ང༽ ཞི་བ་ལྷ་གང་དུ་སྐུ་འཁྲུངས་པའི་ཡུལ་ལ་བཞེད་ཚུལ།

ང༽ གང་དུ་སྐུ་འཁྲུངས་པའི་ཡུལ་ལ་བཞེད་ཚུལ།

 

དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1565/66) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ལས[1]།

ཐུབ་དབང་རྣམས་ཀྱི་བསྟན་པ་དམ་པའི་ཆོས། །ཇི་སྙེད་མཁྱེན་པའི་མངའ་བདག་འདྲེན་མཆོག་གང༌། །

ཐར་པའི་ལམ་སྟོན་འགྲོ་རྣམས་སྒྲོལ་མཛད་པ། །ཀུན་མཁྱེན་ཆེན་པོ་ཞི་བའི་ལྷ་ལ་འདུད། །

ཅེས་བསྟོད་ཕྱག་མཛད་ཡུལ་གྱི་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་གང་དུ་སྐུ་འཁྲུངས་པའི་ཡུལ་ནི། ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ལ་ངོ་མཚར་གཏམ་བདུན་གྱི་སྒོ་ནས་བསྟོད་པ་སྐལ་བཟང་དགའ་བྱེད་ལས[2]།

རྒྱ་གར་ནུབ་ཕྱོགས་འཁོར་མོ་བཟང་ཞེས་ཡུལ། །ཆོས་ལྡན་རྒྱལ་པོ་དགེ་བ་གོ་ཆ་ཡི། །

སྲས་པོ་ཞི་བའི་གོ་ཆ་ཞེས་བྱ་བར། །བསམ་བཞིན་འཁྲུངས་པར་མཛད་ལ་གསོལ་བ་འདེབས།

ཞེས་གསུངས་པ་ལྟར། བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས་[3]ཀྱང་། ལྷོ་ཕྱོགས་སུ་ཡུལ་འཁོར་བཟང་པོ་ཞེས་བྱ་བར་རྒྱལ་པོ་དགེ་བའི་གོ་ཆ་ཞེས་བྱ་བའི་སྲས་ཞི་བའི་གོ་ཆ་ཞེས་བྱ་བར་བལྟམས་ནས་གཞོན་ནུའི་ཚེ་རིག་པ་མང་པོ་བསླབས་ཤིང་། ཁྱད་པར་དུ་ཀུ་སུ་ལུ་ཞིག་ལ་འཇམ་དཔལ་རྣོན་པོའི་སྒྲུབ་ཐབས་ཤིག་ཞུས་ཏེ་བསྒྲུབས་པས་ཞལ་མཐོང་ངོ་། །ཞེས་རྒྱ་གར་ནུབ་ཕྱོགས་ཡུལ་འཁོར་མོ་བཟང་ཞེས་པར་འཁྲུངས་པར་གསུངས་སོ།།

༸རྒྱལ་བ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་རྒྱལ་བའི་སྲས་པོ་ཞི་བ་ལྷ་ཞེས་མཆོག་ཏུ་དཀར་བའི་གྲགས་པ་ཅན་དེ་ཉིད་ལ་བསྟོད་པའི་ཚིགས་སུ་བཅད་པ་པདྨ་དཀར་པོའི་ཆུན་པོ་ལས་[4]ཀྱང་། ལྷོ་ཕྱོགས་ནོར་འཛིན་དགའ་མའི་མངལ་བཟང་པོར། །ས་སྐྱོང་དགེ་བའི་རིགས་ཀྱི་ས་བོན་ལས། །བྱང་ཆུབ་སེམས་ཀྱི་རྐང་འཐུང་སྤྱོད་ཚུལ་གྱི། །དྲི་བཟང་ཕྱོགས་ཀྱི་སྐྱེད་ཚལ་གསལ་བར་འགེངས། །རིང་པོར་མ་ཐོགས་གྲུབ་པའི་མན་ངག་གི །སྤྲིངས་ཡིག་བདུད་རྩིའི་མཚམས་སྦྱོར་མ་ཉམས་པས། །འཇམ་དབྱངས་གཞོན་ནུའི་ཞལ་བཟང་མངོན་དགའ་བ། །དེ་ཡི་འདྲེན་བྱེད་ལམ་དུ་མངོན་སུམ་གྱུར། །དགེ་བའི་ཡ་ལད་བགོས་པའི་དཔའ་བོ་ནི། །དུས་ཀྱི་ལྔ་པའི་མཐའ་ལ་བསྟེན་པ་ན། །དེ་ཡི་དྲིན་གྱིས་འཚོ་བ་འབྱུང་པོའི་ཡུམ། །དཔུང་པའི་ཀ་བས་འདེགས་སླད་ཆས་པར་གྱུར། །གཟི་འབར་གདོང་ལྔའི་ཁྲི་ལ་གཞོན་ནུའི་གཟུགས། །ལི་ཁྲིའི་ལྕུག་ཕྲན་མཛེས་པའི་ཟློས་གར་བཞིན། །གསལ་བར་མཐོང་ཚེ་དེ་ཡིས་རྒྱལ་པོའི་དཔལ། །སྦྲུལ་གདུག་ཆགས་པའི་ཚང་ཚིང་བཞིན་དུ་དགོངས། །དེ་མ་ཐག་ཏུ་དཔལ་ལྡན་ནཱ་རེནྡྲར། །དགེ་བའི་ལྷ་ལས་མཆོག་དུལ་ངུར་སྨྲིག་གི །རྒྱལ་མཚན་ལྷ་དང་བཅས་པའི་འཇིག་རྟེན་ལ། །ཆགས་བྲལ་མཚོན་པའི་སླད་དུ་གསལ་བར་བཞེས། །ཞེས་གསུངས་པ་ལྟར་རྒྱ་གར་ལྷོ་ཕྱོགས་སུ་སྐུ་འཁྲུངས་པར་གསུངས་སོ།།

དེ་བཞིན་པཎ་ཆེན་བློ་བཟང་ཆོས་རྒྱལ་ (1570-1662) གྱིས་མཛད་པའི་གསུང་རྩོམ་ཐོར་བུ་བ་ཕྱོགས་གཅིག་ཏུ་བསྡེབས་པ་ལས[5]།

ཟབ་དང་རྒྱ་ཆེ་ཤིང་རྟ་ཆེན་པོའི་སྲོལ། །ལེགས་པར་གསལ་མཛད་འཛམ་གླིང་མཛེས་པའི་རྒྱན། །

བདེ་གཤེགས་སྲས་པོ་ཐུབ་དབང་གཉིས་པའི་རྗེ། །མགོན་པོ་ཞི་བའི་ལྷ་ལ་ཕྱག་འཚལ་ལོ། །[6]

ཞེས་བསྟོད་ཕྱག་མཛད་པ་ལྟར། ཀརྨ་མཁན་པོས་ (1835-1913) མཛད་པའི་མཁན་ཆེན་ཞི་བ་ལྷའི་རྣམ་ཐར་ཚིགས་བཅད་མའི་འགྲེལ་ཆུང་གཡས་འཁྱིལ་སྐྱེ་བ་ལྔ་པའི་སྒྲ་དབྱངས་ལས[7]། དང་པོ་ནི། རྒྱ་གར་ལྷོ་ཕྱོགས་ནཱ་ག་རར། མི་བདག་འཇམ་དཔལ་གོ་ཆའི་བཙུན་མོ་རྡོ་རྗེ་རྣལ་འབྱོར་མའི་སྤྲུལ་པའི་སྲས་སུ་འཁྲུངས། ནར་སོན་ནས་རྒྱལ་སར་བཀོད་པར་ཆས་ཚེ་མ་དེས་ཆུ་ཤིན་ཏུ་ཚ་བས་ཁྲུས་བྱས་པ་ན། ཚ་རེག་མ་བཟོད་ཚེ། རྒྱལ་སྲིད་བཟུང་ན་མནར་མེད་དམྱལ་བའི་མེ་ཆེས་ཚ་བའི་སྡུག་བསྔལ་མྱོང་དགོས་པས། རྒྱལ་སྲིད་སྤོང་ལ་བྷ་ག་ལར་སོང་དང་། འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་བརླབ་པོ་ཞེས་མ་ཡུམ་གྱིས་ལུང་བསྟན་པ་ལྟར། བྷ་ག་ལའི་ནགས་ཚལ་དུ་བླ་མ་འཇམ་པའི་རྡོ་རྗེ་ལོ་བཅུ་གཉིས་སུ་བསྟེན་ནས་འཇམ་པའི་དབྱངས་ཀྱི་གོ་འཕང་མངོན་དུ་མཛད་དོ། །ཞེས་ལྷོ་ཕྱོགས་ནཱ་ག་རར་སྐུ་འཁྲུངས་པར་གསལ་ལ། ཐུབ་བསྟན་ཆོས་ཀྱི་གྲགས་པས་ (1823-1905) མཛད་པའི་སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་ལས[8]།

འཇམ་དབྱངས་ཞལ་གྱི་བུམ་བཟང་ལས་འོངས་པའི། །ལེགས་བཤད་བདུད་རྩིའི་རྒྱུན་བཟང་ངོམས་མེད་དུ།།

འཐུང་བས་མཁྱེན་རབ་ལང་ཚོ་རབ་རྫོགས་པའི། །རྒྱལ་སྲས་ཞི་བ་ལྷ་ལ་གུས་ཕྱག་འཚལ།།

ཞེས་བསྟོད་ཕྱག་མཛད་པ་ལྟར། ཇོ་བོས་ (982-1054) མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ་ལས་[9]ཀྱང་། སློབ་དཔོན་ཤཱནྟ་དེ་བ་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་མན་ངག་གིས་འཕགས་པ་འཇམ་པའི་དབྱངས་ཀྱི་གནང་བ་ཐོབ་པར་བྱས་ཏེ་བདེན་པ་གཟིགས་པ་ཡིན་ནོ། །ཞེས་འཇམ་དབྱངས་ཀྱིས་གནང་བ་ཐོབ་སྟེ་བདེན་པ་གཟིགས་པར་གསུངས་ལ། དེ་བཞིན་དཔལ་ལྡན་ཚུལ་ཁྲིམས་ (1904-1972) ཀྱིས་བརྩམས་པའི་ཆོས་འབྱུང་ཀུན་གསལ་མེ་ལོང་ལས་[10]ཀྱང་། སློབ་དཔོན་ཤཱནྟི་དེ་ཝ་ནི། ལྷོ་ཕྱོགས་ཀྱི་ཡུལ་གྲུར་མི་བདག་འཇམ་དཔལ་གོ་ཆའི་སྲས་ཤཱནྟ་ཝརྨ་ཞེས་པར་གྱུར། ཞེས་ལྷོ་ཕྱོགས་སུ་སྐུ་འཁྲུངས་པར་གསུངས་སོ།།

འོན་ཀྱང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[11]། རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཡུལ་འཁོར་མོ་བཟང་ཞེས་བྱ་བ་སྟེ། ཡུལ་དེར་ཡབ་རྒྱལ་པོ་དགེ་བའི་གོ་ཆ་དང་། ཡུམ་རྡོ་རྗེ་རྣལ་འབྱོར་མའི་སྤྲུལ་པར་གྲགས་པ་ཞིག་ཡོད་པ་དེ་གཉིས་ཀྱི་སྲས་སུ་རྒྱལ་སྲས་བདག་ཉིད་ཆེན་པོ་འདི་བསམ་བཞིན་དུ་སྐུ་འཁྲུངས། མཚན་ཞི་བའི་གོ་ཆ་[12]ཞེས་བཏགས། མཐུན་པའི་དངོས་པོ་རྣམས་ཀྱིས་བསྐྱེད་བསྲིངས། སྐུ་ན་ཕྲ་མོ་ནས་རིག་གནས་ཐམས་ཅད་ལ་མཁས་པའི་ཕུལ་དུ་ཕྱིན། དགུང་ལོ་དྲུག་ལོན་པའི་ཚེ་སྦས་པའི་བརྟུལ་ཞུགས་འཛིན་པའི་གྲུབ་ཐོབ་ཅིག་དང་མཇལ་ཏེ་འཇམ་དཔལ་རྣོན་པོའི་དབང་དང་། སྒྲུབ་ཐབས་ཞུས་ནས་སྒོམ་བཟླས་ལ་འབད་པས་རིང་པོར་མ་ཐོགས་པར་རྗེ་བཙུན་འཇམ་པའི་དབྱངས་ཞལ་གཟིགས། གདམས་པ་མང་དུ་སྩལ། ཅེས་འཁྲུངས་ཡུལ་དབུས་འགྱུར་འཆང་གནས་མཆོག་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཡུལ་འཁོར་མོ་བཟང་ཡིན་པར་གསུངས་སོ།།

ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[13]། ཞི་བ་ལྷ་ནི། སཽ་རཥྟ་ར་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། སྔོན་གྱི་ལས་འཕྲོའི་མཐུས་ཆུང་ངུ་ནས་འཇམ་དཔལ་མནལ་ལམ་དུ་ཞལ་གཟིགས། ཞེས་གསལ་ལ། སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་སུམ་པ་ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས་[14]ཀྱང་། ཞི་བ་ལྷ་ནི། ལྷོའི་སཽར་ཥྚར་རྒྱལ་པོ་དགེ་བའི་གོ་ཆའི་སྲས་སུ་འཁྲུངས་ནས་མིང་ཞི་བའི་གོ་ཆར་བཏགས་ཤིང་། ཕྱིས་སུ་མནལ་ལམ་དུ་འཇམ་དཔལ་རྒྱལ་པོའི་ཁྲི་ལ་བཞུགས་པ་དང་། སྒྲོལ་མས་སྤྱི་བོ་ནས་ཆུ་བླུག་ཅིང་། རྒྱལ་སྲིད་དམྱལ་བའི་ཆུ་ཚན་དང་འདྲ་སོགས་གསུངས་པས་རྒྱལ་སྲིད་འཛིན་མི་རུང་བར་གོ་ནས་རྒྱལ་སར་འཇོག་པའི་དོ་ནུབ་བྲོས་ཏེ། ཞག་ཉེར་གཅིག་སོང་བའི་ལམ་དུ་ནགས་གཅིག་གི་ཆུ་མིག་ལས་ཆུ་འཐུང་འདོད་ཚེ་བུད་མེད་ ༼ཏ་རཱ་༽ ཅིག་གིས་ཆུ་ཞིམ་པོ་གཞན་བླུད་ནས་ནགས་ཀྱི་ཕུགས་སུ་རྣལ་འབྱོར་པ་ ༼འཇམ་དཔལ།༽ གཅིག་འདུག་པའི་དྲུང་དུ་ཁྲིད་དེ་གདམས་པ་ཉན་ནས་བསྒོམས་པས་ཏིང་ངེ་འཛིན་བཟང་པོ་འཁྲུངས། ཞེས་གསལ་སཽར་ཥྚར་འཁྲུངས་པར་གསུངས་པ་ལས། སཽརཥྚ་ཞེས་པ་ཡུལ་འཁོར་བཟང་པོའམ་ཡུལ་འཁོར་མོ་བཟང་ཞེས་པའི་དོན་ཡིན་མིན་དང་། དེ་ཉིད་ལྷོ་ནུབ་གང་ཡིན་མི་གསལ་ཡང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[15]། གནས་ཉེར་བཞིའི་ནང་གི་སོ་ར་ཥྟྲི་ནི། བོད་སྐད་དུ་བཟང་པོ་ཅན་ཟེར་ཞིང་རྒྱ་གར་ནུབ་ཕྱོགས་ཀྱི་ཡུལ་ཞིག་ཡིན་པར་བཤད་པ་ལྟར། རང་རྒྱལ་ནས་དཔར་བསྐྲུན་བྱས་པའི་ས་བཀྲའི་ནང་དུ་རྒྱ་གར་ནུབ་ཕྱོགས་རྒྱ་མཚོའི་འགྲམ་གྱི་ཡུལ་ཞིག་ལ་སུ་ལ་ཐའོ་ཞེས་འཁོད་པ་དེ་ཡིན་སྙམ། ཞེས་གསལ་ལོ།།

རྒྱ་གར་ནུབ་ཕྱོགས་སཽ་རཱ་ཥ་ཊ་ཞེས་པ་ད་ཆ་ཀཱཋིཡཱཝཱར་དང་། གུཛརཐའི་ས་གཞན་འགའ་ཤས་བཅས་ལ་ངོས་བཟུང་བར་ལཱཧཱཡིས་བརྩམས་པའི་འཛམ་གླིང་རྒྱས་བཤད་ནང་གསལ་ལ། ནཱ་རོ་པཎ་ཆེན་གྱི་ཞལ་སྔ་ནས་གསུངས་ཤིང་། མར་པས་བསྒྱུར་བའི་དཔལ་འཁོར་ལོ་བདེ་མཆོག་གི་རྣམ་པར་སྤྲུལ་པ་དང་། ཡུལ་ཉི་ཤུ་རྩ་བཞིའི་རྒྱུ་མཚན་ལས[16]། སཽ་རཱ་ཥ་ཊ་ཞེས་པ་འཁྲང་བྱེད་མ་སྟེ། ཏུ་ཏུ་ཀའི་ཡུལ་ན་གྲོང་ཁྱེར་བུ་མུ་བྱ་བ་ཞིག་ཡོད། ཁ་ཅིག་གིས་ནི་ཝཱ་རཱ་ཎ་སཱི་ཡིན་པར་འདོད། སྒྲུབ་གནས་དེ་ན་བརླ་ལྟ་བུའི་ལིངྒ་ཞིག་ཡོད་ལ། མིང་ནི་བཟང་པོའི་འཁྲང་བྱེད་ཅེས་བྱ་སྟེ། ཡུལ་དེའི་ས་དང་བྲག་འཁྲང་ཞིང་བཟང་བས་ནའོ། །ནང་ལྟར་རྐེ་ན་རྐེད་པའང་འཁྲང་ཞིང་བརྟན་པར་བྱེད་པས་ན་བརླའི་རྩའོ། །ཞེས་གསུངས་ལ། ས་སྐྱའི་བཀའ་འབུམ་ལས་ཀྱང་། ནུབ་ཕྱོགས་སཽར་ཥྚར་རྟ་མགྲིན་དང་ཤཽཎྜི་ནཱིའོ། །ཞེས་གསལ་བ་ལྟར་སཽར་ཥྚར་ནི་རྒྱ་གར་གྱི་ནུབ་ཕྱོགས་སུ་ཡོད་པར་གསུངས་པ་ལྟར། མཁས་བཙུན་བཟང་པོ་ (1920-2009) ལགས་ཀྱིས་བརྩམས་པའི་རྒྱ་བོད་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ལས[17]། སོ་ར་ཥྚ་ནི། ཡུལ་འཁོར་བཟང་པོ་ཅན་ཞེས་བྱ་སྟེ། རྡོ་རྗེ་གདན་ནས་ནུབ་ཕྱོགས་སུ་ཟླ་བ་ཕྱེད་དང་གསུམ་ཕྱིན་པ་ན། སོ་མ་ནཱ་ཐའི་རྟེན་ཡོད་པ་དེ་ཡིན་ནོ། །ཞེས་རྡོར་གདན་ནས་ནུབ་ཕྱོགས་སུ་ཡོད་པར་གསུངས་ལ། ཐུབ་བསྟན་མཆོག་སྒྲུབ་ (དུས་རབས་20པ།) ལགས་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་ལས[18]། ཁོང་གི་འཁྲུངས་ཡུལ་ནི་རྒྱ་གར་ལྷོ་ནུབ་སཽརཱཥྚྲ་ཞེས་པ་ཡིན་ལ། དེང་དུས་གུཇརཱཏའི་མངའ་སྡེའི་ཁོངས་ཡིན་ཅིང་། རྒྱལ་པོ་ཞིག་གི་སྲས་ཡིན་ངེས། ཞེས་དེང་གི་རྒྱ་གར་གྱི་གུ་ཇ་རཱ་ཏའི་མངའ་སྡེའི་ནང་ཡིན་པར་གསལ་ལོ།།

གཞན་ཡང་སློབ་དཔོན་ཨ་བྷ་ཡཱ་ཀ་རས་ (དུས་རབས་11པ།) མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་ལས[19]། གྲུབ་ཐོབ་ ༥༧ པ་སློབ་དཔོན་བྷུ་སུ་ཀུའི་ལོ་རྒྱུས་ནི། ཡུལ་ནཱ་ལེནྡྲ། རིགས་རྒྱལ་རིགས། བླ་མ་འཕགས་པ་འཇམ་དཔལ། དངོས་གྲུབ་ཀྱང་དེ་ལས་ཐོབ་བོ། །ཞེས་གསུངས་ལ། སློབ་དཔོན་མི་འཇིགས་པ་སྦྱིན་པ་དཔལ་གྱི་ཞལ་སྔ་ནས་མཛད་ཅིང་། མི་ཉག་ལོ་ཙཱ་བ་དགེ་སློང་སྨོན་གྲུབ་ཤེས་རབ་ཀྱིས་བསྒྱུར་བའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས་ལས་[20]ཀྱང་། གྲུབ་ཐོབ་ ༤༡ པ། གུ་རུ་བྷུ་སུ་ཀུ་ནི། ཡུལ་ནཱ་ལནྡཱར་རྒྱལ་རིགས་ཀྱི་གང་ཟག་ཅིག་རང་བཞིན་བཟང་ཞིང་རབ་ཏུ་བྱུང་ནས་དགེ་སློང་མཛད། ཅེས་གང་དུ་འཁྲུངས་པའི་ཡུལ་ནི་དཔལ་ནཱ་ལེནྡྲར་ཡིན་པར་གསུངས་ལ། དེ་བཞིན་སློབ་དཔོན་བྷུ་སུ་ཀུས་མཛད་པར་གྲགས་པའི་བདེ་མཆོག་འཁོར་ལོའི་ཊི་ཀའི་མཆོད་བརྗོད་དང་བརྩམ་པར་དམ་བཅའ་ལས[21]།

རྒྱལ་པོའི་རིགས་ལྡན་ན་ལེནྡྲར། །བྱམས་དང་སྙིང་རྗེའི་མེ་ཏོག་ལས། །

འཇམ་པའི་མགོན་གྱིས་གེ་སར་གཟིགས། །བྷུ་སུ་ཀུ་ལ་ཕྱག་འཚལ་ལོ། །

བདེ་མཆོག་འཁོར་ལོའི་སྒྲུབ་པའི་ཐབས། །དེ་དོན་ཅུང་ཞིག་བཀྲོལ་བར་བྱ། །

སློབ་དཔོན་བྷུ་སུ་ཀུས་མཛད་པའི་བདེ་མཆོག་འཁོར་ལོའི་སྒྲུབ་ཐབས་འདི་ལ་དོན་གཉིས་ཏེ། ལོ་རྒྱུས་དང་གཞུང་ངོ་། །དང་པོ་ལ་གཉིས་ཏེ། བསྡུས་པ་དང་། རྒྱས་པའོ། །དང་པོ་ནི། སློབ་དཔོན་འདིའི་རིགས་རྒྱལ་པོ་ཡིན། གྲུབ་པ་འཕགས་པ་འཇམ་དཔལ་ལས་བརྙེས་པའོ། །བཞུགས་པའི་གནས་ན་ལེནྡྲའོ། །རྒྱས་པ་ཞལ་ལས་ཤེས་སོ། །ཞེས་དང་། མཇུག་བྱང་ལས[22]། སློབ་དཔོན་བྷུ་སུ་ཀུས་མཛད་པའི་བདེ་མཆོག་འཁོར་ལོའི་ཊཱིཀ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་སྣང་ལ། མཆོད་བརྗོད་དང་བརྩམ་པར་དམ་བཅའ་སོགས་ལ་གཞིགས་ཚེ་སློབ་དཔོན་བྷུ་སུ་ཀུའི་གསུང་ཡིན་མིན་དོགས་གཞི་ཆེ་བས་དཔྱད་དགོས། འོན་ཀྱང་བདེ་མཆོག་འཁོར་ལོའི་ཊཱི་ཀ་ལས་རྒྱལ་སྲས་ཞི་བའི་རིགས་དང་། བཞུགས་གནས་ཞལ་གསལ་དུ་བྱུང་བ་ལྟར་རྒྱ་གར་འཕགས་ཡུལ་གྱི་སློབ་དཔོན་ཨ་བྷ་ཡཱ་ཀ་ར་དང་། སློབ་དཔོན་མི་འཇིགས་པ་སྦྱིན་པ་དཔལ། སློབ་དཔོན་བྷུ་སུ་ཀུ་སྟེ་ཞི་བ་ལྷ་གསུམ་གྱི་བཞེད་ལུགས་གཅིག་མཐུན་དུ་འཁྲུངས་ཡུལ་ལམ་བཞུགས་ཡུལ་དབུས་ཕྱོགས་དཔལ་ནཱ་ལེནྡྲར་ཡིན་པར་གསུངས་ལ། བུ་སྟོན་ཐམས་ཅད་མཁྱེན་པས་ལྷོ་ཕྱོགས་ཀྱི་ཡུལ་འཁོར་བཟང་པོ་དང་། སུམ་པ་མཁན་པོས་ལྷོ་ཕྱོགས་སཽར་ཥྚར་སྐུ་འཁྲུངས་ཚུལ་དང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཡུལ་འཁོར་མོ་བཟང་དུ་འཁྲུངས་པར་གསུངས་པ་ཐུབ་བསྟན་མཆོག་སྒྲུབ་ལགས་ཀྱིས་ལྷོ་ནུབ་དང་། དུང་དཀར་ཚིག་མཛོད་ཆེན་མོར་སཽར་ཥྚ་ཞེས་པ་ནུབ་ཕྱོགས་ཡིན་པར་གསུངས་པ་བཅས་འཁྲུངས་ཡུལ་ལྷོ་ནུབ་དབུས་གསུམ་གང་ཡིན་མི་མཐུན་ནོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། དཔེ་གཟུགས། ཤོག་གྲངས་ ༤༨༥ན༤

[2]  ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། སྐལ་བཟང་དགའ་བྱེད། དཔེ་རིང་། ཤོག་ ༡ན༡ ནས་ ༢ན༦ བར།

[3]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༦༦

[4]  ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༡༣༩ ནས་ ༡༤༠ བར།

[5]  པཎ་ཆེན་བློ་བཟང་ཆོས་རྒྱལ་གྱི་གསུང་འབུམ། ༼ཅ༽ བཀྲས་ལྷུན་དཔེ་མཛོད། ༢༠༡༣ ལོ། ཤོག་གྲངས་ ༣༤

[6]  ཞེས་པ་ཡང་སྤྱོད་འཇུག་ཁ་ཏོན་དུ་བྱེད་པའི་སྔོན་དུ་གདོན་ཕྱིར་བཀོད་པའོ།།

[7]  ཀརྨའི་མཁན་པོའི་གསུང་འབུམ། ༼ང༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༡ན༣ ནས་ ༧ན༦ བར།

[8]  སྤྱོད་འཇུག་གི་འགྲེལ་བཤད། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢

[9]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ པ། ཤོག་གྲངས་ ༡༧༥༥

[10]  ཆོས་འབྱུང་ཀུན་གསལ་མེ་ལོང་། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༣ ལོ། ཤོག་གྲངས་ ༣༢

[11]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༣༧

[12]  པཎྜི་ཏ་རཱམ་ཤདྐརཏྲིཔཋིས་ཁོང་གི་ཡབ་ཀྱི་མཚན་དུ་འཇམ་པའི་གོ་ཆ་ཞེས་བྲིས་འདུག

[13]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༢༠༡

[14]  སུམ་པ་ཆོས་འབྱུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༡༩༦

[15]  དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༢༢༥

[16]  མར་པ་ལོ་ཙཱ་བའི་གསུང་འབུམ། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༠༤

[17]  རྒྱ་བོད་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པོད། ༼༡༠༽ བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་ ༢༦

[18]  རྒྱ་གར་རྒྱལ་རབས། སྨད་ཆ། ལྡི་ལི་བོད་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༡༥

[19]  གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༥༧

[20]  གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༣ ལོ། ཤོག་གྲངས་ ༡༡༤

[21]  བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཝུ༽ དེབ་ཨང་ ༤༢ པ། ཤོག་གྲངས་ ༡༡༥༣

[22]  བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཝུ༽ དེབ་ཨང་ ༤༢ པ། ཤོག་གྲངས་ ༡༡༥༨

 

༦ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༥ ནས་ ༣༣ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *