༢༽ རྒྱ་ཡིག་ཐོག་བཞུགས་པའི་རྣམ་ཐར།
དེ་ཡང་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས[1]། ཝེང་གི་པུ་ར་ (Vengipura) ལུང་པའི་ཉེ་འདབས་དྷཱན་ཡ་ཀ་ཊ་ཀ་ (Dhanyakataka) དང་། པཱུ་ར་ཝ་ཤི་ལ་ (Purvasaila) དང་། ཨ་པ་ལ་ཝ་ཤི་ལ་ (Apalasaila) ཟེར་བའི་དགོན་སྡེ་གཉིས་ཡོད།
དེའི་གྲས་སུ་སློབ་དཔོན་ལེགས་ལྡན་འབྱེད་བཞུགས་པར་གྲགས་པའི་རི་ཡོད་གསུངས་སོ། །ཞེས་གསལ་བ་ལྟར། རྒྱ་ནག་གི་སྐད་དུ་བཞུགས་པའི་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྣམ་ཐར་ལ། རྒྱ་ནག་གི་ཆེན་པོ་ཐང་གི་ལོ་ཙཱ་བ་ཆེན་པོ་ཞོན་ཙང་ (ཐང་སན་བླ་མ་ (603-664) གིས་མཛད་པའི་ནུབ་ཕྱོགས་ཡུལ་གྱི་ཟིན་བྲིས་ལས་བྱུང་བའི་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྣམ་པར་ཐར་པ་ནི། དྷྱཱ་ནྱ་ཀ་ཏ་ཀ་སྟེ་འབྲས་སྤུངས་ཀྱི་གྲོང་དེའི་ལྷོ་ཕྱོགས་མི་རིང་བ་ན་བྲག་རི་ཆེན་པོ་ཞིག་ཡོད་དེ། བྷཱ་བ་བི་བེ་ཀཿ སྟེ་སློབ་དཔོན་ལེགས་ལྡན་འབྱེད་ནི། མ་འོངས་པར་བྱང་ཆུབ་སེམས་དཔའ་བྱམས་པ་སངས་རྒྱས་དུས་སུ་མཇལ་བའི་སླད་དུ་ལྷ་མ་ཡིན་གྱི་ཕོ་བྲང་དུ་བཞུགས་ཏེ། སློབ་དཔོན་དེ་ནི་ཐུགས་བསྐྱེད་རྒྱ་ཤིན་ཏུ་ཆེ་ཞིང་། རྟོགས་པ་ཟབ་མོ་དང་ལྡན་པ། ཕྱི་རུ་གྲངས་ཅན་པའི་ཆ་ལུགས་མཛད་ཅིང་། ནང་དུ་ཀླུ་སྒྲུབ་གཞུང་ལུགས་སྤེལ་བ་ཞིག་ཡོད་དེ། མ་ག་དྷའི་ཡུལ་དུ་བྱང་ཆུབ་སེམས་དཔའ་ཆོས་སྐྱོང་གིས་བསྟན་པ་སྤེལ་ཞིང་། སློབ་འཁོར་སྟོང་ཕྲག་མང་པོ་ཡོད་པ་ཐོས་ནས་དེ་དང་བགྲོ་གླེང་བར་མོས་ནས་ཁཀྑིར་ཏེ་འཁར་གསིལ་བསྣམས་ནས་ཕེབས་པས། གྲོང་ཁྱེར་པཱ་ཊ་ལི་པུ་ཏྲ་སྟེ་[2]སྐྱ་ནར་གྱི་བུར་སླེབས་པ་ན།

༼བི་ཧར་མངའ་སྡེའི་རྒྱལ་ས་པ་ཊ་ལི་པུ་ཏྲ་དང་། གྷ་ཡ་བཅས་ཀྱི་ས་ཁྲ།༽
བྱང་ཆུབ་སེམས་དཔའ་ཆོས་སྐྱོང་བྱང་ཆུབ་ཤིང་དྲུང་དུ་བཞུགས་པ་ཤེས་ནས། སློབ་དཔོན་གྱིས་སློབ་མ་ཞིག་ཕོ་ཉར་བཏང་སྟེ་སྨྲས་པ། ཁྱོད་བྱང་ཆུབ་ཤིང་དྲུང་དུ་བྱང་ཆུབ་སེམས་དཔའ་ཆོས་སྐྱོང་གི་དྲུང་དུ་སོང་ལ། བདག་གིས་ཇི་ལྟར་བསྒོས་པ་འདི་བཞིན་ཞུས་ཤིག །བྱང་ཆུབ་སེམས་དཔའ་ཁྱེད་ཀྱིས་རྒྱལ་བའི་དམ་ཆོས་འཆད་སྤེལ་བགྱིས་ཏེ། ལམ་ལོག་ཏུ་བཞུགས་པ་རྣམས་འདྲེན་པར་མཛད་པས། ཁྱེད་ཀྱི་ཡོན་ཏན་ལ་དད་ནས་དུས་ཤིན་ཏུ་རིང་པོ་སོང་མོད་ཀྱང་རེ་བའི་འབྲས་བུ་མ་སྨིན་པས། གུས་མཇལ་ཞུ་བ་བྱུང་ངོ་།།
བྱང་ཆུབ་ཤིང་གི་དྲུང་ཉིད་དུ། །དོན་མེད་མི་འགྱུར་དམ་བཅས་ཏེ། །
མཐོང་བས་རྟོགས་པ་རྙེད་གྱུར་པར། །ལྷ་མིའི་སྟོན་པ་ཞེས་སུ་གྲགས། །
ཞེས་གསུངས་པས། བྱང་ཆུབ་སེམས་དཔའ་ཆོས་སྐྱོང་གིས་ཕོ་ཉ་དེར་ལན་དུ་སྨྲས་པ།
མི་ཡི་འཇིག་རྟེན་སྒྱུ་མ་འདྲ། །ལུས་སྲོག་ཆུས་ཁྱེར་ལྦུ་བ་བཞིན། །
སྐམ་གདུང་ཉེན་བཞིན་བརྩོན་ལགས་པས། །བགྲོ་བའི་འདུན་པ་བདག་མ་མཆིས། །
ཞེས་ཡི་གེ་སྤྲིངས་ཏེ་མཇལ་འཕྲད་གནང་བ་དང་དུ་མ་བླངས་སོ། །དེ་ནས་སློབ་དཔོན་སླར་རང་གནས་སུ་གཤེགས་ཏེ། ཏིང་ངེ་འཛིན་ལ་གནས་ཤིང་འདི་སྙམ་དུ།
གལ་ཏེ་བྱམས་པ་མངོན་སངས་མ་རྒྱས་པར། །སུས་ཀྱང་བདག་གི་ཐེ་ཚོམ་བཟློག་མི་ནུས། །
ཞེས་དགོངས་ཏེ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་དྲུང་དུ་ཟས་འབྲུ་རེ་དང་ཆུ་ཙམ་བརྟེན་ནས་སྨྱུང་བར་གནས་ཤིང་སྙིང་པོའི་གཟུངས་འདོན་པས། ལོ་གསུམ་ཕྱིན་པ་ན་སྤྱན་རས་གཟིགས་ཀྱིས་ཞལ་དངོས་སུ་བསྟན་ཏེ་སློབ་དཔོན་ལ་གསུངས་པ། ཁྱེད་གང་འདོད་དམ། ལན་དུ་ཞུས་པ། བདག་གི་ལུས་འདི་མི་འབོར་བར་བྱམས་པ་མཇལ་བར་འདོད་དོ། །སྤྱན་རས་གཟིགས་ཀྱིས་གསུངས་པ།
མི་ཡི་སྲོག་ནི་ཉམ་ཆུང་ཞིང་། །འཇིག་རྟེན་སྒྱུ་མ་ཆུ་ལྦུ་བཞིན། །
སྨོན་ལམ་མཆོག་དེ་སྒྲུབ་འདོད་ན། །དགའ་ལྡན་གནས་སུ་སྐྱེ་བ་ལེགས། །
དེ་ཕྱིར་གུས་པས་བརྩོན་བགྱིས་ན། །རིང་པོ་མི་ཐོགས་མཇལ་བར་ནུས། །
ཞེས་གསུངས་པར། ལེགས་ལྡན་འབྱེད་ཀྱིས་དེའི་ལན་དུ།
དམ་བཅའ་འཕྲོག་པར་མི་རུང་ཞིང་། །བློ་རྩེ་གཉིས་སུའང་རུང་མ་ཡིན། །
ཞེས་ཞུས་པར། བྱང་ཆུབ་སེམས་དཔའ་ན་རེ། གལ་ཏེ་དེ་ལྟར་ཡིན་ན། དྷྱཱ་ནྱ་ཀ་ཏ་ཀ་སྟེ་འབྲས་སྤུངས་ཡུལ་གྱི་ལྷོ་ཕྱོགས་ཀྱི་བྲག་རིའི་ཡི་དམ་ཕྱག་ན་རྡོ་རྗེའི་གནས་སུ་སོང་ལ། ཕྱག་ན་རྡོ་རྗེའི་གཟུངས་སྔགས་བཏོན་ན་རིམ་བཞིན་རེ་བའི་དངོས་པོ་འགྲུབ་པར་འགྱུར་རོ།།

༼དྷྱཱ་ནྱ་ཀ་ཏ་ཀ་སྟེ་དཔལ་ལྡན་འབྲས་སྤུངས་དང་། ལྷོ་ཕྱོགས་དཔལ་རིའི་ས་ཁྲ།༽
ཞེས་ལུང་བསྟན་པས། སློབ་དཔོན་དེར་སོང་སྟེ་གཟུངས་སྔགས་བཟླས་པས། ལོ་གསུམ་གྱི་རྗེས་སུ་ཡི་དམ་གྱིས་ཞལ་བསྟན་ཏེ་འདི་སྐད་ཅེས། ཁྱོད་གང་ཞིག་འདོད་ནས་འདི་ལྟར་བརྩོན་པ་བགྱི། ཞེས་དྲིས་པ་ལ། སློབ་དཔོན་ན་རེ། བདག་གི་ལུས་འདི་མ་ཞིག་པར། །བྱམས་པ་མཇལ་བར་སྒུག་འདོད་དེ། །སྤྱན་རས་གཟིགས་ཀྱི་ལུང་བསྟན་བཞིན། །འདིར་འོངས་གསོལ་བ་འདེབས་ལགས་ན། །ལྷ་ཁྱོད་རེ་བ་སྐོང་ངམ་ཅི། །
ཞེས་ཞུས། དེ་ནས་ཡི་དམ་གྱིས་གསང་བའི་མན་ངག་སྩལ་ནས་འདི་སྐད་ཅེས། བྲག་རི་འདིའི་ནང་དུ་ལྷ་མིན་གྱི་ཕོ་བྲང་ཡོད་པས། ཆོས་དང་མཐུན་པར་སོང་ནས་གསོལ་བ་ཐོབ་ཅིག་དང་། བྲག་རིའི་ངོས་ནས་ཁ་ཕྱེ་བར་འགྱུར་བས། དེ་མ་ཐག་ཏུ་ནང་དུ་ཞུགས་ན་ཇི་སྲིད་བར་དུ་བསྒུགས་ནས་མཇལ་ནུས་པར་འགྱུར་རོ་གསུངས་སོ། །སློབ་དཔོན་ན་རེ། དབེན་པར་མཐོང་བ་མི་ནུས་ན། །སངས་རྒྱས་བྱོན་པ་ཇི་ལྟར་ཤེས། །ཕྱག་ན་རྡོ་རྗེས། བྱམས་པ་འཇིག་རྟེན་འདིར་བྱོན་ན། །ཁོ་བོས་ཁྱོད་ལ་བརྡ་བྱ་འོ། །ཞེས་གསུངས་སོ།།
སློབ་དཔོན་གྱིས་བཀའ་བཞིན་དུ་རྩེ་གཅིག་ཏུ་འབད་དེ་ལོ་གསུམ་གྱི་བར་དུ་གཟུངས་སྔགས་བཟླས་ཀྱང་། མཚན་མ་མ་ཐོབ་པས། ཏིལ་ལ་སྔགས་བཟླས་ཏེ་བྲག་ངོས་སུ་བཏབ་པས། བྲག་ངོས་གས་ཏེ་བྲག་དོང་གི་སྒོ་བྱེ་བར་གྱུར་ཏོ། །དེའི་ཚེ་ན་ཕན་ཚུན་འགྲུལ་བཞུད་ཀྱི་སྐྱེ་བོ་བརྒྱ་སྟོང་མང་པོས་མཐོང་བས། སློབ་དཔོན་སྒོར་ཕྱིན་ཏེ་སྐྱེ་བོ་འདུས་པ་རྣམས་ལ་སྨྲས་པ།
བདག་གིས་རིང་ནས་གསོལ་བ་འདེབས་བགྱིས་ཏེ། །
བྱམས་མགོན་བསྒུགས་ནས་མཇལ་བ་དོན་གཉེར་ན། །
དེང་འདིར་འཕགས་པས་བྱིན་གྱིས་བརློབས་གྱུར་ཏེ། །
སྨོན་ལམ་ཆེན་པོའི་འབྲས་བུ་སྨིན་པར་གྱུར། །
སུ་ཞིག་མཉམ་དུ་འདི་རུ་ཞུགས་བགྱི་ན། །
སངས་རྒྱས་བྱོན་པར་མཉམ་དུ་མཇལ་བར་འགྱུར། །
ཞེས་སྒྲ་ཆེར་སྒྲོག་པས། དོན་དེ་གོ་བའི་སྐྱེ་བོ་རྣམས་ནི་འཇིགས་ནས་སྒོར་ཞུགས་མ་ནུས་ཏེ། འདི་སྐད་ཅེས།
འདི་ནི་དུག་སྦྲུལ་ཁུང་བུ་སྟེ། །ཚེ་སྲོག་འཇིག་པར་མི་འགྱུར་རམ། །
ཞེས་སྨྲའོ། །དེ་ནས་ལན་གསུམ་གྱི་བར་དུ་བསྒྲགས་ཀྱང་། སློབ་དཔོན་གྱི་རྗེས་སུ་འགྲོ་བ་སྐྱེ་བོ་དྲུག་ཙམ་ལས་མ་བྱུང་སྟེ། ནང་དུ་ཞུགས་མ་ཐག་ཏུ་བྲག་ངོས་སླར་ཟུམ་པར་གྱུར་ཏོ། །དེ་ནས་སྐྱེ་བོ་རྣམས་ནི་ཤིན་ཏུ་འགྱོད་ཅིང་ངོ་ཚ་བར་གྱུར་ཏེ། སྔར་སྨྲས་པའི་སྐྱོན་དང་བཅས་པའི་ངག་ལ་འགྱོད་གདུང་དྲག་པོ་སྐྱེས་སོ། །ཞེས་གཞན་དུ་མི་གསལ་བའི་རྣམ་ཐར་དམིགས་བསལ་ཞིག་གོ། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༣༧༨
[2] དེང་སྐབས་དབུས་འགྱུར་འཆང་བྷི་ཧར་མངའ་སྡེའི་རྒྱལ་ས་ Patna ཞེས་པ་དེར་ངོས་འཛིན་ཞུ་བཞིན་ཡོད། དགེ་ཆོས་ཀྱིས། ༼གཏམ་རྒྱུད་གསེར་གྱི་ཐང་མ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༨༦ གསལ།༽ བི་ཧ་རའི་གྲོང་ཁྱེར་ཆེ་ཤོས་ནི་པཊལིཔུཏྲ་འམ་སྐྱ་ནར་བུ་ཡིན་ཅིང་། དེ་གངྒཱའི་ལྷོ་འགྲམ་དུ་མཆིས། མི་འབུམ་ཕྲག་གསུམ་ཙམ་སྡོད། ཤིང་པཊལ་མང་དུ་སྐྱེས་པས་མིང་དེ་ལྟར་ཐོགས་ཞེས་སྔོན་གྱི་མཁས་པ་འགའ་རེས་གསུངས། ལར་ཡོངས་སུ་གྲགས་པ་པཊལ་བྱ་བ་དེ་གློ་བ་ལ་བྱེད་ཀྱིན་འདུག་ཅིང་། མཛེས་མ་མྱོས་པའི་མཁུར་ཚོས་དམར། །བྱ་བ་དེ་ཡང་མདཱཔཊལ་ཟེར། །ཞེས་གསལ།།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༨༥ ནས་ ༢༩༡ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།