ཡ༽ སློབ་དཔོན་ཟླ་བ་གྲགས་པའི་རྣམ་ཐར་གྱི་སྙིང་པོ།
ལྷོ་ཕྱོགས་བྲམ་ཟེའི་རིགས་འཁྲུངས་ནཱ་ལེནྡྲར། །རབ་བྱུང་མཁས་པའི་མཆོག་གྱུར་ཐལ་འགྱུར་ལུགས། །
སྲོལ་འབྱེད་གཞུང་བརྩམས་ངོ་མཚར་རྣམ་པར་ཐར། །བཅོ་ལྔས་ཡོངས་མཛེས་ཟླ་གྲགས་ཞབས་ལ་འདུད། །
ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ལ་ཙནྡྲ་ཀིརྟིཿ (चंद्रकिर्ती,) (Candrakīrti) དང་། རྒྱའི་སྐད་དུ་ (月稱-月称菩萨) བོད་སྐད་དུ་ཟླ་བ་གྲགས་པ་ཞེས་ཞུ་ཞིང་། ཕྱི་ལོ་ ༦༠༠ ལོར་རྒྱ་གར་ལྷོ་ཕྱོགས་ས་མ་ཎར་ཡབ་བྲམ་ཟེ་འགྲི་རི་དང་ཡུམ་ཟླ་བའི་སྒྲོན་མའི་སྲས་སུ་སྐུ་འཁྲུངས། མཁན་པོ་ཟླ་བ་མགོན་པོ་ལས་རབ་ཏུ་བྱུང་བས་ཟླ་བ་གྲགས་པ་ཞེས་གྲགས། འཕགས་པ་ཀླུ་སྒྲུབ་བསྟེན་ནས་སྡེ་སྣོད་གསུམ་ལ་མཁས་པར་གྱུར། རི་མོའི་བ་ལས་འོ་མ་བཞོས་ཏེ་དགེ་འདུན་བསྙེན་བཀུར་ཞུས་པ་དང་། ཚུལ་ཁྲིམས་དག་པས་སོལ་བ་ལས་ཡལ་ག་རྫོགས་པ། རྡོའི་སེངྒེས་དུ་རུཥྐའི་དམག་བཟློག་པ། ནགས་མེས་མི་འཚིག་པ། རྡོའི་ཀ་བ་དང་རྩིག་པ་ལ་ཕྱག་མི་ཐོགས་པ། མངོན་ཤེས་ལ་ཐོགས་པ་མེད་པ། སངས་རྒྱས་བསྐྱངས་བསམ་བཞིན་དུ་ཟླ་གྲགས་སུ་སྐྱེ་བ་བཞེས་པ། སྤྱན་རས་གཟིགས་ཀྱི་ཞལ་གཟིགས་པ། འཇམ་དབྱངས་ཀྱི་སྐུ་ཡི་སྤྲུལ་པར་འཁྲུངས་ཤིང་སྐྱེ་བ་ལྔ་པཎྜི་ཏར་གྱུར་པ། ཙནྡྲ་གོ་མི་དང་ལོ་བདུན་རྩོད་པ་མཛད་པ་སོགས་ངོ་མཚར་གྱི་རྣམ་ཐར་བཅོ་ལྔས་མཛེས་ཤིང་། དཔལ་ནཱ་ལེནྡྲའི་མཁན་པོ་མཛད་ནས་རྨད་བྱུང་ལེགས་བཤད་ཀྱི་བསྟན་བཅོས་གསལ་བ་རྣམ་གཉིས་དང་། སྒྲ་གཞུང་ཀུན་ཏུ་བཟང་པོ་སོགས་ཆོས་ཚན་ ༡༨ མཛད་ནས་དབུ་མ་ཐལ་འགྱུར་བའི་སྲོལ་བཟང་བཏོད། མཆོག་གི་དངོས་གྲུབ་ཐོབ་ནས་དགུང་ལོ་སུམ་བརྒྱ་ནས་ལྔ་བརྒྱ་བར་བཞུགས་པར་གྲགས། ཕྱི་ལོ་ ༦༥༠ ལོར་སྐུ་ཞི་བར་གཤེགས། པཎ་གྲུབ་བཅུ་བདུན་ལས་ལྔ་པ་བཅས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༩༣ ནས་ ༥༩༤ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།