ང༽ དཔལ་ལྡན་ཟླ་བ་གྲགས་པའི་སྐུ་ཡི་ཆ་ལུགས།
དེ་ཡང་དཔལ་ལྡན་ཟླ་བ་གྲགས་པའི་སྐུ་ཡི་ཆ་ལུགས་ནི། གཏེར་ཆེན་རིག་འཛིན་ཉི་མས་ (1931-?) མཛད་པའི་དཔལ་ལྡན་ཟླ་བ་གྲགས་པའི་བླ་རྣལ་སྐྱ་རེངས་འོད་ཀྱི་ཐིག་ལེ་ལས[1]།
ཨེ་མ་འཁྲུལ་བྲལ་རིག་པའི་དབྱིངས་ཀློང་དུ༔ ཁ་སྦྱོར་ཡན་ལག་བདུན་ལྡན་པཎྜི་ཏ༔
ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་དབྱིངས་ན་གསལ༔ འཛིན་བྲལ་རིག་པའི་འཆད་རྩོད་རྩོམ་གསུམ་ལ༔
དབང་འབྱོར་མཐུ་སྟོབས་ནུས་པའི་བདག་ཉིད་ཅན༔ ཕག་ཁྲོས་སེང་གསུམ་བྲན་གྱི་ཕོ་ཉ་འགྱེད༔
མི་བསྲུན་གདུག་པ་འདུལ་བའི་གྲུབ་པ་མཆོག༔ སྐུ་གསུང་ཐུགས་གསུམ་དབྱེར་མེད་སངས་རྒྱས་ཤོག༔
ཅེས་གསུངས་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་བླ་མ་བརྒྱུད་པའི་སྐུའི་སྣང་བརྙན་གསལ་བར་བྱེད་པའི་མེ་ལོང་ལས[2]། ཟླ་བ་གྲགས་པ་སྐུ་དར་མ། ཕྱག་གཡས་པུས་སྟེང་ནས་སྐྱབས་སྦྱིན་མཛད་པ། ཕྱག་གཡོན་ཐུགས་ཀར་གཏད་པ། ཞབས་ཕྱེད་སྐྱིལ། ཆོས་གོས་དང་དབུ་པཎ་ལག་རིང་གསོལ་བ། ཞེས་གསུངས་པ་ལྟར་རོ།།
དེ་བཞིན་ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བློ་གསལ་ཀུནྡའི་དགའ་སྟོན་ལས[3]།
ཕས་རྒོལ་ཚར་བཅད་སྒྲ་དང་ཚད་མ་དང་། །སྐལ་ལྡན་རྗེས་འཛིན་བཟོ་དང་གསོ་བ་རིག །
སེམས་འདུལ་སྲབ་གྱུར་ནང་དོན་རིག་པ་སྟེ། །ལྔ་རིག་པཎ་ཆེན་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར་སྐྱེ་བ་ལྔ་བརྒྱར་པཎྜི་ཏར་གྱུར་པར་མ་ཟད། ལྷག་པར་སྐུ་ཚེ་འདི་ཉིད་དུ་བཟོ་གསོ་སྒྲ་ཚད་ནང་དོན་རིག་པ་དང་བཅས་པའི་གནས་ལྔ་རིག་པར་ནང་བྱན་ཆུད་པའི་པཎྜི་ཏ་རྣམས་ཀྱི་མཆོག་ཏུ་གྱུར་པའི་མཚོན་བྱེད་དུ་དབུ་ལ་པཎ་ཞྭ་དམར་པོ་སྐེད་འཆིང་གསུམ་ལྡན་གསོལ་ཞིང་། བོད་ལུགས་བྲིས་ཐང་དུ་སྐུ་མདོག་མདངས་དང་ལྡན་པ། རྟེན་དགེ་སློང་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་ལེགས་པར་གསོལ་བ། དཔལ་ལྡན་ཟླ་བ་གྲགས་པའི་བསྟོད་པ་ངོ་མཚར་ཚིགས་བཅད་མ་ལས[4]།
དཔལ་ལྡན་ཟླ་བ་གྲགས་པ་ཡིས། །ཡང་དག་རིགས་ལམ་སེངྒེའི་སྒྲས། །
ཕྱི་ནང་གྲུབ་མཐའི་གླང་པོ་ཀུན། །འཇིག་པར་བྱེད་པ་ངོ་མཚར་ཆེ། །
ཞེས་གསལ་བ་ལྟར་ཕྱི་རོལ་མུ་སྟེགས་པའི་རྒོལ་བ་གྲངས་མེད་རྩོད་པས་ཕམ་པར་མཛད་པའི་བརྡར་ཕྱག་གཡས་ནམ་མཁར་ཕྱར་ཞིང་། ཕྱག་གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱའམ་བརྒལ་བརྟག་རྩོད་པའི་ཕྱག་རྒྱ་ཅན་བཞུགས་གདན་འབོལ་རྩེག་གི་སྟེང་དུ་ཞབས་གཉིས་སྐྱིལ་ཀྲུང་དུ་བཞུགས་པའི་རྣམ་པ་དང་། རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པའི་སློབ་དཔོན་ཟླ་བ་གྲགས་པ་ལ་བསྟོད་པ་ཀུན་དགའི་དབྱངས་སྙན་ལས[5]།
གང་དང་འཇམ་དཔལ་རྡོ་རྗེ་གཉིས་སུ་མེད། །ཤེས་བྱའི་མཁའ་དབྱིངས་ཡངས་པོར་བགྲོད་པ་ཡི། །
བློ་གྲོས་ཆགས་ཐོགས་སྤངས་པའི་ཐམས་ཅད་མཁྱེན། །དཔལ་ལྡན་ཟླ་བ་གྲགས་པའི་ཞབས་ལ་འདུད། །
ཅེས་བསྟོད་ཕྱག་མཛད་པ་ལྟར་ཞིབ་འབྲི་གནང་བའི་བྲིས་སྐུ་ལ་ལར་སློབ་དཔོན་འདི་ཉིད་འཇམ་དཔལ་དབྱངས་ཀྱི་སྐུ་ཡི་སྤྲུལ་པར་འཁྲུངས་པའི་ངོ་མཚར་གྱི་རྣམ་ཐར་མཚོན་དོན་དུ་སྟེང་དབུས་ནམ་མཁའི་དབྱིངས་སུ་རྗེ་བཙུན་འཇམ་དཔལ་དབྱངས་དང་། བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བུང་བའི་སྒྲ་དབྱངས་གཡོ་བ་ལས[6]།
རྣམ་དག་ཚུལ་ཁྲིམས་འཛིན་མའི་དཀྱིལ་འཁོར་ལ། །ཐོས་བསམ་སྒོམ་པའི་ལོ་འབྲས་མེ་ཏོག་རྒྱས། །
དགོས་འདོད་མ་ལུས་སྩོལ་བའི་དཔག་བསམ་གྱིས། །རེ་བ་ཐམས་ཅད་སྐོང་མཛད་དེ་ལ་འདུད། །
ཅེས་བསྟོད་ཕྱག་མཛད་པ་ལྟར་ཚུལ་ཁྲིམས་ཤིན་ཏུ་གཙང་བའི་མཐུ་ཡིས་སོལ་བ་ལས་ལྗོན་ཤིང་ཡལ་ག་རྫོགས་པའི་ངོ་མཚར་གྱི་རྣམ་ཐར་མཚོན་དོན་དུ་སྐུ་རྒྱབ་ཏུ་ལྗོན་ཤིང་རྒྱས་པའི་ཡལ་ག་འབྲས་བུ་སྣ་ཚོགས་པས་རྣམ་པར་བཀྲ་བ་དང་། སེམས་ལ་རང་དབང་ཐོབ་པས་རི་མོར་བྲིས་པའི་བ་དྲུས་པ་ལས་འོ་མ་བཞོས་ཏེ་གཞན་རྒྱུད་ཀྱི་བདེན་ཞེན་བཟློག་པར་མཛད་པའི་ངོ་མཚར་གྱི་རྣམ་ཐར་མཚོན་སླད་གྱང་ངོས་སུ་རི་མོར་བྲིས་པའི་བ་དང་། རྡོའི་སེངྒེས་དུ་རུཀྵའི་དམག་བཟློག་པའི་ངོ་མཚར་གྱི་རྣམ་ཐར་མཚོན་དོན་དུ་རྡོའི་སེངྒེ་འགྱིང་བའི་རྣམ་པ་ཅན་བཀོད་པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རིག་འཛིན་ཉི་མའི་གཏེར་འབུམ། པོད། ༼ཨ་པ།༽ དབུ་མེད། ཤོག་གྲངས་ ༤༩ ནས་ ༥༨ བར།
[2] ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༣༠༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༢༤༨
[3] ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཟླ་བསྟོད་དགའ་སྟོན། དཔེ་རིང་། ཤོག་ ༡ན༡ ནས་ ༣བ༦ བར།
[4] བསྟོད་པ་ངོ་མཚར་ཚིགས་བཅད་མ། འཁྱུག་ཡིག་བྲིས་པ། དཔེ་ཐུང་། ཤོག་གྲངས་ ༡ན༥
[5] ཆོས་ཀྱི་བློ་གྲོས་བཀའ་འབུམ། ༼ཁ༽ ཆོས་ཚན་ ༥༥ འཕྲུལ་པར་དཔེ་རིང་། ཤོག་ ༡ན༡ ནས་ ༢ན༢ བར།
[6] ཆོས་སྤྱོད་རབ་གསལ་ཕན་བདེའི་འབྱུང་གནས། བོ་དོང་གསུང་རབ་ཉམས་ཞིབ་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༧༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༠༧ ནས་ ༤༡༠ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།