ན༽ ལེགས་ལྡན་གྱིས་དབུ་མ་རང་རྒྱུད་པའི་སྲོལ་གཏོད་ཚུལ།

ན༽ ལེགས་ལྡན་གྱིས་རང་རྒྱུད་པའི་སྲོལ་གཏོད་ཚུལ།

༡༽ དབུ་མ་པའི་མཚན་ཉིད། དབྱེ་བ། མཚན་གཞི།

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་བསྟོད་པ་ལས[1]།

ཟབ་མོའི་དོན་ལ་སྐྲག་པ་སྤངས་པའི་ཕྱིར། །རང་བཞིན་མི་འགོག་ཐུན་མིན་སྡོད་ལུགས་ཚུལ། །

བཀག་ནས་འཕགས་པའི་དགོངས་པ་རང་རྒྱུད་དུ། །འགྲེལ་བཤད་ཟླ་བྲལ་སློབ་དཔོན་ལེགས་ལྡན་འབྱེད། །

ཅེས་གསུངས་པ་ལྟར། ལེགས་ལྡན་གྱིས་རང་རྒྱུད་པའི་སྲོལ་གཏོད་ཚུལ་ལ། ཐོག་མར་དབུ་མ་པའི་དབྱེ་བ་དང་། མཚན་ཉིད། མཚན་གཞི། ཐལ་རང་སོ་སོའི་འདོད་ཚུལ་སོགས་ཇི་ལྟར་ཡིན་ཞེ་ན། བདེན་དངོས་ཐ་སྙད་དུ་ཡང་མི་འདོད་པའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་གམ། བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་མེད་པར་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་དབུ་མ་པའི་མཚན་ཉིད། དེ་དང་ངོ་བོ་ཉིད་མེད་པར་སྨྲ་བ་གཉིས་དོན་གཅིག་གོ།

སྒྲ་བཤད་ནི། རྟག་ཆད་ཀྱི་མཐའ་གཉིས་སྤངས་པའི་དབུས་ཉིད་དུ་གནས་པས་ན་དབུ་མ་པ་ཞེས་སམ། ཡང་ན་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུས་ཁས་ལེན་པས་ན་དབུ་མ་པ་ཞེས་བྱའོ། །དེ་ཡང་གཡང་ས་ཆེན་པོ་བཞིན་གང་དུ་ལྷུང་བ་དེ་ཕུང་བར་འགྱུར་བའི་གནས་རྟག་མཐའ་དང་ཆད་མཐའ་གཉིས་བཀག་ནས་དེ་གཉིས་དང་བྲལ་བའི་དབུས་ཟབ་མོ་རྟེན་འབྱུང་གི་དོན་ཁས་ལེན་པས་དབུ་མ་པ་ཞེས་བྱ་སྟེ། དེ་ཡང་དཀོན་བརྩེགས་ལས[2]། འོད་སྲུང་ཡོད་ཅེས་བྱ་བ་དེ་ནི་མཐའ་གཅིག་གོ །མེད་ཅེས་བྱ་བ་དེ་ནི་མཐའ་གཉིས་སོ། །དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པ་སྟེ། འོད་སྲུང་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར། གཡས་གཡོན་གཉིས་ཀར་གཡང་ས་ཡོད་པའི་ལམ་དུ་འགྲོ་བར་ཕྱོགས་གཉིས་ཀར་བག་ཟོན་བྱེད་དགོས་པ་ལས། ཕྱོགས་གཅིག་ཁོ་ནར་འཛེམས་ན་གཅིག་ཤོས་སུ་ལྷུང་སྟེ་སྐྱོན་བྱུང་བའི་ཕྱིར། ཕྱོགས་གཉིས་ཀར་མཐའི་མིང་གིས་བསྟན་པའི་རྒྱུ་མཚན་ཡང་དེ་ལྟར་ཡིན་ནོ།།

དེ་ལྟར་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་མི་འདོད་ཀྱི་དབང་ལས། དབུ་མ་པར་དབྱེ་ན་དབུ་མ་རང་རྒྱུད་པ་དང་། ཐལ་འགྱུར་བ་གཉིས་ཡོད་པ་ལས། གཞན་གྲགས་ཀྱི་ཐལ་འགྱུར་ཙམ་ཞལ་གྱིས་བཞེས་པའི་སྒོ་ནས་བདེན་དངོས་ཐ་སྙད་དུའང་མི་འདོད་པའི་དབུ་མ་པ་དེ་དབུ་མ་ཐལ་འགྱུར་བའི་མཚན་ཉིད་དང་། སྒྲ་བཤད་ནི། ཐལ་འགྱུར་ཙམ་གྱིས་ཕྱི་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འདོད་པས་དེ་ལྟར་བརྗོད་ལ། ཐལ་འགྱུར་བ་དང་། གཞན་གྲགས་པ་ནི་མཚན་གྱི་རྣམ་གྲངས་ཡིན་ནོ།།

རང་རྒྱུད་ཀྱི་རྟགས་ཞལ་གྱིས་བཞེས་པའི་སྒོ་ནས་བདེན་དངོས་ཐ་སྙད་དུའང་མི་འདོད་པའི་དབུ་མ་པ་དེ་དབུ་མ་རང་རྒྱུད་པའི་མཚན་ཉིད་དང་། དེ་དང་རང་བཞིན་ཡོད་པར་སྨྲ་བའི་དབུ་མ་པ་དོན་གཅིག་ཅིང་། སྒྲ་བཤད་ནི། རང་རྒྱུད་དམ་རང་བཞིན་གྱིས་གྲུབ་པ་ཞལ་གྱིས་བཞེས་པས་རང་རྒྱུད་པ་ཞེས་བཏགས་པའོ། །དེ་ལ་དབྱེ་ན་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས་ཡོད་པ་ལས། དང་པོ་གཞིའི་རྣམ་གཞག་འཇོག་ཚུལ་མདོ་སྡེ་པ་དང་མཐུན་པས་དེར་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་བཏགས་པ་དང་། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལྟ་བ་དེ་ཉིད་ཐོག་མར་སྲོལ་གཏོད་གནང་མཁན་སློབ་དཔོན་ལེགས་ལྡན་འབྱེད་ཡིན་ལ། གཉིས་པས་རྣམ་རིག་ཙམ་ལས་ཕྱི་རོལ་གྱི་དོན་ཅུང་ཟད་ཙམ་ཡང་གྲུབ་པ་མེད་པའི་གཞིའི་སྒོ་ནས་སྤྱོད་པ་ཉམས་ལེན་གཏན་ལ་འབེབས་པས་གཞིའི་རྣམ་གཞག་རྣལ་འབྱོར་སྤྱོད་པ་བ་དང་ཕྱོགས་མཚུངས་པས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་བྱ་ཞིང་། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལྟ་བ་ཐོག་མར་སྲོལ་གཏོད་མཛད་པ་པོ་མཁན་ཆེན་ཞི་བ་འཚོ་ཡིན།

དེ་ཡང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (14051477) གྱིས་མཛད་པའི་གྲུབ་མཐའ་ཀུན་ཤེས་ལས[3]།

བྱེ་བྲག་ཀླུ་སྒྲུབ་ལུགས་མཆོག་འཆད་པ་ལའང་། །སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་གཉིས་ཀྱིས། །

ཐལ་འགྱུར་ཙམ་དང་རང་རྒྱུད་སྒྲུབ་བྱེད་ཕྱིར། །ཐལ་རང་གཉིས་སུ་མཁས་ལ་གྲགས་ཤིང་གྲུབ། །

དེ་གཉིས་རིམ་བཞིན་རབ་ཏུ་མི་གནས་དང་། །སྒྱུ་མ་རིགས་གྲུབ་པ་ཞེས་འཕགས་ཡུལ་གྱི། །

ཚད་ལྡན་དུ་མས་བཤད་ཕྱིར་དབྱེ་བ་དེ། །རྨོངས་པ་མཚར་སྐྱེད་ཡིན་ཞེས་གསུངས་མི་རིགས། །

དབུ་མ་པ་ཡི་སྒྲས་བརྗོད་དབྱེ་བ་ནི། །གཉིས་སྟོང་བདེན་སྨྲ་རྣམ་རིག་དབུ་མ་པ། །

སྣང་ལ་སྐུར་འདེབས་སྣང་སེལ་དབུ་མ་པ། །ཐ་སྙད་ཚད་འཇལ་རིགས་གྲུབ་དབུ་མ་པ། །

སྟོང་ཉིད་བདེན་གྲུབ་གཞན་སྟོང་དབུ་མ་པའོ། །

ཞེས་གསུངས་པ་ལྟར། དབུ་མ་པ་དབྱེ་ན་བཞི་སྟེ། རང་རྒྱུད་པ་ལ་མདོ་སྡེ་སྤྱོད་པའི་དབུ་མ་པ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་པ་སྟེ་གཉིས་དང་། དབུ་མ་ཐལ་འགྱུར་བ་སྟེ་དེ་སོ་སོའི་ཤིང་རྟའི་སྲོལ་འབྱེད་གསུམ་ཡོད་ལ། དེ་དག་གི་ཐོག་ཏུ་གཞན་སྟོང་དབུ་མ་པ་བསྣན་པས་སྒྲས་བརྗོད་རིགས་ཀྱི་དབྱེ་བ་ལ་བཞིར་གསུངས་སོ།།

དེ་བཞིན་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ (1648-1722) གྲུབ་མཐའི་རྩ་བ་ལས[4]།

མཐའ་བྲལ་དབུས་སྨྲ་ངོ་བོ་ཉིད་མེད་པས། །དབུ་མ་པ་དང་ངོ་བོ་ཉིད་མེད་པ། །

དབྱེ་བ་ཐལ་རང་གཉིས་དང་གཞན་མིང་ཙམ། །ཐ་སྙད་དུ་ཡང་ཡོད་མིན་མེད་མཐའ་དང༌། །

བདེན་དངོས་རྟག་མཐའ་བཀག་ནས་རྟེན་འབྱུང་ཆོས། །དབུ་མར་འདོད་མཚུངས་གཉིས་ཀ་དབུ་མ་བ། །

ཞེས་གསུངས་པ་ལྟར། སྤྱིར་དབུ་མ་པ་ལ་དབྱེ་ན་ཐལ་འགྱུར་བ་དང་། རང་རྒྱུད་པ་གཉིས་དང་། དབུ་མ་རང་རྒྱུད་པ་ལ་དབྱེ་ན། བཙུན་པ་དཀོན་མཆོག་འཇིགས་མེད་དབང་པོས་ (1728-1791) མཛད་པའི་གྲུབ་མཐའ་རིན་ཆེན་ཕྲེང་བ་ལས[5]། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང༌། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས། ཕྱི་དོན་ཁས་མི་ལེན་ཞིང༌། རང་རིག་ཁས་ལེན་པའི་དབུ་མ་པ་དེ་དང་པོའི་མཚན་ཉིད། མཚན་གཞི་ནི། སློབ་དཔོན་ཞི་བ་འཚོ་ལྟ་བུ། རང་རིག་ཁས་མི་ལེན་ཞིང༌། ཕྱི་དོན་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལེན་པའི་དབུ་མ་པ་དེ་གཉིས་པའི་མཚན་ཉིད། མཚན་གཞི་ནི། སློབ་དཔོན་ལེགས་ལྡན་འབྱེད་ལྟ་བུ། སྒྲ་བཤད་ཀྱང་ཡོད་དེ། གཞིའི་རྣམ་གཞག་སེམས་ཙམ་པ་དང་མཐུན་པར་ཁས་ལེན་པས་ན་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དང༌། མདོ་སྡེ་པ་ལྟར་རྡུལ་ཕྲ་རབ་[6]བསགས་པའི་ཕྱི་རོལ་གྱི་དོན་ཁས་ལེན་པས་ན་མདོ་སྡེ་སྤྱོད་པའི་དབུ་མ་པ་ཞེས་བརྗོད་དོ། །རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ལ་ཡང་རྣམ་བདེན་པ་དང་མཐུན་པའི་དབུ་མ་པ་དང༌། རྣམ་བརྫུན་པ་དང་མཐུན་པའི་དབུ་མ་པ་གཉིས་ཡོད། དང་པོ་ནི། ཞི་བ་འཚོ་དང༌། ཀ་མ་ལ་ཤཱི་ལ་དང༌། འཕགས་པ་གྲོལ་སྡེ་ལྟ་བུའོ། །གཉིས་པ་ནི། སློབ་དཔོན་སེངྒེ་བཟང་པོ་དང༌། ཛེ་ཏཱ་རི་དང༌། ལྭ་བ་པ་ལྟ་བུ་སྟེ། ཛེ་ཏཱ་རི་ནི་རྣམ་བརྫུན་དྲི་བཅས་པ་དང་མཐུན་ལ། ལྭ་བ་པ་ནི་རྣམ་བརྫུན་དྲི་མེད་པ་དང་མཐུན་པར་བཤད་དོ། །ཞེས་གསུངས་པ་ལྟར་རྣམ་རིག་པ་དང་། སེམས་ཙམ་པ། རྣལ་འབྱོར་སྤྱོད་པ་གསུམ་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནོ།།

མདོར་ན། ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1749) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[7]། ལེགས་ལྡན་འབྱེད་ནི་སྡེ་སྣོད་ཐམས་ཅད་ལ་མཁས་ཤིང༌། སློབ་དཔོན་དགེ་འདུན་སྲུང་ལས་ཀླུ་སྒྲུབ་ཀྱི་གཞུང་རྣམས་གསན། ཕྱག་ན་རྡོ་རྗེའི་ཞལ་གཟིགས་ཤིང༌། སངས་རྒྱས་བསྐྱངས་འདས་པ་ན་དེའི་འགྲེལ་པ་གཟིགས་ཏེ་དགག་པ་མཛད་ནས་རང་རྒྱུད་ཀྱི་ཤིང་རྟའི་སྲོལ་ཕྱེ། རྩ་ཤེའི་འགྲེལ་པ་ཤེས་རབ་སྒྲོན་མེ་སོགས་བརྩམས། འདིས་ཀྱང་རིལ་བུའི་དངོས་གྲུབ་ཐོབ་སྟེ་སྐུ་ཚེ་ཕྱི་མར་རིག་འཛིན་གྱི་གནས་སུ་གཤེགས། སློབ་དཔོན་འདི་ལ་སློབ་མ་པཎྜི་ཏ་ཤིན་ཏུ་མང་བས་འདིའི་ལུགས་དར་ཆེ། འདི་གཉིས་མ་བྱོན་གོང་དུ་ཀླུ་སྒྲུབ་ཐོགས་མེད་གཉིས་ཀྱིས་ཕྱེ་བའི་ལུགས་མི་མཐུན་པའི་སོ་སོར་གཅོད་པ་མི་བྱེད་ཀྱང༌། འདི་གཉིས་བྱོན་ནས་དེ་གཉིས་ཀྱི་ལུགས་ཐ་དད་པའོ་ཞེས་སོ་སོར་ཕྱེའོ། །ཞེས་གསུངས་པ་ལྟར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་ལེགས་པར་ཕྱེ་བ་ལགས་སོ།།

