ན༽ འཕགས་བོད་ཀྱི་སྐྱེས་ཆེན་དམ་པས་བསྔགས་ཚུལ།
དཔལ་ལྡན་ཟླ་གྲགས་དང་། རྗེ་བདག་ཉིད་ཆེན་པོས་བསྔགས་པ་ཇི་ལྟར་མཛད་ཡོད་ཅེ་ན། དེ་ཡང་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ཚིག་གསལ་ལས[1]། སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་མཐོང་ནས་ལེགས་ལྡན་བྱེད་ཀྱིས་ལེགས་བཤད་གང༌། །གཅིག་ནས་གཅིག་ཏུ་བརྒྱུད་ལས་འོངས་དང་བདག་གིས་རྣམ་པར་ཕྱེ་ལས་རྙེད་པ་གང༌། །ཞེས་གསུངས་ལ།
དེ་བཞིན་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་རྩ་ཤེ་ཊཱིཀ་ཆེན་གྱི་མཆོད་བརྗོད་ལས་[2]ཀྱང་།
སྐར་ཚོགས་དབུས་ན་མཚན་མོའི་མགོན་པོ་བཞིན། །འགྲེལ་མཛད་ཀུན་གྱི་ཁྲོད་ན་ལྷམ་མེ་བ། །
གྲུབ་མཆོག་སངས་རྒྱས་བསྐྱངས་དང་ཟླ་བའི་ལུགས། །དྲན་པ་ཡིས་ཀྱང་དད་པའི་སྤུ་ལོང་གཡོ། །
ཞེས་དང་། ཡང་རྩ་ཤེ་ཊཱིཀ་ཆེན་གྱི་མཇུག་བྱང་ལས་ཀྱང་[3]།
འདི་ཉིད་འཕགས་པའི་ལུགས་མཆོག་འཛིན་པ་ཡི། །མཁས་པའི་འགྲེལ་པ་མང་པོས་གསལ་མཛད་ཀྱང༌། །
འཕགས་པའི་དགོངས་པ་ཡོངས་སུ་རྫོགས་པར་ནི། །ཇི་བཞིན་འགྲེལ་མཛད་གྲུབ་མཆོག་སངས་རྒྱས་བསྐྱངས། །
གསུང་རབ་མཁའ་ལ་ཐོགས་པ་མེད་རྒྱུ་ཞིང༌། །མཐར་འཛིན་ཚ་གདུང་སེལ་བའི་འོད་དཀར་ཅན། །
དཔལ་ལྡན་ཟླ་བ་གྲགས་པ་ཞེས་གྲགས་པའི། །རྣམ་བཤད་རྣམ་གཉིས་མཁའ་ལ་ཉི་ཟླ་བཞིན། །
ཞེས་གསུངས་པ་ལྟར་བསྔགས་པ་རྒྱ་ཆེར་མཛད་ལ། གཞན་ཡང་རྒྱལ་ཚབ་དར་མ་རིན་ཆེན་ (1364-1432) གྱིས་མཛད་པའི་དཀའ་གནད་བརྒྱད་ཀྱི་བརྗེད་བྱང་ལས[4]། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རྩ་བ་ཤེས་རབ་ལ། འགྲེལ་པ་གྲགས་ཆེ་བ་བརྒྱད་དུ་ཡོད་ལ་དེའི་ནང་ནས་ཀྱང་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་བ་ནི། སློབ་དཔོན་སངས་རྒྱས་བསྐྱངས་དང༌། སློབ་དཔོན་ཟླ་བ་གྲགས་པ་གཉིས་ཀྱིས་མཛད་པ་འདི་གཉིས་ཡིན་ལ། དེ་ལའང་འགྲེལ་བྱེད་གཞན་དང་མི་མཐུན་པའི་ཁྱད་པར་ཕྲ་མོ་མཐའ་ཡས་ཀྱང་གནད་དུ་ཆེ་བ་བརྒྱད་ཡིན་གསུང་སྟེ། གཞིའི་སྐབས་སུ་ཐ་སྙད་དུའང་རང་མཚན་དང༌། ཀུན་གཞི་ཁས་མི་ལེན་ཞིང༌། ཕྱི་དོན་ཁས་ལེན་པ་དང༌། ལམ་གྱི་སྐབས་ལ་དེ་ཁོ་ན་ཉིད་རྟོགས་པའི་ཐབས་སུ་རང་རྒྱུད་དང༌། རང་རིག་ཁས་མི་ལེན་ཞིང༌། སྒྲིབ་གཉིས་ཀྱི་འཇོག་ཚུལ་དང༌། ཉན་རང་ལ་ཆོས་རང་བཞིན་མེད་པར་རྟོགས་པ་ཁས་ལེན་པའི་ཚུལ་དང༌། འབྲས་བུའི་སྐབས་སུ་སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཚུལ་ཏེ། ཁས་ལེན་པའི་དམ་བཅའ་བཞི་དང༌། མི་ལེན་པའི་ཕྱོགས་བཞིའོ། །ཞེས་གསུངས་པ་ལྟར་གཞི་ལམ་འབྲས་གསུམ་གྱི་སྐབས་སུ་འགྲེལ་བྱེད་གཞན་དང་ཐུན་མོང་མ་ཡིན་པའི་ལེགས་བཤད་མང་དུ་ཡོད་པར་གསུངས་ཤིང་། དེ་ལྟར་རྗེ་བདག་ཉིད་ཆེན་པོ་དང་། རྒྱལ་ཚབ་དར་མ་རིན་ཆེན་རྣམ་གཉིས་ཀྱིས་སློབ་དཔོན་སངས་རྒྱས་བསྐྱངས་དང་། དཔལ་ལྡན་ཟླ་གྲགས་རྣམ་གཉིས་ལ་བསྔགས་པ་དཔེ་མེད་མཛད་པར་མ་ཟད། དཔལ་ལྡན་ཟླ་གྲགས་ཀྱིས་ཀྱང་སློབ་དཔོན་སངས་རྒྱས་བསྐྱངས་ལ་བསྔགས་པ་ཆེས་ཆེར་མཛད་པ་ལྟར་གྱི་གཞུང་བཟང་མཛད་པ་པོ་ཞིག་གོ །གཞན་ཡང་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ་ལས་[5]ཀྱང་།
འཛམ་གླིང་མཁས་པའི་རྒྱན་གྱུར་འདི་རྣམས་ཀྱི། །ལེགས་བཤད་ཀུན་ལ་སྙིང་ནས་གུས་མོད་ཀྱང༌། །
འཁོར་འདས་རྟེན་འབྱུང་མི་བསླུའི་གཏན་ཚིགས་ཀྱིས། །མཚན་འཛིན་དམིགས་གཏད་ཐམས་ཅད་འཇིག་བྱེད་པ། །
ཟླ་བ་ལས་འོངས་ལེགས་བཤད་འོད་དཀར་གྱིས། །བློ་མིག་ཀུནྡའི་ཚལ་རབ་ཕྱེ་བའི་ཚེ། །
སངས་རྒྱས་བསྐྱངས་ཀྱིས་བསྟན་པའི་ལམ་མཐོང་ནས། །ཀླུ་སྒྲུབ་ལུགས་བཟང་གཙོ་བོར་མི་འཛིན་སུ། །
ཞེས་ཁོ་བོ་དེ་སྐད་དུ་སྨྲའོ། །ཞེས་སྔོན་བྱོན་བོད་ཀྱི་མཁས་གྲུབ་སྐྱེས་ཆེན་དམ་པ་མང་པོས་སློབ་དཔོན་འདི་ཉིད་ཀྱི་གསུང་བཟང་ལ་ཆེས་ཆེར་བསྔགས་པ་མཛད་ཅིང་། ཡང་དེ་ཉིད་ལས[6]།
ཤིང་རྟ་ཆེན་པོའི་སྲོལ་གཉིས་ལེགས་བཟུང་ནས། །འཛམ་གླིང་བློ་གསལ་བྱེ་བའི་མིག་འབྱེད་པ། །
འཕགས་པ་ལྷ་དང་དཔའ་པོ་སངས་རྒྱས་བསྐྱངས། །ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པའི་ཞབས། །
དབྱིག་གཉེན་ཞབས་དང་བློ་བརྟན་ཕྱོགས་གླང་དང་། །ཆོས་ཀྱི་གྲགས་པའི་ཞབས་སོགས་འཛམ་གླིང་རྒྱན། །
ཐུབ་བསྟན་མི་ནུབ་རྒྱལ་མཚན་འཛིན་པའི་མཆོག །མཁས་པའི་དབང་པོ་རྣམས་ལ་གུས་པས་འདུད། །
ཅེས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་བསྔགས་བརྗོད་ཆེས་ཆེར་མཛད་པ་ལགས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཡ༽ དེབ་ཨང་ ༦༠ པ། ཤོག་གྲངས་ ༤༨༡
[2] རྩ་ཤེ་ཊིཀ་ཆེན་རིགས་པའི་རྒྱ་མཚོ། འབྲས་སྤུངས་སྒོ་མང་གྲྭ་ཚང་། ༢༠༠༢ ལོ། ཤོག་གྲངས་ ༢
[3] རྩ་ཤེ་ཊིཀ་ཆེན་རིགས་པའི་རྒྱ་མཚོ། འབྲས་སྤུངས་སྒོ་མང་གྲྭ་ཚང་། ༢༠༠༢ ལོ། ཤོག་གྲངས་ ༤༢༣
[4] དཀའ་གནད་བརྒྱད་ཀྱི་བརྗེད་བྱང་། འབྲས་སྤུངས་སྒོ་མང་གྲྭ་ཚང་། ༢༠༠༢ ལོ། ཤོག་གྲངས་ ༤༢༥
[5] དྲང་ངེས་ལེགས་བཤད་སྙིང་པོ། འབྲས་སྤུངས་བློ་གསལ་གླིང་། ༡༩༩༡ ལོ། ཤོག་གྲངས་ ༢༢༧
[6] རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། ༼ཕ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༢༩༩
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༤༣ ནས་ ༢༤༦ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།