བཞི་པ། སློབ་དཔོན་ལེགས་ལྡན་འབྱེད་ ༼བྷ་བྱ་ཀཱིརྟི།༽ ཀྱི་རྣམ་ཐར།
ཀ༽ མཚན་གྱི་དག་སྡེབ་དང་མཚན་གྱི་རྣམ་གྲངས།
དེ་ཡང་བསྟན་འགྱུར་དཔེ་བསྡུར་མའི་དབུ་ཤོག་ལྷ་སྐུའི་མཚན་བྱང་ལས[1]།
རྒྱུད་འགྲེལ་དགོངས་པ་རབ་གསལ་གྱི། །བྱེད་པོ་བྷ་བྱ་ཀཱིརྟིའི་ཞབས། །
ཞེས་གསུངས་པ་ལྟར། སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ལ་ (भावविवेक) བྷ་བྱ་ཀཱིརྟི་དང་། ལེགས་སྦྱར་ཕྱི་མོ་ལྟར་དབྱིན་ཡིག་ཏུ་ (Bhavya or Bhavaviveka) མི་འདྲ་བ་གཉིས་བྱུང་ཞིང་།
རྒྱའི་སྐད་དུ་ (佛護) བཅས་འབྲི་སྲོལ་ཡོད་པ་ལས། ལེགས་སྦྱར་སྐད་དུ་བྷ་བྱའམ། བྷ་བྱ་ཀ་ར[2]། བྷ་བྱ་ཀཱིརྟི་བཅས་རིགས་གསུམ་མཆིས་པ་ལས། སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་ལས[3]། བྷ་བྱ་ཞེས་པ་ལེགས་དང་། བྷ་བྱཾ་ཞེས་པ་ལེགས་ལྡན། བྷ་བྱཿཞེས་པ་སྐལ་ལྡན་བཅས་ཀྱི་སྐད་དོད་ཡིན་པར་གསལ་བ་ལྟར། བྷ་བྱ་ཞེས་པ་དགེ་འབྲས་དང་། ལེགས་པ། སྐལ་ལྡན་བཅས་ལ་འཇུག་པ་དང་། ཀཱིརྟི་ཞེས་པ་གྲགས་པའམ་བརྗོད་པ་ལ་འཇུག་ཅིང་། སཾ་བོད་སྐད་གཉིས་ཤན་སྦྱར་ལས[4]། བྷབྱ། ཡོད་པ་དང་སྐལ་ལྡན། བྷབྱཾ། སྐལ་བ་ཅན། བསམ་དོན་ནམ་སྐལ་བ་ཕུན་ཚོགས། བྷབྱཿ (Bhavya) སྐལ་ལྡན་དང་འོས་པ་ལ་འཇུག་པར་ཡང་གསལ་བས། སློབ་དཔོན་མཁས་པ་ཆེན་པོ་བྷ་བྱཿཞེས་པ་ནི་བོད་སྐད་དུ་ལེགས་ལྡན་ཞེས་པའི་དོན་ཡིན་ལ། འདི་དང་བྷཱ་ཝི་ཝེ་ཀཿ (Bhāviveka) ལེགས་ལྡན་བྱེད་དང་། བྷཱ་ཝ་ཝི་ཝེ་ཀཿ (Bhāvaviveka) སྟེ་ལེགས་ལྡན་འབྱེད་རྣམས་ནི་དག་སྡེབ་མི་འདྲ་བ་ཙམ་ལས་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་མཚན་གྱི་རྣམ་གྲངས་ཡིན་ནོ།།
གཞན་ཡང་སློབ་དཔོན་ཀ་མ་ལ་ཤཱི་ལས་ (740-797) མཛད་པའི་དབུ་མ་རྒྱན་གྱི་དཀའ་འགྲེལ་ལས[5]། (འདི་ཀ་མ་ལ་ཤཱི་ལའི་གསུང་ཡིན་མིན་དོགས་གཞི་ཡོད་པ་འོག་ཏུ་སློབ་དཔོན་ཀ་མ་ལ་ཤཱི་ལའི་རྣམ་ཐར་གྱི་སྐབས་སུ་འཆད་དོ།།) བསྟན་བཅོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་སློབ་དཔོན་སྐལ་ལྡན་གྱིས་དབུ་མ་སྙིང་པོ་ལས་གསུངས་སོ། །ཞེས་དང་། སྟག་ཚང་ལོ་ཙཱ་བའི་ (1405-1477) གྲུབ་མཐའ་ཀུན་ཤེས་ལས[6]། རང་རྒྱུད་པ་འདི་ནི། གང་ཟག་མཁས་པ་བྷ་བྱ་ཀ་ར་ཞེས་པ་སྐལ་ལྡན་ནམ་ལེགས་ལྡན་འབྱེད། ཅེས་བྱུང་བ་ལྟར་སློབ་དཔོན་སྐལ་ལྡན་ཞེས་པ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་མཚན་གྱི་རྣམ་གྲངས་ཡིན་པར་གསུངས། འོན་ཀྱང་དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་དཔའ་བོའི་ཡིད་དུ་འོང་བ་མཛད་པ་པོ་རྒྱ་གར་འཕགས་ཡུལ་གྱི་སློབ་དཔོན་སྐལ་ལྡན་གྲགས་པ་སྟེ་[7]བྷ་བྱ་ཀིརྟི་ནི་ལེགས་ལྡན་འབྱེད་ལས་ཐ་དད་པའོ།།
དེ་བཞིན་དབུ་མ་རྒྱན་གྱི་དཀའ་འགྲེལ་ལས[8]། འདི་ནི་སློབ་དཔོན་སྣང་བྲལ་གྱིས་དབུ་མའི་སྙིང་པོ་ལས་གསུངས་པ་ཡིན་ནོ། །ཞེས་དང་། ཇོ་བོ་རྗེས་ (982-1054) མཛད་པར་གྲགས་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ་ལས་[9]ཀྱང་། སློབ་དཔོན་བྷ་བྱ་སྣང་བྲལ་གྱིས་མཛད་པའི་ཤེས་རབ་སྒྲོན་མ་དང་། ཞེས་བྱུང་བར་མ་ཟད། དེ་བཞིན་སྟག་ཚང་ལོ་ཙཱ་བའི་ (1405-1477) གྲུབ་མཐའ་ཀུན་ཤེས་ལས[10]། སློབ་དཔོན་སྨན་པའི་ཞབས་ཀྱིས། ལྟ་བ་ལྔ་བརྒྱ་བདུན་ཅུ་བཤད་པ་དང་། སློབ་དཔོན་སྣང་བྲལ་གྱིས། ལྟ་བ་སུམ་བརྒྱ་དྲུག་ཅུ་རྩ་གསུམ་བཤད། ཅེས་གསུངས་པ་ལྟར་གྱི་སློབ་དཔོན་སྣང་བྲལ་ཞེས་པ་འདི་ནི་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་མཚན་གྱི་རྣམ་གྲངས་ཡིན་ཏེ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས་ (1648-1722) མཛད་པའི་གྲུབ་མཐའ་ཆེན་མོ་ལས་[11]ཀྱང་། སྟག་ཚང་པས། སློབ་དཔོན་སྣང་བྲལ་ཟེར་བའང་ལེགས་ལྡན་གྱི་མིང་ཡིན་ལ། ལྟ་བ་བརྒྱ་རྩ་བཅུ་ཡང་དེར་བཤད་ཅིང༌། ལེགས་ལྡན་གཞན་པ་གཅིག་གིས་དབུ་མའི་གཞུང་ཆུང་གཅིག་ནའང་འདི་ལྟར་བཤད་དེ། ཞེས་དང་། ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པས་ (1648-1722) མཛད་པའི་གྲུབ་པའི་མཐའི་རྣམ་པར་བཞག་པ་འཁྲུལ་སྤོང་གདོང་ལྔའི་སྒྲ་དབྱངས་ཀུན་མཁྱེན་ལམ་བཟང་གསལ་བའི་རིན་ཆེན་སྒྲོན་མེ་ལས་[12]ཀྱང་།
བྷ་བྱས་སྐྱོན་བཟུང་དབུ་མ་རང་རྒྱུད་ཕྱེ། །
ཞེས་པ། དེ་ནས་སློབ་དཔོན་བྷ་བྱ་ཀ་ར་སྟེ་ལེགས་ལྡན་འབྱེད་དང༌། འགྱུར་ལ་ལར་སྐལ་ལྡན་དུའང་བསྒྱུར། སློབ་དཔོན་སྣང་བྲལ་ཡང་ཟེར། ཞེས་དང་། ཡང་ཀུན་མཁྱེན་ (1648-1722) གྲུབ་མཐའ་ཆེན་མོ་ལས[13]། དེ་ཡང་སྔ་མ་མདོ་སྡེ་སྤྱོད་པའི་དབུ་མའི་ཤིང་རྟའི་སྲོལ་བྷ་བྱ་ཀ་ར་སྟེ་ལེགས་ལྡན་འབྱེད་དམ་སྐལ་ལྡན་བྱེད། ཅེས་དང༌། སློབ་དཔོན་སྣང་བྲལ་ལམ་སྣང་བ་མི་འཇལ་བར་གྲགས་པ་དེའི་ལུགས་སོ། །ཞེས་གསལ་བ་ལྟར། སྣང་བྲལ་དང་སྣང་བ་མི་འཇལ་བར་གྲགས་པ་ཞེས་པ་འདི་དག་ཀྱང་སློབ་དཔོན་འདི་ཉིད་ཀྱི་མཚན་གྱི་རྣམ་གྲངས་ཡིན་པར་གསུངས་སོ།།
དེ་ལྟར་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་ལེགས་སྦྱར་གྱི་མཚན་ལ་བྷ་བྱ་དང་། བྷ་བྱ་ཀ་ར། བྷ་བྱ་ཀཱིརྟི་བཅས་འབྲི་སྲོལ་མི་འདྲ་བ་གསུམ་དང་། བོད་སྐད་ཀྱི་མཚན་ལ་ལེགས་ལྡན་དང་། སྐལ་ལྡན། སྣང་བྲལ། སྣང་བ་མི་འཇལ་བར་གྲགས་པ་བཅས་མཚན་གྱི་རྣམ་གྲངས་བཞི་བྱུང་ཡང་། སློབ་དཔོན་རང་ཉིད་ཀྱིས་མཛད་པའི་གསུང་གི་མཛད་བྱང་དག་ཏུ་བྷ་བྱ་དང་། བྷ་བྱ་ཀཱིརྟི། ལེགས་ལྡན་འབྱེད་བཅས་གསུམ་ལས་མཚན་གཞན་རྣམས་མི་གསལ་མོད། འོན་ཀྱང་བཅོམ་ལྡན་རིག་རལ་གྱིས་བཞེངས་པའི་སྣར་ཐང་བསྟན་འགྱུར་གྱི་དཀར་ཆག་དབུས་པ་བློ་གསལ་རྩོད་པའི་སེངྒེས་བསྒྲིགས་ཤིང་། ཝཱ་རཱ་ཎ་སཱི་གཙུག་ལག་སློབ་ཁང་གི་བོད་ཀྱི་ལོ་རྒྱུས་སློབ་དཔོན་བྱམས་པ་བསམ་གཏན་ལགས་ཀྱིས་ཞུས་སྒྲིག་དང་མཆན་བུ་བཏབ་པའི་བསྟན་བཅོས་ཀྱི་དཀར་ཆག་ལས[14]། སློབ་དཔོན་བྷ་བྱ་ཥི་ཏིས་མཛད་པ་སྒྲོན་གསལ་གྱི་ཊི་ཀཱ་དགོངས་པ་རབ་གསལ་ཀུ་མ་རའི་རང་འགྱུར་དུ་གྲགས་པ་བཞུགས་ཞེས་དང་། ཡང་དེ་ཉིད་ལས། སློབ་དཔོན་བྷ་བྱཱ་ཀཱིར་ཏིས་མཛད་པའི་རིམ་པ་ལྔའི་དཀའ་འགྲེལ་ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། ཞེས་དག་སྡེབ་གཞན་དང་འབྲི་སྲོལ་མི་འདྲ་བ་ཁག་གཉིས་བྱུང་བ་བཅས་ལས་གང་ཞིག་དག་མིན་དཔྱོད་ལྡན་རྣམས་ཀྱིས་དཔྱད་པར་འཚལ་ལོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཀི༽ དེབ་ཨང་ ༡༦ པ། དབུ་ཤོག་ ༥༦༠
[2] ཀ་ར་ཞེས་པ་མཛད་པ་དང་། ཀརཿ ཞེས་པ་འོད་ཟེར། ཀརཀཿ བྱེད་ཅན་བཅས་ཀྱི་སྐད་དོད་ཡིན།
[3] སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༤༤༨
[4] སཾ་བོད་སྐད་གཉིས་ཤན་སྦྱར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༦༦༦
[5] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ས༽ དེབ་ཨང་ ༦༢ པ། ཤོག་གྲངས་ ༡༠༩༠
[6] སྟག་ལོའི་གྲུབ་མཐའ་ཀུན་ཤེས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༡༥༦
[7] དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་དཔའ་བོའི་ཡིད་དུ་འོང་བ། མཛད་པ་པོའི་སློབ་དཔོན་སྐལ་ལྡན་གྲགས་པ་ནི། ལེགས་སྦྱར་དུ་བྷ་བྱ་ཀིརྟི་ཞེས་པ་བོད་སྐད་དུ་སློབ་དཔོན་སྐལ་ལྡན་གྲགས་པ། ཞེས་མཚན་གྱི་ཆ་ཤས་མཚུངས་པ་ལས་སློབ་དཔོན་འདི་ཉིད་མིན་ལ། སློབ་དཔོན་སྐལ་ལྡན་གྲགས་པ་ནི། སྔགས་གཞུང་རྒྱ་མཚོའི་ཕ་རོལ་ཏུ་སོན་ཞིང་། མངོན་ཤེས་ཐོགས་མེད་མངའ་བར་གྲགས་སོ། །བྲམ་ཟེ་དཔལ་འཛིན་དང་མི་ཐུབ་ཟླ་བའི་བར་དུ་བྱོན་པ་ཞིག་གོ།
[8] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ས༽ དེབ་ཨང་ ༦༢ པ། ༢༠༠༠ ལོ། ཤོག་གྲངས་ ༡༠༦༨
[9] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ པ། ༢༠༠༡ ལོ། ཤོག་གྲངས་ ༡༧༤༥
[10] སྟག་ལོའི་གྲུབ་མཐའ་ཀུན་ཤེས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༢༩
[11] ཀུན་མཁྱེན་གྲུབ་མཐའ་ཆེན་མོ། སྒོ་མང་དཔེ་མཛོད། ཐེ་ཝན་པར་མ། ༢༠༡༢ ལོ། ཤོག་གྲངས་ ༣༩
[12] ཀུན་མཁྱེན་གྲུབ་མཐའ་ཆེན་མོ། སྒོ་མང་དཔེ་མཛོད། ཐེ་ཝན་པར་མ། ༢༠༡༢ ལོ། ཤོག་གྲངས་ ༣༧༣
[13] ཀུན་མཁྱེན་གྲུབ་མཐའ་ཆེན་མོ། སྒོ་མང་དཔེ་མཛོད། ཐེ་ཝན་པར་མ། ༢༠༡༢ ལོ། ཤོག་གྲངས་ ༤༨༥
[14] བསྟན་བཅོས་ཀྱི་དཀར་ཆག །བོད་ཀྱི་དཔེ་མཛོད་ཁང་། ༢༠༡༥ ལོ། ཤོག་གྲངས་ ༢༤
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༦༥ ནས་ ༢༦༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།