༣༽ བོད་ཀྱི་ཡིག་ཆར་ཇི་ལྟར་གསལ་བ།

༣༽ བོད་ཀྱི་ཡིག་ཆར་ཇི་ལྟར་གསལ་བ།

 

དེ་ཡང་ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[1]། ལེགས་ལྡན་གྱི་དུས་ཙམ་ནས་རྒྱལ་པོ་ཤྲཱི་ཧརྴ་ཞེས་བྱ་བ་སྟོབས་ཅན་ཞིག་བྱུང་སྟེ། དེས་ཀླ་ཀློའི་བསྟན་པ་བསྣུབ་པར་འདོད་ནས་དབེན་པ་ཞིག་ཏུ་ཤིང་འབའ་ཞིག་ལས་བྱས་པའི་ཁང་པ་ཆེན་པོ་བརྩིགས་ནས་དེར་ཀླ་ཀློའི་སྟོན་པ་འཁོར་བཅས་བོས་ཏེ་ཟླ་བ་འགར་ཞབས་ཏོག་བྱས།

དེའི་ལུགས་ཀྱི་ཆོས་རྣམས་བསྡུས་ནས་ལྷན་ཅིག་ཐམས་ཅད་མེར་བསྲེགས་པས་ཀླ་ཀློའི་ལུགས་འཛིན་པ་སྟོང་ཕྲག་བཅུ་གཉིས་ཙམ་འཚིག །དེའི་སྡིག་པ་སྦྱོང་བའི་ཆེད་དུ་ཡུལ་མང་པོར་གཙུག་ལག་ཁང་རེ་བཞེངས་ནས་དགེ་འདུན་སྟོང་ཕྲག་རེའི་འཚོ་བ་སྦྱར་ཏེ་ཆོས་ཤིན་ཏུ་དར་བར་བྱས་སོ། །ཞེས་གསུངས་ལ། དེ་བཞིན་ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་ལས་ཀྱང་། དབུས་ཕྱོགས་ཀྱི་རྒྱལ་པོ་ཧརྴས་ཁྲི་བཟུང་བའི་དུས་སྐབས་སུ་བཞུགས་པར་འཁོད་པ་ལྟར་ན། ཧརྴའི་ཁྲི་ལོ་ནི་ཕྱི་ལོ་ ༥༩༥ ནས་ ༦༤༠ བར་ཡིན་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མར་གསལ་བས། བོད་ཀྱི་བཙན་པོ་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་དུས་མཉམ་པར་མངོན་ནོ།།

གཞན་ཡང་ཐུབ་བསྟན་མཆོག་སྒྲུབ་ལགས་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་ལས[2]། སློབ་དཔོན་ལེགས་ལྡན་འབྱེད་ནི་ཡེ་ཤུའི་དུས་རབས་དྲུག་པའི་ནང་ཙམ་དུ་བྱོན་པ་དང་། སངས་རྒྱས་བསྐྱངས་ཀྱི་སྐུ་ཚེའི་སྨད་དམ། ཡང་ན་དེའི་རྗེས་སུ་བྱོན་པར་མངོན་ཞིང་། དེ་སྐབས་ཀྱང་བྱང་ཕྱོགས་སུ་དགའ་བའི་ལྷའི་སྲིད་དབང་སྐབས་དང་། ལྷོ་ཕྱོགས་སུ་ཅཱལུཀྱའི་རྒྱལ་སྲིད་དར་བའི་སྐབས་སམ། ཡང་ན་དེའི་སྲིད་ཉམས་པའི་སྐབས་ཡིན་ཚོད། འཁྲུངས་ཡུལ་ནི་ལྷོ་ཕྱོགས་མ་ལ་ཡའི་རི་ཁུལ་ནས་ཡིན་པ་དང་། རྒྱལ་རིགས་ཡིན་པར་འདོད། ཅེས་གསུངས་པ་དང་ཕྱོགས་མཚུངས་སུ་ཕྱི་རྒྱལ་བའི་དཔྱད་ཞིབ་པ་[3]དག་གིས་སློབ་དཔོན་ལེགས་ལྡན་འབྱེད་ནི་ཕྱི་ལོ་ (c.500-570) བར་བྱོན་པར་འདོད་ལ། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ལས་[4]ཀྱང་། དུས་རབས་དྲུག་པའི་ནང་བྱོན་པར་གསལ་བ་ལྟར་ཡོངས་གྲགས་ཕྱི་ལོའི་དུས་རབས་དྲུག་པའི་དུས་དཀྱིལ་ཙམ་ལ་བྱོན་པར་གསུངས་མོད། འོན་ཀྱང་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་བཞད་ལས[5]། མགོན་པོ་ཀླུ་སྒྲུབ་ཀྱི་སྐུ་ཚེའི་བར་གྱི་སློབ་མའི་གྲས་ཡིན་པས། ༩༠༠ ནང་ཙམ་དུ་བྱོན་པར་བསམ་མོ། །ཞེས་གསལ་བ་ལྟར་སློབ་དཔོན་ལེགས་ལྡན་འབྱེད་ཕྱི་ལོའི་དུས་རབས་གང་ལ་བྱོན་མིན་གྱི་བཞེད་ལུགས་སྣ་ཚོགས་ཤིག་མཆིས་པས་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༥༩

[2]  རྒྱ་གར་རྒྱལ་རབས། སྨད་ཆ། ལྡི་ལི་བོད་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༡༥

[3]  http://www.rigpawiki.org/index.php?title=Bhavaviveka

[4]  ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། དགའ་ལྡན་ཕོ་བྲང་ཡིག་ཚང་། ༢༠༡༤ ལོ། ཤོག་གྲངས་ ༥༨༡

[5]  རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་གྲངས་ ༢༠༧

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༠༥ ནས་ ༣༠༦ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *