གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པའི་འདས་ལོ་བརྩི་ཚུལ།

གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པའི་འདས་ལོ་བརྩི་ཚུལ།
སྒྲིག་རྩོམ་པ། ཚེ་དབང་བཀྲ་ཤིས།
སྤྱིར་སངས་རྒྱས་ཀྱི་འདས་ལོ་བརྩི་ཚུལ་ལ་སངས་རྒྱས་སྐུ་མྱ་ངན་ལས་འདས་ནས་ད་ལྟ་ཕྱི་ལོ་ 2019 ལོའི་བར་དུ་ལོ་ 4156 སོང་བ་ཇོ་བོ་རྗེའི་ལུགས་དང་། ལོ་ 2003 སོང་བ་ཙནྡ་ཇོ་བོའི་ལུགས། ལོ་ 2853 སོང་བ་བུ་སྟོན་ལུགས་སོགས་བརྩི་ཚུལ་མི་འདྲ་བ་ཉི་ཤུ་ལྷག་ཡོད་ཀྱང་། དེ་དག་ལས་པཎ་ཆེན་ཤཱཀྱ་ཤྲཱིའི་བརྩི་ཚུལ་དང་།
གནས་བརྟན་སྡེ་པའི་བརྩི་ཚུལ་གཉིས་ཕལ་ཆེར་མཐུན་པ་ཡིན་ལ། དེའི་དབང་དུ་བྱས་ན་འདས་ལོ་ 2561 སོང་ཡོད། དེའི་བརྩིས་ཚུལ་ནི་འདི་ལྟར་ 542+2019=2561 ཡིན།
དེང་གི་ལོ་རྒྱུས་ཞིབ་འཇུག་པ་རྣམས་ཀྱིས་འདས་ལོ་བརྩི་ཚུལ་ཐམས་ཅད་ལས་གནས་བརྟན་སྡེ་པའི་བརྩི་ཚུལ་འདི་ཉིད་རྒྱུ་མཚན་ཆེ་བ་ཡིན་པར་གསུངས། དེ་ཡང་རྒྱུ་མཚན་ཇི་ལྟར་ཆེ་བའི་ཚུལ་ནི། ཆོས་རྒྱལ་ཟླ་བ་སྦས་པའི་དུས་ན་གྷི་རི་སིའི་བློན་པོ་མེ་གྷ་ས་ཐན་རྒྱ་གར་དུ་སླེབས་ཏེ་རྒྱ་གར་གྱི་རྒྱལ་སར་ཡུན་རིང་དུ་བསྡད་ཅིང་། མེ་གྷ་ས་ཐན་རྒྱ་གར་དུ་སླེབས་པའི་དུས་ནི་ཕྱི་ལོའི་སྔོན་གྱི་ལོ་ 323 ནས་ 298 ཀྱི་བར་སྐབས་སུ་ཡིན་པ་གྷི་རི་སིའི་ལོ་རྒྱུས་ཡིག་ཚང་ལ་བརྟེན་ནས་འཁྲུལ་མེད་དུ་བརྩི་བར་ནུས།
དེའི་ལམ་ཡིག་ཏུ་རྒྱ་གར་ཡུལ་དབུས་སུ་སངས་རྒྱས་ཀྱི་རབ་ཏུ་བྱུང་བ་བཞུགས་ཚུལ་འཁོད་ཡོད་པས་ཇི་ཙམ་འཕྱིས་ན་ཡང་སངས་རྒྱས་འདས་ཚུལ་བསྟན་ནས་ད་ལྟའི་བར་ལོ་ 2330 སོང་ཟིན་པ་གསལ་པོ་ཡིན་ལ། ཆོས་རྒྱལ་ཟླ་བ་སྦས་པའི་སྲས་སྙིང་པོ་ཐིག་ལེ་དང་། དེའི་སྲས་མྱ་ངན་མེད་ཕྱི་མ་(མྱ་ངན་མེད་ལ་སྔ་རྗེས་གཉིས་སུ་ཕྱེ་བ་འདི་སྔོན་གྱི་བོད་ཡིག་གི་རྒྱ་གར་ལོ་རྒྱུས་ནང་མི་གསལ་མོད། ཉེ་རབས་ཀྱི་རྒྱ་གར་ལོ་རྒྱུས་སྨྲ་བའི་ཆེད་མཁས་པ་རྣམས་ཀྱི་ལུགས་ཡིན།)ཡིན་ཞིང་། མྱ་ངན་མེད་ཕྱི་མས་སྲིད་དབང་བཟུང་བའི་དུས་ནི་སངས་རྒྱས་མྱ་ངན་ལས་འདས་རྗེས་ཀྱི་ལོ་ 261 ནས་ 300 བར་དང་། ཕྱི་ལོའི་སྔོན་གྱི་ལོ་ 283 ནས་ 243 གྱི་བར་སྐབས་སུ་ཡིན་པ་ལོ་རྒྱུས་ཁུངས་ཐུབ་དག་ལས་གསལ།
གཞན་ཡང་ལུང་ལས་འདས་རྗེས་ཀྱི་ལོ་བརྒྱ་ལྷག་ན་མྱ་ངན་མེད་འབྱུང་བར་གསུངས་པའི་བཀའ་བསྡུ་གཉིས་པའི་སྦྱིན་བདག་མྱ་ངན་མེད་དང་། སྙིང་པོ་ཐིག་ལེའི་སྲས་མྱ་ངན་མེད་གཉིས་ཀྱི་བར་དུ་ཡང་ལོ་བརྒྱ་ལས་ལྷག་པ་ཡོད་མི་སྲིད་པས། སངས་རྒྱས་འདས་ཚུལ་བསྟན་ནས་དུས་ཚོད་ཇི་ཙམ་རིང་པོ་འདས་ཀྱང་ད་ལྟ་ཕྱི་ལོ་ 2019 ལོའི་བར་དུ་ལོ་ 2561 ཙམ་ལས་མང་བ་སོང་ཡོད་མི་སྲིད་ལ། གལ་ཏེ་བརྩི་ཚུལ་འདི་ལ་འཕྱུག་པ་ཡོད་ཀྱང་ལོ་བཅུ་སྐོར་ཙམ་འཕྱུག་པ་ལས་བརྒྱ་སྐོར་འཕྱུག་པ་ནི་གནས་མེད་དོ། །ཞེས་མཁས་དབང་དགེ་ཆོས་སོགས་ཀྱིས་བཞེད།
ཕྱི་ལོ་ 1950 ལོར་སིངྒ་ལའི་རྒྱལ་ས་ཁོ་ལོམ་པོ་རུ་འཛམ་གླིང་ནང་པའི་མཉམ་འབྲེལ་ལྷན་ཚོགས་ཐེངས་དང་པོ་འཚོགས་སྐབས་སུ་ཚོགས་ཞུགས་འཐུས་ཚབ་ཉེར་བདུན་པོ་རྣམས་ཀྱིས་ཨ་མི་རི་ཁའི་ལྷ་རིག་པའི་མཐུན་ཚོགས་ཀྱི་སྲོལ་འབྱེད་པ་ཆེན་མོ་ཧྭན་ཝར་སི་དྷི་ལུའོ་ཨོ་ལ་ཁུ་ཋིས་ཇུས་འགོད་བྱས་པའི་ཁ་དོག་དྲུག་ལྡན་གྱི་ནང་པའི་ཆོས་དར་དེ་ཉིད་འཛམ་གླིང་གི་ནང་པ་སྤྱིའི་བསྟན་པའི་དར་ཆ་རུ་གཏན་འབེབས་གནང་ཤིང་། དུས་མཚུངས་སུ་བསྟན་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པ་དང་། རབ་ཏུ་བྱུང་བ། སངས་རྒྱས་པ། མྱ་ངན་ལས་འདས་པའི་ལོ་ཚིགས་རྣམས་གཅིག་འགྱུར་ཡོང་ཆེད་ཀྱི་བགྲོ་གླེང་བྱས་ཏེ། མཐར་ཚོགས་འདུ་དེའི་ཐོག་ནས། ཕྱི་ལོའི་སྔོན་གྱི་ལོ་ 623 ལོ་ཟླ་ 5 པའི་ཚེས་ 1 ཉིན་མོ་ནི་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པའི་ཉིན་མོ་དང་། ཕྱི་ལོའི་སྔོན་གྱི་ལོ་ 594 ལོ་ནི་རབ་ཏུ་བྱུང་བའི་ལོ། ཕྱི་ལོའི་སྔོན་གྱི་ལོ་ 588 ལོ་ནི་སངས་རྒྱས་པའི་ལོ། ཕྱི་ལོའི་སྔོན་གྱི་ལོ་ 543 ལོ་ནི་མྱ་ངན་ལས་འདས་པའི་ལོ་རྣམས་སུ་གཏན་ཁེལ་བྱ་རྒྱུར་གྲོས་འཆམ་བྱུང་བ་དང་། དེང་སང་འཛམ་གླིང་གི་ནང་པའི་རྒྱལ་ཁབ་ཕལ་ཆེ་བས་ཀྱང་བརྩི་ཚུལ་འདི་ཉིད་གཙོ་བོར་མཛད་དོ།།  །།

Leave a Reply

Your email address will not be published. Required fields are marked *