ག༽ དཔལ་ལྡན་ཟླ་བ་གྲགས་པ་མཁའ་འགྲོས་ལུང་བསྟན་ཚུལ།

ག༽ དཔལ་ལྡན་ཟླ་བ་གྲགས་པ་མཁའ་འགྲོས་ལུང་བསྟན་ཚུལ།

 

དེ་ཡང་བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བུང་བའི་སྒྲ་དབྱངས་གཡོ་བ་ལས[1]།

བསྟན་པའི་མངའ་བདག་སྐྱེས་མཆོག་དམ་པ་ཁྱོད། །སྟོན་པ་གཉིས་པ་འབྱུང་བར་རབ་དགོངས་ནས། །

རྒྱལ་བ་མྱ་ངན་འདས་ཚུལ་བསྟན་པར་ངེས། །རྒྱལ་བའི་རྒྱལ་ཚབ་གཉིས་པ་ཁྱོད་ལ་འདུད། །

ཅེས་བསྟོད་ཕྱག་མཛད་པ་ལྟར། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[2]། རྡོ་རྗེ་རྣལ་འབྱོར་མ་བུད་མེད་དུ་སྤྲུལ་པ་ཞིག་གི་རྐྱ་བ་གསེར་དུ་འདུག་ནས་གསེར་འགྱུར་གྱི་གདམས་པ་ཞུས་པས་གནང་སྟེ་དགེ་འདུན་བསྐྱངས། དཔལ་གྱི་རི་ལ་བྲམ་ཟེ་ཆེན་པོའི་དྲུང་དུ་བྱོན་ཏེ་བདུད་རྩི་བུམ་པ་གང་ལ་ཕྱག་རྟེན་བྱས་པས་རྒྱ་མཚོ་ཆེན་པོ་བདུད་རྩིར་བསྒྱུར་བས་ཐུགས་རྒྱལ་ཆག །མཆོག་གི་དངོས་གྲུབ་ཐོབ་པ་དེས་ཨཱརྻ་དེ་ཝ་རྗེས་སུ་བཟུང་། ཀླུ་སྒྲུབ་དབུ་སྦྱིན་པར་བཏང་ཚེ་འཇིག་རྟེན་དུ་ཉི་མ་ནུབ་བོ་ཞེས་ངུས་པས་ནམ་མཁའ་ནས་མཁའ་འགྲོས།

ང་ནི་འདི་ནས་ལོ་ནི་ལྔ་བརྒྱ་ན། །སོ་ན་ཞེས་པའི་གྲོང་ཁྱེར་ཆེན་པོ་རུ། །

ཉི་མ་ནུབ་ཀྱང་ཟླ་བས་མུན་སེལ་བ། །རྣམ་དག་རིགས་ལས་འཁྲུངས་པའི་པཎྜི་ཏ། །

ཟླ་བ་གྲགས་པ་ཞེས་བྱའི་མཁས་པ་འབྱུང་། །

ཞེས་ལུང་བསྟན། ཨཱརྱ་དེ་ཝ་ལ་བསྟེན་ཏེ་གྲོལ། དེས་མ་ཏཾ་གི་ལ་གདམས། དེས་སློབ་དཔོན་ཏེ་ལོ་བ་ལ་གདམས་ཏེ་མ་ཏཾ་གི་འཚོལ་དུ་བྱོན་པས་བ་ལང་རྫི་མ་ཏཾ་གི་ཞེས་པ་མི་གཞན་པས་ཉིས་འགྱུར་གྱིས་ཆེ་བ་ཞིག་ཡོད་ཟེར་ཏེ་རྙེད་ནས་གཉི་གའི་འཚོ་བ་སྦྱོར་ཞིག་གསུངས་ཏེ་ཏིང་འཛིན་ལ་བཞུགས། དེས་སྒྱུ་ལུས་འོད་གསལ་ལ་སོགས་ཕ་རྒྱུད་ཀྱི་གདམས་པ་མཐའ་དག་གནང་། འདི་འཕགས་པ་ཀླུའི་དངོས་སློབ་ཀྱང་ཡིན། ཕ་རྒྱུད་རླུང་གཙོ་བོར་སྟོན་པ་ཤར་གྱི་བཀའ་བབས་སོ། །ཞེས་བྱུང་ལ། བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བུང་བའི་སྒྲ་དབྱངས་གཡོ་བ་ལས་[3]ཀྱང་།

མྱང་འདས་ཚེར་མ་མེད་པའི་ནུབ་རི་ལ། །ཀུན་མཁྱེན་ཉི་མའི་དཀྱིལ་འཁོར་ནུབ་པའི་མཐར། །

སྨྲ་བའི་དབང་ཕྱུག་ཟླ་བ་གྲགས་པ་ཤར། །ལམ་སྟོན་ངལ་བ་ཐམས་ཅད་དབུགས་ཕྱུངས་ཤིག །

ཅེས་ཀྱང་གསུངས། དེ་བཞིན་བསྟན་འཛིན་ལུང་རྟོགས་ཉི་མས་ (1974-?) བརྩམས་པའི་སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ལས[4]། སྔོན་འཕགས་ཡུལ་ན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སྐུ་འདས་པའི་ཚེ་གྲོང་ཁྱེར་གྱི་སྐྱེ་བོ་རྣམས་ཀྱིས་ད་ནི་འཇིག་རྟེན་ན་ཉི་མ་ནུབ་བོ་ཞེས་ཆོ་ངེ་ཆེན་པོ་བཏབ་པ་ན་ནམ་མཁའི་དབྱིངས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་མགྲིན་གཅིག་ཏུ།

ད་ནི་འདི་ནས་ལོ་ནི་ལྔ་བརྒྱ་ན། །སོ་ན་ཞེས་བྱའི་གྲོང་ཁྱེར་ཆེན་པོ་རུ། །

ཉི་མ་ནུབ་ཀྱང་ཟླ་བས་མུན་སེལ་བ། །རྣམ་དག་རིགས་ལས་འཁྲུངས་པའི་པཎྜི་ཏ། །

ཟླ་བ་གྲགས་པ་ཞེས་བྱའི་མཁས་པ་འབྱུང༌། །

ཞེས་ཀུན་གྱིས་གོ་བར་ནུས་པའི་ལུང་གིས་བསྟན་པ་ལྟར། ཟླ་གྲགས་སྔ་ཕྱི་གཉིས་ལས་ཕྱི་མ་གྲུབ་ཆེན་བརྒྱད་བཅུའི་ནང་ཚན་ངོ་མཚར་བའི་རྣམ་ཐར་བཅོ་ལྔས་ཁྱད་པར་དུ་འཕགས་ཤིང༌། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་ཡོངས་སུ་གྲགས་པ་དེ་ཉིད། ལྷོ་ཕྱོགས་ས་མནྟ་ཞེས་བྱ་བར་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། སྤྲུལ་པའི་མཚན་རྟགས་དང་ལྡན་པ་ཞིག་བྱུང་ནས་མཚན་མཁན་རྣམས་ལ་བསྟན་པས་འདི་ནི་མཚན་ཤིན་ཏུ་བཟང་སྟེ་འདི་རྒྱལ་བའི་བསྟན་པར་ཞུགས་ནས་བསྟན་འཛིན་ཆེན་པོ་ཞིག་ཏུ་འགྱུར་རོ་ཞེས་ལུང་བསྟན། ཇི་ལྟར་ལུང་གིས་བསྟན་པ་ལྟར་ཕ་མ་གཉིས་ཀྱིས་ཀྱང་གནང་སྟེ་རབ་ཏུ་བྱུང་། དཔལ་ནཱ་ལེནྡྲའི་མཁན་པོ་ཟླ་བ་མགོན་པོ་ཞེས་བྱ་བ་ལས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་པས་མཁན་པོ་ཉིད་ཀྱི་མཚན་ལས་དྲངས་ཏེ་ཟླ་བ་གྲགས་པ་ཞེས་བཏགས། ཞེས་བྱུང་ངོ་།།

གཞན་ཡང་ཀརྨ་པ་མི་བསྐྱོད་རྡོ་རྗེས་ (1507-1554) མཛད་པའི་དབུ་མ་ལ་འཇུག་པའི་རྣམ་བཤད་དཔལ་ལྡན་དུས་གསུམ་མཁྱེན་པའི་ཞལ་ལུང་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལས[5]། བཀའ་གདམས་པ་དག་ཟླ་གྲགས་ཀླུ་ཞབས་གཉིས་ལ་ཐུག་པར་བཞེད་ཀྱང༌། རྗེ་མར་པ་ལོ་ཙཱའི་གསུང་བཀའ་བཞི་བརྒྱུད་པའི་ལོ་རྒྱུས་རྣམ་ཐར་གྱི་ཡིག་རྙིང་དུ་ཟླ་གྲགས་ལ་ལུང་བསྟན་གྱི་ཆེ་བ་ཞེས་རྣམ་པར་ཐར་པ་ཆེས་ཆེ་བར་བསྔགས་པར་མཛད་པ་ཡིན་ཏེ། མགོན་པོ་ཀླུ་མྱ་ངན་ལས་འདས་ནས་ནཱ་ལེནྡྲ་པ་རྣམས་ཀྱིས་འཇིག་རྟེན་དུ་ཉི་མ་ནུབ་བོ་ཞེས་ངུས་པས་མཁའ་འགྲོ་མང་པོས་ནམ་མཁའ་ལ་མགྲིན་གཅིག་ཏུ།

ད་ནི་འདི་ནས་ལོ་ནི་ལྔ་བརྒྱ་ན། །ས་ནི་ཞེས་པའི་གྲོང་ཁྱེར་ཆེན་པོ་རུ། །

ཉི་མ་ནུབ་ཀྱང་ཟླ་བས་མུན་སེལ་བ། །རྣམ་དག་རིགས་ལས་འཁྲུངས་པའི་པཎྜི་ཏ། །

ཟླ་བ་གྲགས་པ་ཞེས་བྱའི་མཁས་པ་འབྱུང༌། །

ཞེས་ལུང་བསྟན་པའི་སློབ་དཔོན་དེ་ནི་སློབ་དཔོན་འཕགས་པ་ལྷའི་སློབ་མའོ་ཞེས་འཆད་ལ། ཞེས་གསུངས་པ་ལྟར་དཔལ་ལྡན་ཟླ་བ་གྲགས་པ་མཁའ་འགྲོ་མ་རྣམས་ཀྱིས་འཁྲུངས་པའི་དུས་དང་། འཁྲུངས་ཡུལ། རིགས་གང་ལས་འཁྲུངས་མིན་སོགས་གསལ་བར་ལུང་བསྟན་པར་གསུངས། འོན་ཀྱང་ལུང་བསྟན་གྱི་ཚིགས་སུ་བཅད་འདི་ཉིད་བོད་གཞུང་མང་པོར་གསལ་ནའང་། རྒྱ་གཞུང་གི་བཀའ་བསྟན་གང་དུ་གསལ་མིན་མ་རྙེད་ལ། ཆོ་ངེ་འདེབས་པ་པོའམ་ངུ་བ་པོ་གྲོང་ཁྱེར་གྱི་སྐྱེ་བོ་དང་། ནཱ་ལེནྡྲ་པ་གང་ཡིན་སོགས་ལའང་ཅུང་ཟད་མི་མཐུན་པས་དཔྱད་དགོས་པར་སྣང་ལ། འཁྲུངས་ཡུལ་གྱི་མིང་ལ་སོ་ན་དང་ས་ནི་ཞེས་དག་སྡེབ་མི་འདྲ་བ་གཉིས་གསལ་ཞིང་། དེ་བཞིན་ཆོས་འབྱུང་མཁས་པའི་དགའ་སྟོན་དང་། ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་གཉིས་སུ། ང་ནི་འདི་ནས་ལོ་ནི་ལྔ་བརྒྱ་ན། །ཞེས་བྱུང་ཡང་། དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལས། ད་ནི་འདི་ནས་ལོ་ནི་ལྔ་བརྒྱ་ན། །ཞེས་ལུང་བསྟན་གྱི་ཚིགས་རྐང་དང་པོར་ང་ནི་དང་ད་ནི་ཞེས་ཡིག་འབྲུ་གཅིག་ལ་མི་མཐུན་པ་གཉིས་སུ་སྣང་བས། རྐང་པ་རིང་ཐུང་ཙམ་ལས་ང་དང་ད་གཉིས་ཡིག་གཟུགས་འདྲ་བས་འཁྲུལ་གཞི་བྱུང་བ་ལས། དོན་ལ་བསམ་ཚེ་ཕྱི་མ་ལྟར་ད་ཡིག་ཡིན་ནམ་སྙམ། མདོར་ན། དཔལ་ལྡན་ཟླ་བ་གྲགས་པ་མཁའ་འགྲོ་མས་ལུང་གིས་བསྟན་པ་ལས། པཎ་གྲུབ་གཞན་ལྟར་རྒྱལ་བའི་ལུང་གིས་ཟིན་ཚུལ་སྐོར་འཕགས་བོད་ཀྱི་གཞུང་ལུགས་ཁག་ཏུ་དམིགས་བསལ་མ་མཇལ་ལོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཆོས་སྤྱོད་རབ་གསལ་ཕན་བདེའི་འབྱུང་གནས། བོ་དོང་གསུང་རབ་ཉམས་ཞིབ་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༧༣

[2]  ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༧༤༣

[3]  ཆོས་སྤྱོད་རབ་གསལ་ཕན་བདེའི་འབྱུང་གནས། བོ་དོང་གསུང་རབ་ཉམས་ཞིབ་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༧༣

[4]  སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༢༤

[5]  དྭགས་རྒྱུད་གྲུབ་པའི་ཤིང་རྟ། དབུ་མ། དྷཱིཿ དཔེ་གཟུགས། ཤོག་གྲངས་ ༤བ༦

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༠༡ ནས་ ༤༠༥ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *