ཏ༽ དབུ་མ་ཤེས་རབ་སྒྲོན་མའི་བརྗོད་བྱའི་གལ་གནད།
སློབ་དཔོན་ལེགས་ལྡན་འབྱེད་ (c.500-570) ཀྱིས་མཛད་པའི་དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མའི་གཞུང་དངོས་ཀྱི་མཇུག་བྱང་ལས[1]། རྩ་བ་ནི། དབུ་མའི་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ་ཐེག་པ་ཆེན་པོའི་ཆོས་མངོན་པ་རྣམ་པར་གཞག་པ། དོན་དམ་པའི་དེ་ཁོ་ན་ཡང་དག་པར་སྟོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གསལ་བར་བྱེད་པ།
སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ། དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་རབ་ཏུ་བྱེད་པ། རབ་ཏུ་དགའ་བའི་ས་བསྒྲུབས་ནས་བདེ་བ་ཅན་གྱི་ཞིང་དུ་གཤེགས་པ་འཇིག་རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བས་མཛད་པ། དེའི་འགྲེལ་པ་ཤེས་རབ་སྒྲོན་མ་ཐེག་པ་མཆོག་གི་ཚུལ་སྒྲུབ་པར་བྱེད་པ། ལྟ་བ་ངན་པའི་དྲི་མ་སེལ་བར་བྱེད་པ། རྗེས་སུ་དཔག་པ་དང༌། སུན་དབྱུང་བའི་གསལ་བ་དང༌། དེ་ཁོ་ན་སྟོན་པ། སློབ་དཔོན་ལེགས་ལྡན་བྱེད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དམ་པ་མཆོག་བརྙེས་པ། བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་བྱེད་པ་བྱོན་པ། རིག་སྔགས་འཆང་གྲུབ་པའི་གནས་ཁྱད་པར་ཅན་དུ་གཤེགས་པ། སྐུ་ཚེ་འདི་ཉིད་ཀྱིས་རྡོ་རྗེའི་གདན་བགྲོད་པའི་ཐུགས་དམ་ཅན་གྱིས་ཉེ་བར་སྦྱར་བ་རྫོགས་སོ། །ཞེས་བྱུང་ངོ་།།
དེ་ལྟར་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མའི་དགོངས་དོན་གྱི་ལུགས་བཟང་གསལ་བར་བྱ་ཕྱིར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྩ་ཤེས་འགྲེལ་པ་ཤེས་རབ་སྒྲོན་མ་མཛད་ཅིང་། དབུ་མ་ཤེས་རབ་སྒྲོན་མའི་ནང་དུ་སློབ་དཔོན་སངས་རྒྱས་བསྐྱངས་ལ་སྐྱོན་བརྗོད་དེ། དེ་ཡང་གཞུང་དེ་ཉིད་ལས[2]། འདི་ལས་གཞན་ནི་དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་དུ་འགྱུར་བའི་ཕྱིར་དང་། སྐྱེ་བ་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ་ཞེས་རྣམ་པར་བཤད་པར་བྱེད་དོ། །དེ་ནི་རིགས་པ་མ་ཡིན་ཏེ། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་། གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་དང་། གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་ཏེ། སྐབས་ཀྱི་དོན་ལས་བཟློག་པས་བསྒྲུབ་པར་བྱ་བ་དང་། དེའི་ཆོས་བཟློག་པའི་དོན་མངོན་པས་དངོས་པོ་རྣམས་གཞན་ལས་སྐྱེ་བར་འགྱུར་བ་དང་། སྐྱེ་བ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བ་དང་། སྐྱེ་བ་ཐུག་པ་ཡོད་པར་འགྱུར་བའི་ཕྱིར་མཛད་པའི་མཐའ་དང་འགལ་བར་འགྱུར་རོ། །ཞེས་གསུངས་པའི་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་ངག་དེས་བདག་སྐྱེ་འགོག་པར་གཏན་ཚིགས་དང་། དཔེ་ཡང་དག་མ་བརྗོད་པའི་ཕྱིར་རམ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་མ་སྦྱར་བ་དང་། རང་རྒྱུད་ཀྱི་རྟགས་སམ་གཏན་ཚིགས་མ་བཀོད་པ་ཞེས་སོགས་གསུངས་ཏེ་འགོག་པར་མཛད་ཡོད།
མདོར་ན་རང་རྒྱུད་ཀྱི་གཏན་ཚིགས་མ་བཀོད་པའི་ཉེས་པ་སྒོ་དུ་མ་ནས་བརྗོད་ཅིང་། རང་ལུགས་ཀྱི་དོན་དམ་རྩལ་དུ་བཏོན་ནས་འཆད་པས་དབུ་མ་རང་རྒྱུད་པའི་ལམ་སྲོལ་དེ་ནས་བྱུང་། དེས་ན་མཐའ་བྲལ་ཟབ་མོའི་དོན་རྒྱལ་བའི་དགོངས་པ་མཐར་ཐུག་པ་འདི་ཉིད་ནི་ཤིན་ཏུ་རྟོགས་པར་དཀའ་བའི་རང་བཞིན་ཡིན་པ་ལ་ཐོག་མར་གདུལ་བྱ་རྣམས་རིམ་གྱིས་ཁ་དྲངས་པའི་ཕྱིར་དུ་རང་རྒྱུད་པའི་གཞུང་ལ་བརྟེན་ནས་མཐར་ཐལ་འགྱུར་བའི་དགོངས་པ་ཇི་བཞིན་རྟོགས་པ་ལ་ཐབས་མཁས་ཀྱི་ཚུལ་མཛད་པ་ཡིན་པས། མཐར་ཐུག་དབུ་མ་ཐལ་རང་གཉིས་ཀྱི་དགོངས་པ་སྐས་ཀྱི་གདང་བུ་ལྟར་གྲུབ་པ་སོགས་ཞིབ་ཕྲ་མཁྱེན་པར་འདོད་ན་གཞུང་དངོས་ལ་གཟིགས་པར་འཚལ་ལོ།།
དེ་ལྟར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་རྩ་ཤེའི་འགྲེལ་པ་ཤེས་རབ་སྒྲོན་མར་སངས་རྒྱས་བསྐྱངས་དང་མི་འདྲ་བར་སློབ་དཔོན་ཕྱོགས་གླང་གིས་སྲོལ་ཕྱེ་བའི་ནང་པའི་གཏན་ཚིགས་རིག་པའི་རིགས་འགྲོས་མང་དུ་གསལ་བས་ན། ཕྱོགས་གླང་ལེགས་ལྡན་འབྱེད་ཀྱི་གོང་རོལ་ཙམ་ལ་དང་། དེའི་གོང་རོལ་ཏུ་སངས་རྒྱས་བསྐྱངས་བྱོན་པར་དོགས་པ་མེད་ཅེས་དེབ་སྔོན་གསར་མར་[3]གསལ་ཞིང་། རང་རྐང་དུ་མཛད་པ་དབུ་མ་སྙིང་པོ་ལ་ལེའུ་བཅུ་གཅིག་བཞུགས་པ་འདི་ལྟར། ༡ བྱང་སེམས་མི་གཏོང་བ། ༢ ཐུབ་པའི་བརྟུལ་ཞུགས་ལ་བརྟེན་པ། ༣ དེ་ཉིད་འཚོལ་བ། ༤ ཉན་ཐོས་ཀྱི་དེ་ཉིད་ལ་འཇུག་པ། ༥ རྣལ་འབྱོར་སྤྱོད་པ་བའི་དེ་ཉིད་ལ་འཇུག་པ། ༦ གྲངས་ཅན་པའི་དེ་ཉིད་ལ་འཇུག་པ། ༧ བྱེ་བྲག་པའི་དེ་ཉིད་ལ་འཇུག་པ། ༨ རིག་བྱེད་མཐའ་པའི་དེ་ཉིད་ལ་འཇུག་པ། ༩ སྤྱོད་པ་བའི་དེ་ཉིད་ལ་འཇུག་པ། ༡༠ ཐམས་ཅད་མཁྱེན་པར་གྲུབ་པ། ༡༡ བསྟོད་པ་དང་མཚན་བསྟན་པ་བཅས་ལེའུ་བཅུ་གཅིག་བཞུགས་པའི་ཁོངས་ནས་ལེའུ་གསུམ་པ་གལ་གནད་ཆེ་ཤོས་དང་། ལེའུ་དང་གཉིས་གཉིས་དེའི་སྔོན་འགྲོ་ལྟ་བུ་ཡིན། དེ་ནས་ལེའུ་བཞི་པར་ཉན་ཐོས་སྡེ་པ་དང་། ལྔ་པར་སེམས་ཙམ་པ་དང་། དེ་རྗེས་ཕྱི་རོལ་པའི་འདོད་པ་རྒྱས་པར་བཀོད་པའི་ཆ་ནས་གལ་ཆེ་ལ། དེའི་འགྲེལ་པ་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཉེ་བར་སྦྱར་བ་དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མའི་རྒྱ་ཆེར་འགྲེལ་པ། ཐེག་པ་ཆེན་པོ་དབུ་མ་པའི་སློབ་དཔོན་ཡུལ་ས་ཀེཏ་ནས་བྱུང་བ་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རིག་པའི་གནས་མཐའ་དག་ཆུབ་པ་རང་དང་གཞན་གྱི་གྲུབ་མཐའ་ཐམས་ཅད་ལ་མཁས་པ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཐེག་པ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱི་འགྱུར། གཞུང་འདིར་རབ་བྱེད་ཉི་ཤུ་རྩ་བདུན་དང་། ཤློ་ཀ་ཉི་ཁྲི་བཞི་སྟོང༌། བམ་པོ་བརྒྱད་ཅུར་བྱས་པ་ཤེས་རབ་སྒྲོན་མ་དང་འདྲ་ལ། གཞུང་འདི་སྡེ་དགེ་བསྟན་དབུ་མ་ ༼ཝ༽ ༼ཞ༽ ༼ཟ༽ གསུམ་དུ་བཞུགས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༡༤༥༣
[2] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༩༡༤
[3] དེབ་སྔོན་གསར་མ། སྨད་ཆ། གངས་ལྗོངས་ནང་རིག་མཐུན་ཚོགས། ༢༠༠༧ ལོ། ཤོག་གྲངས་ ༣༦༩
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༣༡ ནས་ ༣༣༤ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།