ན༽ རྒྱལ་སྲས་ཞི་བ་ལྷའི་ཕར་ཕྱིན་ཐེག་པའི་ཡོན་ཏན་ལྔ།

ན༽ ཕར་ཕྱིན་ཐེག་པའི་ཡོན་ཏན་ལྔ།

 

གསུམ་པ་མར་མེ་མཛད་ཀྱི་དགོངས་པ་ནི། གླིང་ཕྲན་དང་བཅས་པའི་ཛམྦུའི་གླིང་ན་སྟོན་པ་དང་མཚུངས་པར་གྲགས་ཅིང་། བོད་ཡུལ་བ་རྣམས་ལ་བཀའ་དྲིན་མཚུངས་པ་མེད་པ་དཔལ་མར་མེ་མཛད་ཀྱི་བཞེད་པ་[1]ནི་འདི་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་གྲགས་པའི་ཡོན་ཏན་ལྔ་དང་། སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་བརྒྱད་དེ་བཅུ་གསུམ་དང་ལྡན་ནོ། །

དེ་ཡང་སློབ་དཔོན་འདི་བྲམ་ཟེ་མདུན་ན་འདོན་སྦྱིན་སྲེག་དང་སྨྲེང་འདོན་གཙོ་བོར་བྱེད་པའི་སྲས་ཆེ་བ་ཡིན། སྤུན་གསུམ་ཡོད། ནམ་ཞིག་རྒྱལ་པོའི་སྲས་ཀླུས་བྱིན་པ་ཞིག་བཙས་པའི་ཚེ་སྨྲེང་འདོན་དང་ཁྲུས་དང་སྦྱིན་སྲེག་བྱས་པས་ཀླུའི་ཚོགས་ཁྲོས་ནས་བྲམ་ཟེའི་བུ་ནུ་བོ་གཉིས་བསད། ཡབ་སྲས་གཉིས་ཀྱང་ནད་ཀྱིས་ཐེབས་ནས་འཆིར་ཉེ་བའི་ཚེ་ཡབ་བྲམ་ཟེས་རྒྱལ་པོ་ལ་ཁྱེད་ཀྱི་འདོན་བྱས་པས་ངེད་སང་འཆི་བར་འདུག་པས་ང་འཆི་ཀར་སེམས་བསྐྱེད་བྱེད་པས། དེའི་བླ་མ་དང་འབྱོར་པ་ཞུའོ་བྱས་པས་རྒྱལ་པོས་དེ་འཆི་སེམས་ཁྱད་པར་ཅན་དུ་ཤེས་ཏེ་བླ་མ་བཙལ་བས་མ་རྙེད། དེར་མཆོད་གནས་དགེ་སློང་བདུན་བརྒྱ་ཡོད་པ་ལ་ཞུས་པས་དེ་རྣམས་ཀྱིས་འཇམ་དཔལ་རྣོན་པོའི་སྐུ་གཅིག་ལ་མཆོད་པ་ཆེན་པོ་བྱས། ཆོ་གའི་ཡི་གེ་ལག་ཏུ་བཏད་དེ་སྐུའི་མདུན་དུ་སེམས་བསྐྱེད་དུ་བཅུག་གོ །དེའི་ཚེ་བུ་དེའི་ནད་ཀྱང་སོས། འཇམ་དཔལ་ཞལ་མཐོང་སྟེ་ཆོས་ཀྱང་བཤད་དོ།།

དེར་ཕ་འཆི་ཀ་མ་དེས་རྒྱལ་པོ་ལ་བུ་འདིའི་ནད་སོས་པས་བློན་པོ་ཆེན་པོར་ཆུག་ཅིག །ཅེས་ཞུས་ཏེ་བློན་པོའི་མཆོག་ཏུ་ཡང་བཅུག །དེས་རྒྱལ་བློན་འབངས་བཅས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱར་ཏེ་གཅིག་གིས་གཅིག་གི་སྤྱོད་པ་ལ་རྗེས་སུ་བསྔགས་པར་གྱུར། རྒྱལ་པོ་དེ་ཡང་མགོ་གཅོད་པ་སོགས་ཀྱི་ཁྲིམས་ལས་ལྡོག་ཏུ་བཅུག་སྟེ་བྱམས་པས་སྐྱོང་དུ་བཅུག་པ་དེས་སྐྱེ་བོ་ཐམས་ཅད་ཀྱང་བདེ་བས་ཁྱབ་བོ། །དེ་ནི་སྐྱེ་བ་བདུན་གྱི་སྔོན་རོལ་ཏུ་གདོལ་པའི་བ་ལང་རྫིར་གྱུར་ཏེ་དད་པ་དང་ལྡན་པས། ནགས་ན་བསམ་གཏན་པ་མང་པོ་བཞུགས་པ་ལ་ཉིན་རེ་བཞིན་མེ་ཏོག་དང་ཤིང་ཏོག་གིས་མཆོད་པས་དེ་རྣམས་ཀྱིས་དེ་བསྙེན་གནས་ལ་ཡང་བཀོད། འཇམ་དཔལ་གྱི་སྐུ་གཅིག་ལ་བསྟེན་ནས་སྐྱབས་འགྲོ་དང་། སྨོན་སེམས་བསྐྱེད་བཅུག་གོ །དགེ་བ་དེས་སྐྱེ་བ་ཕྱི་མ་ལ་བྲམ་ཟེར་སྐྱེས་ཏེ་བྱང་སྡོམ་དང་ལྡན་པར་གྱུར་ཏོ། །རྒྱུ་དེ་དག་ལས་ཚེ་འདིར་ཡོན་ཏན་གྱི་ཚོགས་དེ་ལྟ་བུ་ཐོབ་པ་སྟེ། དེ་ཡང་། ༡ བཀའ་བཞིན་བསྒྲུབས་པའི་ཡོན་ཏན་དང་། ༢ ཕན་བདེ་གཞན་ལ་གཏོང་བའི་ཡོན་ཏན་དང་། ༣ སྤྱོད་པ་ལ་རྗེས་སུ་བསྔགས་པ་དང་། ༤ རྒྱལ་པོ་བྱམས་པའི་ཁྲིམས་ཅན་དང་། ༥ བདེ་བ་ཁྱབ་བྱེད་ཀྱི་ཡོན་ཏན་ཏེ། མཚན་ཉིད་ཐེག་པ་དང་ཐུན་མོང་གི་ཡོན་ཏན་ལྔ་ཚང་བའོ། །ཞེས་གསུངས་སོ།།

དེ་བཞིན་ཀརྨ་མཁན་པོས་ (1835-1913) མཛད་པའི་མཁན་ཆེན་ཞི་བ་ལྷའི་རྣམ་ཐར་ཚིགས་བཅད་མའི་འགྲེལ་ཆུང་གཡས་འཁྱིལ་སྐྱེ་བ་ལྔ་པའི་སྒྲ་དབྱངས་ལས[2]། གསུམ་པ་མར་མེ་མཛད་ཀྱི་དགོངས་པ་ནི། སློབ་དཔོན་འདི་བྲམ་ཟེ་མདུན་ན་འདོན་སྦྱིན་བསྲེགས་དང་སྨྲེང་འདོན་པའི་གཙོ་བོའི་གྲས་ཆེ་བ་ཡིན། སྤུན་གསུམ་ཡོད། ནམ་ཞིག་ན་རྒྱལ་པོའི་སྲས་ཀྱི་རིམ་གྲོ་སྨྲེང་འདོན་པ་དང་ཁྲུས་དང་སྦྱིན་སྲེག་བྱས་པས་བྲམ་ཟེའི་བུ་ནུ་བོ་གཉིས་ཤི །ཡབ་སྲས་གཉིས་ཀྱང་ནད་ཀྱིས་ཐེབས་ནས་འཆིར་ཉེ་བ་ན། ཡབ་བྲམ་ཟེ་རྒྱལ་པོ་ལ། ཁྱེད་ཀྱིས་སྲས་རིམ་འགྲོ་བྱས་པས། བུ་ཆུང་བ་གཉིས་ཤི །ད་བུ་ཆེ་བ་དང་རང་རེ་གཉིས་ཀ་འཆི་བས། འཆི་ཁར་སེམས་བསྐྱེད་ཞུ་བའི་ཡུལ་བླ་མ་དང་འཕྲད་པར་ཞུ་བྱས་པས། བླ་མ་མ་རྙེད་ཀྱང་རྒྱལ་པོའི་མཆོད་གནས་དགེ་སློང་བདུན་བརྒྱ་ཡོད་པ་ལ་ཞུས་པས། དེ་རྣམས་ཀྱིས་འཇམ་དཔལ་དབྱངས་ཀྱི་སྐུ་ལ་མཆོད་པ་ཆེན་པོ་བྱས། བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་པས་སློབ་དཔོན་ནད་ལས་གྲོལ། འཇམ་དཔལ་གྱི་ཞལ་མཐོང་ནས་ཆོས་ཀྱང་ཐོབ། སློབ་དཔོན་གྱི་ཡབ་བྲམ་ཟེ་དེ་འཆི་ཁར། རྒྱལ་པོ་ལ་ང་ཡི་བུ་ནད་ལས་གྲོལ་བས་རྒྱལ་པོའི་བློན་པོར་ཞུས་པས། སློབ་དཔོན་མཆོག་ཏུ་བྱས། དེ་སྐབས་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ལྔ་རྫོགས་ཏེ། ཡབ་བྲམ་ཟེའི་བཀའ་བཞིན་སྒྲུབ་པའི་ཡོན་ཏན་ཡོངས་སུ་སྨིན་པ་དང་གཅིག །རྒྱལ་པོའི་སྲས་ཀྱི་རིམ་གྲོ་བྱས་ཏེ་ཕན་བདེ་གཞན་ལ་གཏོང་བའི་ཡོན་ཏན་བདག་པས་གཞན་གཅེས་འབྱོངས་པ་དང་གཉིས། རྒྱལ་པོའི་བློན་འབངས་ཐམས་ཅད་ཕར་ཕྱིན་དྲུག་ལ་སྦྱོར་བས་གཅིག་གིས་གཅིག་གི་སྤྱོད་པ་ལ་རྗེས་སུ་བསྔགས་པའི་ཡོན་ཏན་རྫོགས་པ་དང་གསུམ། རྒྱལ་ཁྲིམས་མགོ་གཅོད་པ་སོགས་མེད་པར་བྱས་པས། རྒྱལ་པོ་བྱམས་པའི་ཁྲིམས་ཅན་དུ་གྱུར་པའི་ཡོན་ཏན་བཞི་པ། རྒྱལ་ཁྲིམས་དེ་ལྟ་བུའི་མངའ་འབངས་བདེ་བས་ཁྱབ་པའི་ཡོན་ཏན་ལྔ་པའོ། །ཞེས་གསུངས་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད། དཔེ་རིང་། ཤོག་གྲངས་ ༥ན༣

[2]  ཀརྨའི་མཁན་པོའི་གསུང་འབུམ། ༼ང༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༡ན༣ ནས་ ༧ན༦ བར།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༡༡ ནས་ ༡༡༣ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *