ཅ༽ ལེགས་ལྡན་འབྱེད་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན།

ཅ༽ ལེགས་ལྡན་འབྱེད་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན།

 

སློབ་དཔོན་ལེགས་ལྡན་འབྱེད་འཕགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་ནི། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[1]། སློབ་དཔོན་འདི་སློབ་དཔོན་དགེ་འདུན་སྲུང་བ་ལས་ཐེག་པ་ཆེན་པོའི་མདོ་དུ་མ་དང་། ཀླུ་སྒྲུབ་ཀྱི་མན་ངག་མནོས་ཏེ་ཞེས་དང་། ཡང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[2]། བོད་མང་པོ་རྣམས་སངས་རྒྱས་བསྐྱངས་འཕགས་པ་ཀླུ་སྒྲུབ་ཀྱི་སྐུ་ཚེའི་སྟོད་ཀྱི་སློབ་མ་དང༌།

ལེགས་ལྡན་སྐུ་ཚེའི་སྨད་ཀྱི་སློབ་མ་ཡིན་པ་དང༌། རྩོད་པ་བྱས་སྐད་པ་དང༌། སངས་རྒྱས་བསྐྱངས་ཟླ་གྲགས་སུ་སྐྱེ་བ་ཞེས་ཟེར་བ་སོགས་རིགས་པས་དྲས་པའི་བཅོས་བགྲོས་ཙམ་དུ་སྣང༌། ཁ་ཅིག་དེ་དག་བཀག་ནས། དཔྱོད་པ་དག་དག་མོར་བྱས་ནས། དེ་དག་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན། ལེགས་ལྡན་གྱི་བསྙེན་རྫོགས་མཁན་པོའང་ཀླུ་སྒྲུབ་ཡིན། ཟླ་གྲགས་འཕགས་པ་ལྷའི་དངོས་སློབ་ཡིན་ཟེར་ཏེ། འཕགས་པ་ལྷ་ལྟ་བུ་གཉིས་ཀའི་ཁུངས་སུ་བྱེད་པ་དེ་བཞུགས་བཞིན་དུ། དེ་གཉིས་གྲུབ་མཐའ་ཐ་དད་དུ་གྱེས་དོན་ག་ལ་ཡོད། དཔྱོད་ལྡན་ཡོད་ན་དེ་འདྲ་ལ་སུ་ཞིག་ཡིད་ཆེས་བྱ། ཞེས་གསུངས་པ་ལྟར་སློབ་དཔོན་ལེགས་ལྡན་འབྱེད་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་པར་གསུངས་སོ།།

འོན་ཀྱང་ཡོངས་གྲགས་ཀྱི་ལོ་རྒྱུས་ཀྱི་བབས་དང་བསྟུན་ན། རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་ཀུན་གཞིའི་དཀའ་བའི་གནད་རྒྱ་ཆེར་འགྲེལ་པ་ལས[3]། དེ་ལྟར་ཀླུ་སྒྲུབ་ཀྱི་རྗེས་སུ་ཐོགས་མེད་ཀྱིས་སེམས་ཙམ་གྱི་ལྟ་བའི་སྲོལ་རྒྱས་པར་བཏོད་པ་ན་སློབ་དཔོན་གྱི་དངོས་སློབ་ལེགས་ལྡན་འབྱེད་ལ་སོགས་པས་རྣམ་ཤེས་སྨྲ་བའི་འདོད་པ་རྣམས་རྒྱས་པར་བཀོད་ནས་འགོག་པར་བྱེད་དོ། །ཞེས་སློབ་དཔོན་ལེགས་ལྡན་འབྱེད་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པ་གསལ་བར་གསུངས་པའི་ཕྱིར་རོ།།

དེ་བཞིན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[4]། ཟབ་མོ་དབུ་མའི་ལམ་བཟང་གསལ་བར་མཛད་ཕྱིར་འཕགས་པ་ཀླུ་སྒྲུབ་ཀྱི་སྲས་ཀྱི་ཐུ་བོའི་ཚུལ་དུ་བསམ་བཞིན་དུ་བྱོན་པ་ཞིག་སྟེ། ཞེས་གསལ་བ་བཞིན་སློབ་དཔོན་ལེགས་ལྡན་འབྱེད་མགོན་པོ་ཀླུ་སྒྲུབ་ཀྱི་སློབ་མར་འཐད་པར་སྣང་ལ། དེ་བཞིན་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ (1737-1802) མཛད་པའི་ཐུའུ་བཀྭན་གྲུབ་མཐའ་ལས[5]། ཀླུ་སྒྲུབ་ཀྱི་སློབ་མ་ཡང་ཨཱརྱ་དེ་བ་དང༌། དཔའ་བོ་དང༌། ལེགས་ལྡན་འབྱེད་དང༌། སངས་རྒྱས་བསྐྱངས་དང༌། ཟླ་བ་གྲགས་པ་ལ་སོགས་པ་ཟླ་བྲལ་གྱི་མཁས་པ་མང་དུ་བྱོན། རྩ་བ་ཤེས་རབ་ཀྱི་སྒོ་ནས་དབུ་མ་བའི་ཤིང་རྟའི་སྲོལ་ཕྱེ་བ་ལ་བརྟེན་ནས་ཀླུ་སྒྲུབ་ཀྱི་རྗེས་འབྲང་རྣམས་ལ་དབུ་མ་བ་དང་ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་ཟེར་རོ། །ཞེས་གསུངས་སོ།།

དེ་ལྟར་ཡོངས་གྲགས་ཆོས་འབྱུང་སོགས་སུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་ཐུགས་སྲས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མཐའ་ཡས་པ་བྱོན་པའི་ཁྲོད་ནས་གཙོ་བོར་གྱུར་པ་འཇམ་དཔལ་ཞལ་མཐོང་ཤཱཀྱ་མི་ཏྲ་དང་། སྒྲོལ་མའི་ཞལ་མཐོང་ནཱ་ག་བོ་ངྷི། ས་བརྒྱད་ནོན་པ་ཨཱརྱ་དེ་ཝ། སྤྱན་རས་གཟིགས་ཞལ་མཐོང་མ་ཏངྒི་པ་བཅས་ཐུགས་སྲས་བཞི་དང་། སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད། སློབ་དཔོན་དཔའ་བོ་གསུམ་ནི་ཉེ་བའི་ཐུགས་སྲས་གསུམ་སྟེ་བདུན་བྱོན་པ་ལས། ཉེ་བའི་སྲས་གསུམ་གྱི་ཡ་གྱལ་གཅིག་ནི་སློབ་དཔོན་ལེགས་ལྡན་འབྱེད་ཡིན་པར་གསུངས་ལ། དེ་བཞིན་སྡོམ་རྒྱུན་གྱི་དབང་དུ་བྱས་ཀྱང་། སྟོན་པའི་ཐུབ་པའི་དབང་པོ་ནས་འཕགས་པ་ཤཱ་རིའི་བུ་དང་། སྲས་སྒྲ་གཅན་འཛིན། བྲམ་ཟེ་སྒྲ་གཅན་འཛིན། མགོན་པོ་ཀླུ་སྒྲུབ། སློབ་དཔོན་ལེགས་ལྡན་འབྱེད། སློབ་དཔོན་དཔལ་སྦས[6]། སློབ་དཔོན་ཡེ་ཤེས་སྙིང་པོ། མཁན་ཆེན་ཞི་བ་འཚོ་བཅས་རིམ་བརྒྱུད་བར་མ་ཆད་དུ་བྱོན་པས་མགོན་པོ་ཀླུ་སྒྲུབ་ལས་ལེགས་ལྡན་ལ་བརྒྱུད་པར་གསུངས་པས། རྗེ་བདག་ཉིད་ཆེན་པོ་མཆོག་དང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང་། ཐུའུ་བཀྭན་རིན་པོ་ཆེ་སོགས་ཀྱིས་ལེགས་ལྡན་འབྱེད་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་གསུངས་སོ།།

དེ་བཞིན་༸གོང་ས་༸སྐྱབས་མགོན་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསུང་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཁྲིད་ལས[7]། སྐབས་འདིར་ཟླ་བ་གྲགས་པས་ཚིག་གསལ་གྱི་སྐབས་སུ་ཕྱོགས་གཅིག་ནས་ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ལ་སྐྱོན་བརྗོད་པ་དེ་སྐྱོན་མི་འཇུག་ཅེས་སྐྱོན་སྤོང་གནང་བ་དང་ཆབས་ཅིག་ལེགས་ལྡན་འབྱེད་ཁྱེད་རང་གིས་རང་རྒྱུད་ཀྱི་གཏན་ཚིགས་ཞལ་གྱིས་བཞེས་ཤིང༌། དབུ་མ་པས་རང་རྒྱུད་ཁས་བླངས་ན་མི་རིགས་པ་དང༌། རང་རྒྱུད་ཀྱི་གཏན་ཚིགས་བཞག་མི་རུང་ཞེས་ལེགས་ལྡན་ལ་སྐྱོན་བརྗོད་གནང༌། འདིའི་ཐོག་ནས་ཐལ་རང་གི་ཁྱད་པར་བྱུང་བ་ཡིན། སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་ཁོང་རྣམ་གཉིས་སློབ་དཔོན་ཀླུ་སྒྲུབ་ཀྱི་དགེ་ཕྲུག་རྒན་པ་ཨ་ཕོ་མཐུ་ཆེན་གཙོ་བོའི་གྲས་ཆགས་བསྡད་ཡོད། ཁོང་རྣམ་གཉིས་ཀྱིས་ཀླུ་སྒྲུབ་ཀྱི་དགོངས་པ་བཀྲལ་ཚུལ་ཅུང་ཟད་མི་འདྲ་བ་ཞིག་ཡོད་པ་དེ་འདི་ནས་གསལ་པོ་ཞིག་ཐོན་འོང༌། ཞེས་བཀའ་སྩལ་བ་ལྟར་སློབ་དཔོན་སངས་རྒྱས་བསྐྱངས་དང་། སློབ་དཔོན་ལེགས་ལྡན་འབྱེད་རྣམ་གཉིས་མགོན་པོ་ཀླུ་སྒྲུབ་ཀྱི་སློབ་མ་གཙོ་བོའི་གྲས་ཡིན་པར་གསུངས་སོ།།

མདོར་ན། སློབ་དཔོན་ལེགས་ལྡན་འབྱེད་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་དྲུང་ནས་རབ་ཏུ་བྱུང་ཞིང་། བསྙེན་པར་རྫོགས་པའི་དངོས་པོར་བསྒྲུབས་ནས་མཚན་ལ་ལེགས་ལྡན་འབྱེད་ཅེས་གསོལ། སྡེ་སྣོད་གསུམ་ལ་མཁས་པའི་ཕ་མཐར་སོན་ཞིང་། ཁྱད་པར་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མའི་དགོངས་དོན་གྱི་ལུགས་བཟང་གསལ་བར་བྱས་ཏེ་རྩ་ཤེར་འགྲེལ་པ་ཤེས་རབ་སྒྲོན་མེའི་ཕྲེང་བ་སོགས་མཛད་པ་པོ་སློབ་དཔོན་ལེགས་ལྡན་འབྱེད་ནི། མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་བཞེད་པ་ནི་ཡོངས་སུ་གྲགས་ཆེ་བ་ལགས་སོ།། །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༧༢

[2]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༧༢

[3]  རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། ༼ཚ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༩༣

[4]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་  ༡༢༨

[5]  ཐུའུ་བཀྭན་གྲུབ་མཐའ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༢༤

[6]  སློབ་དཔོན་དཔལ་སྦས་ནི། ཡུལ་ཤར་ཕྱོགས་སུ་སྐུ་འཁྲུངས་ཤིང་། སློབ་དཔོན་ལེགས་ལྡན་འབྱེད་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། གསུང་རབ་མཐའ་དག་ལ་སྦྱངས་པས་ཤིན་ཏུ་མཁས། རང་རྒྱུད་གོང་མའི་གྲུབ་མཐའ་འཛིན་པའི་དབུ་མ་པ་ཆེན་པོར་གྱུར། ཉན་ཐོས་དང་ཕྱི་རོལ་པའི་རྒོལ་བ་ཐམས་ཅད་སྨྲ་བས་ཟིལ་གྱིས་མནན། ཐེག་པ་ཆེན་པོའི་ལུང་རྟོགས་ཀྱི་བསྟན་པ་རྒྱས་པར་མཛད་དོ། །ཞེས། (སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༠༡) གསལ་ལོ།།

[7]  ༸གོང་ས་མཆོག་གི་བཀའ་འབུམ། ༼ཀ༽ བཀའ་འབུམ་སྡུད་སྒྲིག་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༥༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༩༣ ནས་ ༢༩༦ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *