༢༽ རྒྱའི་ཡིག་ཆར་ཇི་ལྟར་གསལ་བ།
རྒྱའི་ཡིག་ཆ་ཁག་ལྟར་ན། སློབ་དཔོན་ལེགས་ལྡན་འབྱེད་དུས་རབས་ལྔ་པའི་མཇུག་གམ་དྲུག་པའི་ནང་དུ་བྱོན་པ་ཞིག་ཡིན་ཅིང་། དེའི་སྒྲུབ་བྱེད་ནི། རྒྱ་ནག་གི་ལོ་ཙཱ་བ་ཆེན་མོ་ཞོན་ཙང་ (ཐང་སན་བླ་མ།) གི་ནུབ་ཕྱོགས་ཡུལ་གྱི་ཟིན་བྲིས་ལས། མ་ག་དྷའི་ཡུལ་དུ་སློབ་དཔོན་ཆོས་སྐྱོང་གིས་བསྟན་པ་སྤེལ་ཞིང་། སློབ་འཁོར་སྟོང་ཕྲག་མང་པོ་ཡོད་པ་ཐོས་ནས། དེ་དང་བགྲོ་ཞིང་གླེང་བར་མོས་ནས་ཁཀྑིར་ཏེ་འཁར་གསིལ་བསྣམས་ནས་ཕེབས་པས།
གྲོང་ཁྱེར་སྐྱ་ནར་གྱི་བུར་སླེབས་པ་ན། བྱང་ཆུབ་སེམས་དཔའ་ཆོས་སྐྱོང་བྱང་ཆུབ་ཤིང་དྲུང་དུ་བཞུགས་པ་ཤེས་ནས། སློབ་དཔོན་གྱིས་སློབ་མ་ཞིག་རྩོད་པར་སྦྲན་པའི་ཕོ་ཉར་བཏང་ཡང་། སློབ་དཔོན་ཆོས་སྐྱོང་གིས་རྩོད་པ་མཛད་པར་ཞལ་གྱིས་མ་བཞེས་པས་རྐྱེན་བྱས་ཏེ། རྗེ་བཙུན་འཇམ་བྱམས་པ་ལ་དངོས་སུ་འདྲི་བའི་སླད་དུ་སྐུ་ལུས་མ་བོར་བར་འགོག་པར་ཞུགས་ཚུལ་གསུངས་པས། སློབ་དཔོན་ཆོས་སྐྱོང་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོའི་དངོས་སློབ་དང་། ཕྱི་ལོ་ ༥༣༠ ནས་ ༥༦༡ བར་དུ་བྱོན་པའི་རྒྱ་གར་ཡུལ་དབུས་སུ་སྙན་གྲགས་ཤིན་ཏུ་ཆེ་བའི་སེམས་ཙམ་གྱི་མཁས་པ་ཆེན་པོ་ཞིག་ཡིན་པས། དེ་དང་ཕལ་ཆེར་དུས་མཚུངས་སུ་ཕེབས་པ་ཞིག་ཡིན་པར་ཐེ་ཚོམ་མེད་ཅིང་། དེར་མ་ཟད་དེའི་སྔ་རོལ་ཏུ་བྱུང་བའི་སློབ་དཔོན་ཐོགས་མེད་དང་། སློབ་དཔོན་དབྱིག་གཉེན་གྱི་རྣམ་པར་རིག་པ་ཙམ་དུ་སྨྲ་བའི་གྲུབ་མཐའ་དང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་དབུ་མ་རྩ་ཤེར་གྱི་འགྲེལ་པ་བུདྡྷ་པཱ་ལི་ཏ་བཀག་ཅིང་། སེམས་ཙམ་གྱི་དགེ་བསྙེན་ཙནྡྲ་གོ་མཱི་དང་རྩོད་པ་མཛད་པའི་དབུ་མ་ཐལ་འགྱུར་བའི་སློབ་དཔོན་དཔལ་ལྡན་ཟླ་བ་གྲགས་པས་ལེགས་ལྡན་འབྱེད་ཀྱི་བཞེད་པའི་རང་རྒྱུད་ཀྱི་གཏན་ཚིགས་སོགས་བཀག་པས་དཔལ་ལྡན་ཟླ་བའི་སྔོན་དང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་རྗེས། སློབ་དཔོན་ཆོས་སྐྱོང་དང་དུས་མཉམ་པ་ཙམ་ན་བྱུང་བར་འབད་མེད་དུ་གྲུབ་བོ།།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༠༢ ནས་ ༣༠༣ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།