 

༢༽ དབུ་མ་པའི་བྱུང་རིམ་དང་། སྲོལ་བཟང་གཏོད་ཚུལ།

དབུ་མ་པའི་སྔ་ཕྱིའི་བྱུང་རིམ་དང་། ཤིང་རྟའི་སྲོལ་འབྱེད་རྣམས་ཀྱིས་སྲོལ་ཇི་ལྟར་བཏོད་དམ་ཞེ་ན། དེ་ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ (1648-1722) གྲུབ་མཐའི་རྩ་བ་ལས[8]།

བྱུང་རིམ་ཐུབ་རྗེས་བཞི་བརྒྱའི་དུས་ན་ཀླུས། །ཐེག་ཆེན་སྤྱན་དྲངས་དབུ་མར་བཀྲལ་སྲོལ་ཕྱེ། །

དགུ་བརྒྱར་སེམས་ཙམ་སྲོལ་ཕྱེ་ཐོགས་མེད་ཀྱིས། །རྩ་བ་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་བཀྲལ། །

བྷ་བྱས་སྐྱོན་བཟུང་དབུ་མ་རང་རྒྱུད་ཕྱེ། །ཟླ་བས་ལེགས་བཀག་ཐུན་མོང་མིན་པར་བསྒྲུབས། །

དེ་རྗེས་ཞི་འཚོས་རང་རྒྱུད་གཉིས་པ་བྱས། །

ཞེས་གསུངས་པ་ལྟར་ཀུན་མཁྱེན་ (1648-1722) གྲུབ་མཐའ་ཆེན་མོ་ལས[9]།

བྷ་བྱས་སྐྱོན་བཟུང་དབུ་མ་རང་རྒྱུད་ཕྱེ། །

ཞེས་པ། དེ་ནས་སློབ་དཔོན་བྷ་བྱ་ཀ་ར་སྟེ་ལེགས་ལྡན་འབྱེད་དང༌། འགྱུར་ལ་ལར་སྐལ་ལྡན་དུའང་བསྒྱུར། སློབ་དཔོན་སྣང་བྲལ་ཡང་ཟེར་བ་མཁས་གྲུབ་རིན་པོ་ཆེའི་ (1385-1438) རྒྱུད་སྡེ་སྤྱི་རྣམ་[10]ཆེན་མོ་ལྟར་ན། ལེགས་ལྡན་འབྱེད་ནི་སྐུ་ཚེ་དེ་ལ་རྡོ་རྗེའི་གདན་བསྒྲུབ་པར་དམ་བཅས་ཀྱང་། དེའི་ཕྱི་མ་ལ་སློབ་དཔོན་རྡོ་རྗེ་དྲིལ་བུ་པར་[11]གྱུར་ནས་མཆོག་བརྙེས་སོ། །ཞེས་པ་ལྟར། སྤྱིར་བསྟན་བཅོས་མང་པོ་དང་ཁྱད་པར་དུ་དབུ་མ་རྩ་བ་ཤེས་རབ་ཀྱི་སྙིང་པོ་བསྡུས་པ་ལྟ་བུ་རང་གཞན་གྱི་འདོད་ཚུལ་རྒྱས་པར་སྟོན་ཅིང༌། གཙོ་བོར་བྱང་སེམས་དང་ཞི་ལྷག་སོགས་གཞི་ལམ་འབྲས་གསུམ་གྱི་ཟབ་རྒྱས་གཉིས་ཆར་སྟོན་པ་དབུ་མ་སྙིང་པོ་དང༌། དེའི་རང་འགྲེལ་རྟོག་གེ་འབར་བ་དང་། རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མ་མཛད། སློབ་དཔོན་མང་པོའི་འདོད་ཚུལ་དང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཐའ་བཞིའི་སྐྱེ་འགོག་གི་སྐབས་ལ་སོགས་པའི་ཐལ་བ་རྣམས་ལ་རེ་རེ་ནས་སྐྱོན་བཟུང་ནས་དགག་པ་རྒྱས་པར་བརྗོད་པར་མཛད་དེ། སེམས་ཙམ་པས་ཀུན་བཏགས་རང་བཞིན་གྱིས་མ་གྲུབ་པར་འདོད་པ་སོགས་བཀག་ནས་དོན་དམ་པར་མེད་ཀྱང༌། ཐ་སྙད་དུ་རང་བཞིན་དང་རང་མཚན་གྱིས་གྲུབ་པའི་དབུ་མའི་སྲོལ་ཆེན་པོ་གསར་དུ་བཏོད་དེ། སློབ་དཔོན་འདི་དེ་བ་ཤར་མའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བའི་རྗེས་སུ་འབྲངས་པར་བཤད་ཀྱང་། དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་འདི་ཁོ་ན་ཡིན་ཏེ། སློབ་དཔོན་འཕགས་པ་ཡབ་སྲས་ཀྱི་རྗེས་སུ་སེམས་ཙམ་པ་མི་འཐད་ལ། དབུ་མའི་ཚུལ་འཐད་ཚུལ་རྒྱས་པར་སྲོལ་འབྱེད་པ་སློབ་དཔོན་འདི་སྔ་བའི་ཕྱིར་ཏེ། སློབ་དཔོན་ཡེ་ཤེས་སྡེས་ཀྱང༌། དེའི་འོག་ཏུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྣམ་པར་རིག་པ་ཙམ་གྱི་ལུགས་སུན་ཕྱུང་སྟེ། ཐ་སྙད་དུ་ཕྱིའི་དོན་ཡོད་པའི་ལུགས་རྣམ་པར་བཞག་པ་མཛད་དེ། ཞེས་གསུངས་པས་ཀྱང་ཤེས་སོ། །སློབ་དཔོན་ཞི་འཚོ་ཡང་དོན་དམ་པར་མེད་པ་ཐ་སྙད་དུ་རང་བཞིན་གྱིས་གྲུབ་པ་སློབ་དཔོན་འདིའི་ལུགས་ལྟར་བྱས་ཤིང་ཤེས་བྱེད་ཀྱང་བླངས་པས་སོ། །ཞེས་གསུངས་པ་ལྟར་རོ།།

དེ་བཞིན་ལྕང་སྐྱ་རོལ་པའི་རྡོ་རྗེས་ (1717-1786) མཛད་པའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས[12]། སློབ་དཔོན་ཆེན་པོ་སངས་རྒྱས་བསྐྱངས་ཀྱིས་རྩ་ཤེའི་འགྲེལ་པ་བུདྡྷ་པཱ་ལི་ཏར་རྩ་བར་བཤད་པའི་རིགས་པ་རྣམས་ཀྱི་དོན་ཐལ་འགྱུར་མང་པོ་མཛད་ནས་བཀྲལ་ཞིང་རང་རྒྱུད་ཀྱི་གཏན་ཚིགས་མ་བཤད་དོ། །དེའི་རྗེས་སུ་སློབ་དཔོན་ལེགས་ལྡན་གྱིས་སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་ལ་སྐྱོན་མང་དུ་བཟུང་ནས་རང་རྒྱུད་ཀྱི་གཏན་ཚིགས་འགོད་དགོས་པའི་རྒྱུ་མཚན་མང་དུ་བཤད་དེ། རང་རྒྱུད་དུ་འགྲེལ་བའི་ཤིང་རྟའི་སྲོལ་འབྱེད་པར་མཛད་དོ། །དེའི་འོག་ཏུ་དཔལ་ལྡན་ཟླ་བ་གྲགས་པས་ནི་སངས་རྒྱས་བསྐྱངས་ལ་སྐྱོན་དེ་རྣམས་མི་འཇུག་པ་དང་། རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་པ་ལ་གནོད་བྱེད་དང་། ཁས་ལེན་མི་རིགས་པ་ལ་སྒྲུབ་བྱེད་མང་དུ་བསྟན་ནས་འཕགས་པའི་དགོངས་པ་དབུ་མ་ཐལ་འགྱུར་དུ་འགྲེལ་བའི་ཤིང་རྟའི་སྲོལ་འབྱེད་པར་མཛད་དོ། །དེའི་ཕྱིར་འདི་རྣམས་ལ་ཕྱོགས་འཛིན་པའི་དབུ་མ་པ་ཞེས་གྲག་གོ །ཞེས་གསུངས་སོ།།

མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་གྲུབ་མཐའ་ལས[13]། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དབུ་མ་སྙིང་པོ། དེའི་རང་འགྲེལ་རྟོག་གེ་འབར་བ་བརྩམས་ནས་སློབ་དཔོན་སངས་རྒྱས་བསྐྱངས་ལ་དགག་པ་མཛད་དེ་དབུ་མ་རང་རྒྱུད་པའི་གྲུབ་མཐའི་སྲོལ་ཐོག་མར་གསར་གཏོད་མཛད། ཅེས་གསུངས་པ་ལྟར། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་གཞན་དབང་ཡོངས་གྲུབ་ཀུན་བཏགས་བཅས་མཚན་ཉིད་གསུམ་བདེན་པར་མེད་ཀྱང་རང་གི་མཚན་ཉིད་ཀྱིས་གྲུབ་ཚུལ་རྒྱས་པར་གཏན་ལ་ཕབ་ནས་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་སྲོལ་ཕྱེ་བ་ཡིན་ནོ།།

དེ་ཡང་དུང་དཀར་ (1927-1997) ཚིག་མཛོད་ཆེན་མོ་ལས[14]། དབུ་མའི་ལུགས་འདི་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་འཛམ་བུ་གླིང་གི་ཆོས་སྐལ་དུ་ཀླུ་ཡུལ་ནས་ཤེར་ཕྱིན་འབུམ་པ་སོགས་སྤྱན་དྲངས། ཀླུ་སྒྲུབ་རང་གིས་རྩ་བ་ཤེས་རབ་སོགས་གསར་དུ་བརྩམས་ཏེ་དབུ་མ་པའི་ཤིང་རྟའི་སྲོལ་ཕྱེ་བ་ཡིན་ཅིང་། སློབ་དཔོན་འདིའི་སློབ་མ་གྲངས་ལས་འདས་པ་ཞིག་གི་ནང་ནས་སློབ་དཔོན་ཉིད་དང་འདྲ་བར་ཚད་མར་འཛིན་པ་སློབ་དཔོན་ཨརྱ་དེ་བ་སྟེ། ཡབ་སྲས་འདི་གཉིས་ཀྱི་དགོངས་པ་མཐར་ཐུག་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་རྣམ་གཞག་གསལ་བར་མ་ཕྱེ་བས་ཐལ་རང་གི་ཕྱོགས་གཉིས་ཀའི་སྤྱི་ལ་བཞུགས་པས་གཞུང་ཕྱི་མོའི་དབུ་མ་པ་སྟེ། ཕྱིས་བྱུང་བའི་དབུ་མ་ཐལ་རང་གཉིས་ཀའི་ཁུངས་གཏུགས་སའམ་རྩ་བ་འཛིན་སའི་དབུ་མ་ཞིག་ཡིན། ཞེས་གསུངས་པ་ལྟར་རོ།།

དེ་ལྟར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སྲོལ་བཟང་ཕྱེ་བའི་དབུ་མ་རང་རྒྱུད་པ་ནི། ཚུལ་གསུམ་རང་ངོས་ནས་གྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་བདེན་དངོས་འགོག་པར་བྱེད་པས་དབུ་མ་རང་རྒྱུད་པ་ཞེས་བརྗོད་ལ། དེ་ཡང་ཕྱི་རྒོལ་གྱི་ཁས་བླངས་ཙམ་ལ་མ་འཁྲིས་པར་ཡུལ་གང་སྣང་རང་གི་ངོས་ནས་སམ་གདགས་གཞིའི་ངོས་ནས་གྲུབ་པར་སྣང་བའི་ཤེས་པ་གནོད་མེད་ཚད་མར་ཁས་བླངས་ཤིང་། དེའི་དོན་དེ་འདྲ་བའི་ཚད་མའི་རྙེད་དོན་ཡིན་པར་སྔ་རྒོལ་ཕྱི་རྒོལ་གཉིས་ཀའི་ལུགས་ལ་མཐུན་པས་ན་ཆོས་ཅན་མཐུན་སྣང་དུ་གྲུབ་པ་དང་། ཆོས་ཅན་དེའི་སྟེང་དུ་སྔ་རྒོལ་གང་ལ་ཤེས་འདོད་ཞུགས་པའི་བསྒྲུབ་བྱའི་ཆོས་དེ་སྒྲུབ་སླད་དུ་སྒྲུབ་བྱེད་ཀྱི་རྟགས་ཀྱི་ཚུལ་རྣམས་བཀོད་ནས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེད་པར་བྱེད་པ་རང་རྒྱུད་ཀྱི་དོན་ཡིན་ལ། དེ་ལྟར་འགོད་པར་འཐད་པའི་དབུ་མ་པ་ལ་དབུ་མ་རང་རྒྱུད་པ་ཞེས་ཟེར་བ་དང་། དེ་ཡང་རང་རྒྱུད་པས་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། རང་བཞིན་གྱིས་གྲུབ་པ། ངོ་བོ་ཉིད་ཀྱིས་གྲུབ་པ་གསུམ་ནི་ཐ་སྙད་དུ་གྲུབ་པར་བཞེད་དེ། དེར་མ་གྲུབ་ན་ཆད་ལྟར་འགྲོ་བར་འདོད་དོ། །འོན་ཀྱང་བདེན་པར་གྲུབ་པ་དང་། དོན་དམ་པར་གྲུབ་པ། དེ་ཁོ་ཉིད་དུ་གྲུབ་པ། ཡང་དག་པར་གྲུབ་པ་བཞི་ནི་ཐ་སྙད་དུའང་མི་བཞེད་དོ།།

དེ་ལྟར་སློབ་དཔོན་འདི་ཉིད་ཀྱིས་རང་རྒྱུད་ཀྱི་རྟགས་དང་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་ནས་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་རང་རྒྱུད་དུ་འགྲེལ་བའི་གཞུང་རྩ་ཤེའི་འགྲེལ་པ་ཤེས་རབ་སྒྲོན་མ་དང་། དབུ་མ་སྙིང་པོའི་རང་འགྲེལ་རྟོག་གེ་འབར་བ་སོགས་མཛད་ཅིང་། ཕྱིས་དཔལ་ལྡན་ཟླ་བ་གྲགས་པས་སློབ་དཔོན་ཀླུ་སྒྲུབ་ཀྱི་བཞེད་པ་ལ་རང་རྒྱུད་ཀྱི་གཏན་ཚིགས་དང་། དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བ་མི་འཐད་ཅིང་དེ་ཉིད་སློབ་དཔོན་གྱི་དགོངས་པ་མིན་པ་སོགས་རིགས་པ་རྣམ་དག་གི་སྒོ་ནས་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་དགོངས་པ་ཉིན་མོ་ལྟར་གསལ་བར་མཛད་པ་ཡང་སློབ་དཔོན་འདི་ཉིད་ཀྱི་ཐུགས་རྗེ་དང་བཀའ་དྲིན་དུ་གནའ་དེང་གི་འཕགས་བོད་མཁས་པ་རྣམས་ལ་མཐུན་པར་གྲགས།

དེའི་ཕྱིར་རྗེ་ཐམས་ཅད་མཁྱེན་པ་དང་། ༸གོང་ས་ཐམས་ཅད་མཁྱེན་པས་ཀྱང་ཡོངས་རྫོགས་པཎྜི་ཏ་ཞེས་ལམ་རིམ་ལྷག་མཐོང་ཆེན་མོ་དང་། པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་དུ་བསྔགས་པ་རྒྱ་ཆེར་མཛད་ཅིང་། སློབ་དཔོན་འདི་ཉིད་མ་བྱོན་གྱི་བར་དུ་ཐེག་པ་ཆེན་པོ་བ་མཐའ་དག་བསྟན་པ་གཅིག་ཏུ་གནས་པ་ལས། སློབ་དཔོན་འདི་ཉིད་ཀྱིས་ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་ནི་ཤིན་ཏུ་ཐ་དད་དེ་ཐོགས་མེད་ནི་དབུ་མའི་ལམ་སྟོན་པ་མ་ཡིན་པར་སེམས་ཙམ་ཁོ་ན་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་ནི་ཁོ་བོ་ཅག་གི་འདི་ལས་གཞན་དུ་མེད་དོ་ཞེས་མཐའ་གཞན་འགོག་པར་མཛད་དོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  གམ་བཅར་ཕན་བདེ་ལེགས་བཤད་གླིང་གི་ཤེས་ཡོན་ལྷན་ཚོགས་ནས་གསོལ་འདེབས་ཞུས་པ་ལྟར། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ལྕགས་བྱི་ཟླ་ ༡༠ ཚེས་ ༩ ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༣ ཉིན་སྦྱར་བའོ།།

[2]  བཀའ་འགྱུར་དཔེ་བསྡུར་མ། དཀོན་བརྩེགས། ༼ཆ༽ དེབ་ཨང་ ༤༤ པ། ཤོག་གྲངས་ ༣༦༠

[3]  སྟག་ལོའི་གྲུབ་མཐའ་ཀུན་ཤེས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༥

[4]  ཀུན་མཁྱེན་གྲུབ་མཐའ་ཆེན་མོ། སྒོ་མང་དཔེ་མཛོད། ཐེ་ཝན་པར་མ། ༢༠༡༢ ལོ། ཤོག་གྲངས་ ༣༦༡

[5]  གྲུབ་མཐའ་རིན་ཆེན་ཕྲེང་བ། རྣམ་གྲྭ་ཤེས་ཡོན་ལྷན་ཚོགས། ༢༠༠༩ ལོ། ཤོག་གྲངས་ ༢༣༨

[6]  དུང་དཀར་གྲུབ་མཐའ་ལས། རྡུལ་ཕྲན་འདུས་པ་ཞེས་པ་ནི། རིགས་མི་མཐུན་པའི་རྡུལ་ཕྲ་རབ་རྟེན་གཞི་མི་འདྲ་བ་མང་པོ་ཕྱོགས་གཅིག་ཏུ་ཚོགས་པ་ལ་ཟེར་ཞིང༌། དཔེར་ན། དམག་དང་ནགས་ཚལ། ཕྲེང་བ་ལྟ་བུ་ཡིན། ལུགས་འདིའི་སྲོལ་གཏོད་མཁན་ནི་སློབ་དཔོན་ལེགས་ལྡན་འབྱེད་ཡིན། ཞེས་གསལ།

[7]  རྒྱ་བོད་ཆོས་འབྱུང་དགོས་འདོད་ཀུན་འབྱུང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༦༡

[8]  ཀུན་མཁྱེན་གྲུབ་མཐའ་ཆེན་མོ། སྒོ་མང་དཔེ་མཛོད། ཐེ་ཝན་པར་མ། ༢༠༡༢ ལོ། ཤོག་གྲངས་ ༣༦༡

[9]  ཀུན་མཁྱེན་གྲུབ་མཐའ་ཆེན་མོ། སྒོ་མང་དཔེ་མཛོད། ཐེ་ཝན་པར་མ། ༢༠༡༢ ལོ། ཤོག་གྲངས་ ༣༧༣

[10]  མཁས་གྲུབ་རྗེའི་གསུང་འབུམ།༼བ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༣

[11]  སློབ་དཔོན་རྡོ་རྗེ་དྲིལ་བུ་པ་ནི། ལེགས་སྦྱར་སྐད་དུ། བཛྲ་གྷན་ཊ་ (Vajraghanta) ཞེས་ཞུ་ལ། གྲུབ་ཐོབ་དཱ་རི་ཀ་པའི་སློབ་མ་ཡིན། དེ་ཡང་གྲུབ་ཐོབ་དཱ་རི་ཀ་པའི་སློབ་མ་རྡོ་རྗེ་དྲིལ་བུ་པ་ནི། མཚན་དངོས་བློ་གྲོས་སྙིང་པོའི་དཔལ་ཞེས་བྱ། མུ་སྟེགས་པའི་རྒོལ་བ་འཇོམས་ནུས་པའི་མཁས་པ་ཡིན་པ་ལ་རྡོ་རྗེ་ཕག་མོས་དངོས་སུ་ལུང་བསྟན། ཨོ་ཌི་བི་ཤའི་ཡུལ་དུ་སྒྲུབ་པ་མཛད་ཚེ། དང་པོ་རྒྱལ་པོས་སྤྱན་དྲངས་པ་ལ་མ་བྱོན། ཕྱིས་རིག་མ་དང་བཅས་པར་གྱུར་པ་ལ་སྐྱེ་བོ་རྣམས་མ་དད་པས་དེ་རྣམས་འདུལ་བའི་དོན་དུ་ཁྱེའུ་གཅིག་དང༌། བུ་མོ་གཅིག་སྤྲུལ་ཞིང་ལན་ཅིག་གྲོང་ཁྱེར་དུ་དེ་དག་དང་བཅས་ཏེ་བྱོན་པས་སྐྱེ་བོ་རྣམས་ཀྱིས་སྨད་པ་ན། རྭའི་གཤོར་ཞལ་ས་ལ་བརྡབས་པས་ས་འོག་ནས་ཆུ་བྱུང༌། ཁྱེའུ་རྡོ་རྗེར་བྱས། བུ་མོ་དྲིལ་བུར་སོང་དེ་གཉིས་ཕྱག་གཉིས་སུ་བསྣམས། སློབ་དཔོན་ཡབ་ཡུམ་བདེ་མཆོག་ལྷན་སྐྱེས་ཀྱི་རྣམ་པར་གྱུར་ནས་ནམ་མཁའ་ལ་གཤེགས་པའི་རྫུ་འཕྲུལ་བསྟན་པས་མཚན་ཡང་རྡོ་རྗེ་དྲིལ་བུ་པར་གྲགས། དེ་ནས་བརྩམས་ཏེ་སྔགས་ཀྱི་ཐེག་པའི་འགྲོ་དོན་མཛད། སློབ་དཔོན་འདིས་བདེ་མཆོག་ལུས་དཀྱིལ་སྒྲུབ་ཐབས། དབང་ཆོག །རྫོགས་རིམ་རིམ་ལྔ་སྟེ་དྲིལ་བུ་སྐོར་གསུམ་དུ་གྲགས་པ་མཛད། སློབ་མ་གྲུབ་ཐོབ་དུ་མ་བྱོན་ཀྱང་གཙོ་བོར་རུ་སྦལ་ཞབས། དེས་ཛཱ་ལནྡྷ་རི་པ། དེས་ནག་པོ་པ་སོགས་རིམ་བཞིན་གྲུབ་པའི་གནས་སུ་བཀོད། ཅེས་ཤེས་བྱ་ཀུན་ཁྱབ། པོད། ༼ཨེ༽ ལྡི་ལི། ༡༩༩༧ ལོ། ཤོག་གྲངས་ ༡༢༩བ ཐོག་གསལ་ལོ།།

[12]  ལྕང་སྐྱ་གྲུབ་མཐའ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༠༤ ལོ། ཤོག་གྲངས་ ༢༣༤

[13]  དུང་དཀར་གྲུབ་མཐའ། རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༡༡ ལོ། ཤོག་གྲངས་ ༢༤༠

[14]  དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༥༣༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༧༥ ནས་ ༣༨༦ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *