བདུན་པ། མཁན་ཆེན་ཞི་བ་འཚོའི་རྣམ་ཐར། ཀ༽ ཞི་བ་འཚོའི་མཚན་གྱི་རྣམ་གྲངས་དང་མཚན་དོན།

བདུན་པ། མཁན་ཆེན་ཞི་བ་འཚོའི་ ༼ཤནྟ་རཀྵི་ཏ།༽ རྣམ་ཐར།

ཀ༽ ཞི་བ་འཚོའི་མཚན་གྱི་རྣམ་གྲངས་དང་མཚན་དོན།

༡༽ ཤནྟ་རཀྵི་ཏ་སྟེ་ཞི་བ་འཚོ།

 

དེ་ཡང་རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པའི་མཁན་ཆེན་གསོལ་འདེབས་བྱང་ཆུབ་ལྗོན་ཤིང་ལས[1]། རྒྱལ་བས་ལུང་གིས་བསྟན་པའི་མཁན་པོ་ནི། །བྷོ་དྷི་སཏྭ་ཤཱནྟ་རཀྵི་ཏ། །ཐམས་ཅད་མཁྱེན་དངོས་སྟོན་པའི་རྒྱལ་ཚབ་ཆེར། །དད་མོས་རྩེ་གཅིག་གུས་པས་གསོལ་བ་འདེབས། །ཞེས་དང་།

ཐང་ཡིག་ལས། སྐུ་གཅིག་མཚན་གསུམ་གྲགས་པའི་མཁན་པོ་ཞིགཿ ཆོས་ཀྱི་འཁོར་ལོ་བསྐོར་བའི་ཆོས་གྲྭར་ཕྱིནཿ གསུང་ནི་མ་གོ་སྐུ་ལ་མོས་པ་ཐོབཿ བྷོ་དྷི་ས་ཏྭ་ཤནྟ་དེ་བ་ཉིདཿ ཟ་ཧོར་ཡུལ་ན་རྩོད་མེད་ཆོས་སྨྲར་གྲགསཿ ཞེས་གསུངས་པ་ལྟར་ཁ་བ་ཅན་གྱི་སྡོམ་བརྩོན་ངུར་སྨྲིག་འཆང་བ་ཡོངས་ཀྱི་གཙུག་གི་ཅོད་པན་དམ་པ་རྒྱལ་བའི་སྲས་པོ་མཁན་ཆེན་ཞི་བ་འཚོ་ནི། བོད་གངས་ཅན་གྱི་ལྗོངས་སུ་ནང་པ་སངས་རྒྱས་པའི་རབ་བྱུང་གི་སྡེ་ཐོག་མར་གསར་འཛུགས་མཛད་སྐབས་དགེ་ཚུལ་སློང་གི་སྡོམ་པ་འབོགས་ཆོག་གནང་མཁན་ཡིན་པས་མཁན་པོ་ཞེས་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་མངའ་བས་བོ་དྷི་སྭ་ཏྭ་སྟེ་བྱང་ཆུབ་སེམས་དཔའ་ཞེས་ཀྱང་ཞུ་སྲོལ་ཡོད།

མཚན་གྱི་རྣམ་གྲངས་གཞན་ལ་རྣམ་སྣང་མཛད་དུ་ཡང་གྲགས་པ་སྟེ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[2]། མཁན་པོ་ཡང་དག་རྣམ་སྣང་མཛད། མཚན་གཞན་བོ་ངྷི་ས་ཏྭ་ཞེས་ཀྱང་བྱ། ལེགས་སྦྱར་གྱི་སྐད་ལ་ཤནྟཱ་རཀྵི་ཏ། བོད་སྐད་དུ་ཞི་བ་འཚོ་ཞེས་བརྗོད། ཅེས་གསལ་བ་ལྟར་མཚན་དངོས་ནི་རྒྱ་གར་སྐད་དུ་ཤནྟ་རཀྵི་ཏ་ (शांतरक्षित) (Shantarakshita) དང་། རྒྱའི་སྐད་དུ། (靜命/寂護) བོད་གངས་ཅན་པའི་སྐད་དུ་ཞི་བ་འཚོ་སྟེ། རྒྱ་གར་སྐད་དུ་ཤནྟ་རཀྵི་ཏ་བོད་སྐད་དུ་བསྒྱུར་ན་ཤནྟ་ཞི་བ་དང་། རཀྵི་ཏ་འཚོ་བ་ལ་འཇུག་པས་ཡོངས་གྲགས་ཀྱི་མཚན་དངོས་ལ་ཞི་བ་འཚོའམ་ཞི་འཚོར་བསྒྱུར་བ་ནི། ཀུན་མཁྱེན་འཇམ་དབྱངས་བཞད་པས་ (1648-1722) མཛད་པའི་གྲུབ་མཐའ་ཆེན་མོ་ལས[3]། དབུ་མ་རང་རྒྱུད་ཕྱི་མའི་ཤིང་རྟའི་སྲོལ་འབྱེད་སློབ་དཔོན་ཤནྟི་རཀྵི་ཏ་སྟེ་ཞི་བ་འཚོ་འམ་ཞི་བ་སྲུང་བའི་དབུ་མ་རྒྱན་ལས། ཞེས་གསུངས་པ་ལྟར། ཤནྟི་རཀྵི་ཏ་ནི་ཞི་བ་འཚོའམ་ཞི་བ་སྲུང་ལ་བསྒྱུར་གནང་ཡོད། དེ་ཡང་དག་སྡེབ་ཀྱི་ཆ་ནས་ཤནྟ་དང་ཤནྟི་གཉིས་ཀ་བདེ་ལྡན་དང་ཞི་བ་ལ་འཇུག་པ་དང་། རཀྵི་ཏ་འཚོ་བ་དང་འཚོ་སྐྱོང་ལ་འཇུག་ཚུལ་སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་[4]དུ་གསལ་བ་ལྟར་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་ཤནྟཱ་རཀྵི་ཏ་དང་། ཀུན་མཁྱེན་གྲུབ་མཐའ་ཆེན་མོ་ལས་ཤནྟི་རཀྵི་ཏ་ཞེས་གསལ་ལ། དེ་བཞིན་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ཏུའང་ཤནྟ་དང་། ཤནྟཱ། ཤནྟི་སོགས་འབྲི་སྲོལ་སྣ་ཚོགས་ཤིག་ཀྱང་མཆིས་སོ།། །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཆོས་ཀྱི་བློ་གྲོས་བཀའ་འབུམ། ༼ག༽ ཆོས་ཚན་ ༢༢ འཕྲུལ་པར་དཔེ་རིང་། ཤོག་ ༢བ༡ ནས་ ༣བ༤ བར།

[2]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་དེབ་གཟུགས། ༢༠༠༧ ལོ། ཤོག་གྲངས་ ༩༡

[3]  ཀུན་མཁྱེན་གྲུབ་མཐའ་ཆེན་མོ། འབྲས་སྤུངས་སྒོ་མང་དཔེ་མཛོད། ༡༩༩༩ ལོ། ཤོག་གྲངས་ ༤༨༦

[4]  སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༥༢༨-༥༥༧

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༥༡ ནས་ ༡༥༢ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *