་དགོས་པ་ཡིན། ཞེས་གསུངས་པ་ལྟར་རོ།།
བོད་ཡུལ་དུ་འདུལ་བ་འཛིན་པའི་ཁྲོད་དུ་མཛད་པ་མངོན་གསལ་ཅན་དང་། སྡོམ་པ་དྲི་མ་མེད་པའི་རྣམ་ཐར་ཅན་དང་། བཀའ་དྲིན་མཚུངས་ཟླ་མེད་པ་ལ་མཁན་ཆེན་ཞེས་འབོད་ཀྱི་ཡོད། དཔེར་ན། ཟ་ཧོར་གྱི་མཁན་པོ་བོདྷི་སཏྭ་དེ་ཉིད་བོད་དུ་གདན་དྲངས་པས། བོད་དུ་འདུལ་བའི་བསྟན་པ་སྤེལ་བ་པོ་ཐོག་མ་དང་། འདུལ་བསྟན་ལ་བཀའ་དྲིན་ཆེ་བའི་ངོས་ནས་མཁན་ཆེན་བོདྷི་སཏྭ་ཞེས་འབོད་སྲོལ་རྒྱུན་ཆགས་པ་ཡིན་པས། ཕྱིས་སུ་དགེ་སློང་གི་སྡོམ་པ་འབོགས་པའི་མཁན་པོ་རྣམས་ལས། འདུལ་བསྟན་ལ་བྱས་རྗེས་ཆེ་བ་ལ་འདུལ་འཛིན་པ་ཆེན་པོ་དང་། མཁན་ཆེན་ཞེས་པའི་མཚན་གསོལ་གྱི་ཡོད་པ་རེད།
བོད་ཀྱི་ལོ་རྒྱུས་ཐོག་ལ་དཔྱད་ཞིབ་ཅུང་ཟད་བྱས་པ་ཡིན་ན། མཁན་ཆེན་ཞེས་པ་ནི་བོད་ཀྱི་ཆོས་བརྒྱུད་ཀྱི་ཁྲོད་དུ་འདུལ་བའི་བསྟན་པ་འཛིན་པའི་མཁན་པོའི་ཁྲོད་དུ་བཀའ་དྲིན་ཆེ་བའི་རིགས་དང་། ལྷག་པར་དུ་མཁན་བུ་རང་ལ་དྲིན་ཆེ་བའི་རིགས་ལ་འབོད་སྲོལ་ཡོད་པ་ལས། བོད་ཀྱི་ཆོས་བརྒྱུད་ཀུན་གྱི་ལུགས་ལ་དགའ་ལྡན་ཁྲི་པའི་ལམ་ལུགས་ལྟ་བུའི་སྒོ་ནས་མཁན་ཆེན་ཞེས་པའི་གོ་སའི་ཁྲི་ཞིག་ལ་མཁན་ཆེན་ཞེས་པ་ཞིག་རིམ་པས་བསྐོ་གཞག་བྱས་པའི་ལོ་རྒྱུས་སམ། ལུགས་སྲོལ་ནི་གཏན་ནས་བྱུང་མེད་པ་འདི་ཐོག་མར་ཤེས་དགོས་པ་ཡིན།[12] ཞེས་གསལ་བ་ལྟར་རོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼བ༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༡༨༩
[2] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཅོ༽ དེབ་ཨང་ ༡༡༥ པ། ཤོག་གྲངས་ ༢༣༦
[3] ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། ༼ཀ༽ དཔེ་རིང་། ཤོག་གྲངས་ ༣༧ན༣
[4] བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ། སྡོམ་གསུམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངསས་ ༥༨
[5] བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ། སྡོམ་གསུམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༥༩
[6] འདུལ་བ་མདོ། བཀའ་འགྱུར་པོད་བརྒྱ་ཐམ་པའི་ཐོག་མ་ན་བཞུགས་ཡོད།
[7] ར་སེ་དཀོན་མཆོག་རྒྱ་མཚོའི་བོད་རིག་པའི་དཔྱད་རྩོམ་བརྒྱ་དང་བརྒྱད་ཅུ་མ། སྨད་ཆ། ལྡི་ལི། ༢༠༡༨ ལོ། ཤོག་ ༡༢༦༠
[8] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༤༢༦ལས། མཁན་པོ་གཉིས་དང་སློབ་དཔོན་ལྔ་ལས། མཁན་པོ་གཉིས་ནི་རབ་བྱུང་གི་མཁན་པོ་དང་། བསྙེན་རྫོགས་ཀྱི་མཁན་པོ་ཞེས་གསུངས་པ་ལྟར་རོ།།
[9] རྗེའི་བཀའ་འབུམ་ཐོར་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡༡༣
[10] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༢༥
[11] དེ་རྣམས་སོ་སོའི་གོ་དོན་མཁྱེན་པར་འདོད་ན་འདུལ་བ་རབ་བྱུང་གི་གཞིའི་ཐད་ཀྱི་འགྲེལ་པ་ཁག་ལ་གཟིགས་དགོས།
[12] ར་སེ་དཀོན་མཆོག་རྒྱ་མཚོའི་བོད་རིག་པའི་དཔྱད་རྩོམ་བརྒྱ་དང་བརྒྱད་ཅུ་མ། སྨད་ཆ། ལྡི་ལི། ༢༠༡༨ ལོ། ཤོག་ ༡༢༦༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༥༣ ནས་ ༡༥༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།