ད༽ དབུ་མ་ཐལ་འགྱུར་བའི་སྲོལ་བཟང་གཏོད་ཚུལ།

ད༽ དབུ་མ་ཐལ་འགྱུར་བའི་སྲོལ་བཟང་གཏོད་ཚུལ།

 

དེ་ཡང་པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་ (1883-1937) མཛད་པའི་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་སོགས་འཕགས་བོད་ཀྱི་པཎ་གྲུབ་ཆེན་པོ་འགའ་ཞིག་ལ་གསོལ་བ་འདེབས་པའི་རིམ་པར་ཕྱེ་བ་ཕུལ་བྱུང་དོན་ལྡན་ལས[1]།

ཀླུ་སྒྲུབ་ཞལ་ལུང་བདུད་རྩིའི་བཅུད་བཟང་པོར། །ངོམས་མེད་སྤྱད་པས་མཐའ་བྲལ་དབུ་མའི་ལམ། །

ཇི་བཞིན་རྟོགས་ནས་གཞན་ལ་འདོམས་མཁས་པ། །སློབ་དཔོན་སངས་རྒྱས་བསྐྱངས་ལ་གསོལ་བ་འདེབས། །

ཞེས་བསྟོད་ཕྱག་མཛད་པ་ལྟར། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དབུ་མ་ཐལ་འགྱུར་བའི་སྲོལ་བཟང་བཏོད་པའི་ཚུལ་ནི། མཁས་གྲུབ་རིན་པོ་ཆེས་ (1385-1438) མཛད་པའི་ཟབ་མོ་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སྐལ་བཟང་མིག་འབྱེད་ལས[2]། གཉིས་པ། དེའི་དགོངས་པ་འགྲེལ་པ་སོ་སོའི་རིམ་པ་ཇི་ལྟར་བྱུང་བ་བཤད་པ་ནི། འཕགས་པའི་དགོངས་པ་འགྲེལ་བའི་མདོ་སྔགས་ཀྱི་གཞུང་མང་དུ་བྱུང་མོད། འདིར་ཡང་དག་པའི་ལྟ་བ་གཏན་ལ་འབེབས་པའི་དགོངས་འགྲེལ་ཇི་ལྟར་བྱུང་བ་མདོ་ཙམ་བརྗོད་ན། སློབ་དཔོན་འཕགས་པ་ལྷས་འཕགས་པའི་དགོངས་པ་ལྟར་ཟབ་མོ་སྟོང་པ་ཉིད་གཏན་ལ་འབེབས་པ་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་མཛད་ཅིང༌། སློབ་དཔོན་འདི་འཕགས་པ་ཉིད་དང་ཁྱད་པར་མེད་པར་ཡིད་ཆེས་ཀྱི་གནས་སུ་རྗེས་འཇུག་གཞན་ཐམས་ཅད་ཀྱིས་ཁས་ལེན་པས། བོད་ཀྱི་བླ་མ་སྔ་མ་དག་ཡབ་སྲས་འདི་གཉིས་ལ་གཞུང་ཕྱི་མོའི་དབུ་མ་པ་ཞེས་ཟེར་རོ། །འཕགས་པ་ལྷའི་དགོངས་པ་ཐལ་འགྱུར་དུ་གནས་མོད་ཀྱི་དངོས་སུ་རང་རྒྱུད་དང་ཐལ་འགྱུར་ཕྱེ་ནས་རང་རྒྱུད་འགོད་པ་སོགས་ཀྱི་རྣམ་གཞག་མ་མཛད་ལ། དེའི་རྗེས་སུ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་རྩ་ཤེའི་འགྲེལ་པ་མཛད་ནས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་ཐལ་འགྱུར་དུ་བཀྲལ་ཞིང༌། དེའི་རྗེས་སུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྩ་ཤེའི་འགྲེལ་པ་མཛད་ནས། སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་དུ་བཀྲལ་བ་ལ་དགག་པ་མང་དུ་མཛད་དེ། རང་རྒྱུད་ཀྱི་སྲོལ་ཐོག་མར་ཕྱེ་བ་ཡིན་ལ། དེའི་ཕྱིར་འདི་གཉིས་སོ་སོའི་རྗེས་འབྲང་དང་བཅས་པ་རྣམས་ལ་བོད་སྔ་མ་དག་ཕྱོགས་འཛིན་པའི་དབུ་མ་པ་ཞེས་ཟེར་རོ། །ཞེས་གསུངས་སོ།།

དེ་བཞིན་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) ཀྱིས་མཛད་པའི་དཔལ་གསང་བ་འདུས་པའི་ཆོས་འབྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས[3]། ཡང་ཉེ་སྲས་སངས་རྒྱས་བསྐྱངས་ལེགས་ལྡན་འབྱེད་གཉིས་ནི་སློབ་དཔོན་འདིའི་དབུ་མའི་བཤད་སྲོལ་གཙོ་བོར་འཛིན་པ་སྟེ། དེ་ཡང་རྩ་བ་ཤེས་རབ་ལས།

བདག་ལས་མ་ཡིན་གཞན་ལས་མིན། །

ཞེས་སོགས་དམ་བཅའ་བཞི་གསུངས་པ་ལ། སྒྲུབ་བྱེད་ཀྱི་རིགས་པ་ཐལ་འགྱུར་གྱི་རིགས་པའི་སྒོ་ནས་བསྒྲུབ་རིགས་པར་སངས་རྒྱས་བསྐྱངས་ཀྱིས་གསུངས་ནས། ལུགས་དེ་ལ་དབུ་མ་ཐལ་འགྱུར་བར་གྲགས། ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ཀྱི་བཞེད་པ་དེ་བཀག་ནས་རང་རྒྱུད་ཀྱི་རིགས་པའི་སྒོ་ནས་བསྒྲུབས་པས་དབུ་མ་རང་རྒྱུད་པར་གྲགས་ཏེ། མདོར་ན་དབུ་མ་ཐལ་རང་ཞེས་པའི་ཁ་སྐད་འདི་སློབ་དཔོན་དེ་གཉིས་ནས་བྱུང་བ་ཡིན་ནོ། །ཞེས་གསལ་བ་ལྟར་རོ།།

དེ་བཞིན་དབྱངས་ཅན་དགའ་བའི་བློ་གྲོས་ (1740-1740) ཀྱིས་མཛད་པའི་དབུ་མའི་ཐལ་བཟློག་གི་བརྗེད་བྱང་ཚིགས་བཅད་མ་ལས[4]། དེ་འདྲའི་འབྲས་གཞན་སྐྱེ་བ་ནི། །གཞན་སྐྱེའི་དོན་ཏེ་ཐལ་འགྱུར་པ། །མ་གཏོགས་རང་སྡེ་ཐམས་ཅད་དང་། །གཞན་སྡེ་འགས་ཀྱང་འདོད་པ་ཡིན། །འགོག་ཚུལ་བུདྡྷ་པཱ་ལི་ཏར། །གཞན་ལས་སྐྱེ་དང་ཐམས་ཅད་ལས། །ཐམས་ཅད་མི་སྐྱེ་འགལ་བརྗོད་ཀྱི། །ཐལ་འགྱུར་སྒོ་ནས་དགག་པར་མཛད། །དེ་ལ་སློབ་དཔོན་ལེགས་ལྡན་གྱིས། །གཞན་སྐྱེ་རང་ཡང་འདོད་དགོས་ཕྱིར། །ཐ་སྙད་ཙམ་དུ་འགོག་མི་རིགས། །དོན་དམ་དབང་དུ་འགོག་བྱེད་ཀྱི། །རྟགས་དཔེ་ཡང་དག་མ་བརྗོད་དང་། །དངོས་ཟིན་དོན་ལས་བཟློག་དགོས་ཕྱིར། །གཞན་གྱིས་ཀླན་ཀའི་གླགས་རྙེད་ཅེས། །སྐྱོན་བརྗོད་རྣམ་པ་གཉིས་མཛད་དོ། །སྐྱོན་དེའང་འཇུག་པ་མ་ཡིན་ཏེ། །སློབ་དཔོན་གཞན་སྐྱེ་མི་བཞེད་ཅིང་། །འགལ་བ་བརྗོད་པའི་ཐལ་འགྱུར་གྱིས། །གཞན་སྐྱེའི་དམ་བཅའ་འགོག་ནུས་ཕྱིར། །རང་རྒྱུད་དཔེ་རྟགས་བརྗོད་མི་རིགས། །བཟློག་པ་འཕངས་ཀྱང་རྒྱུ་འབྲས་ཀྱི། །འབྲེལ་བ་ངེས་པས་སྐྱོན་མེད་དོ། །ཞེས་གསུངས་པ་ལྟར་རོ།།

གཞན་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་བསྟོད་པ་ལས[5]།

ངོ་བོས་གྲུབ་ན་ལྟོས་པས་ཅི་བྱ་ཞེས། །ཐལ་འགྱུར་ཙམ་གྱིས་དངོས་འཛིན་བཟློག་མཛད་ནས། །

ཟབ་མོའི་གནས་ལ་བལྟ་བའི་མིག་སྦྱིན་པ། །སངས་རྒྱས་བསྐྱངས་ཀྱི་ཞབས་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། ཐུའུ་བཀྭན་ཆོས་ཀྱི་ཉི་མས་ (1737-1802) མཛད་པའི་ཐུའུ་བཀྭན་གྲུབ་མཐའ་ལས[6]། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་རྩ་ཤེས་འགྲེལ་པ་བུདྡྷཿཔཱ་ལི་ཏ་མཛད་ཅིང་། རྩ་བར་བཤད་པའི་རིགས་པ་རྣམས་ཀྱི་དོན་ཐལ་འགྱུར་མང་པོ་མཛད་ནས་བཀྲལ་ཞིང་རང་རྒྱུད་ཀྱི་གཏན་ཚིགས་མ་བཤད་པ་ལ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཤེས་རབ་སྒྲོན་མེར་སྐྱོན་མང་དུ་བརྗོད་ཅིང་། རང་རྒྱུད་ཀྱི་གཏན་ཚིགས་འགོད་དགོས་པའི་རྒྱུ་མཚན་མང་དུ་བཤད་ནས་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་པར་མཛད། དེའི་འོག་ཏུ་སློབ་དཔོན་ཟླ་བ་གྲགས་པས་བསྟན་བཅོས་དབུ་མ་འཇུག་པ་དང་། རྩ་ཤེས་འགྲེལ་པ་ཚིག་གསལ་བཅས་མཛད་ནས་སངས་རྒྱས་བསྐྱངས་ལ་སྐྱོན་དེ་རྣམས་མི་འཇུག་པ་དང་། རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་པ་ལ་གནོད་བྱེད་དང་། ཁས་མི་ལེན་པ་ལ་སྒྲུབ་བྱེད་མང་དུ་བསྟན་ནས་འཕགས་པའི་དགོངས་པ་ཐལ་འགྱུར་དུ་བཀྲལ། འོན་ཀྱང་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་ནི་སངས་རྒྱས་བསྐྱངས་ཡིན་པར་བཞེད་པ་དང་། ཟླ་བ་གྲགས་པ་ཡིན་པར་བཞེད་པའི་ཕྱོགས་གཉིས་སྣང་ངོ་།།

དེ་ལྟར་འཕགས་པའི་དགོངས་པ་ཐལ་རང་སོ་སོར་འགྲེལ་པ་རྣམས་ལ་ཕྱོགས་འཛིན་པའི་དབུ་མ་པ་ཞེས་གྲགས། ཞེས་གསུངས་པ་ལྟར། ཕྱོགས་འཛིན་པའི་དབུ་མ་པ་ཞེས་པ་དེ་ཡང་། ཐལ་འགྱུར་བའི་ཕྱོགས་འཛིན་པ་སངས་རྒྱས་བསྐྱངས་རྗེས་འབྲང་དང་བཅས་པ་དང་། རང་རྒྱུད་པའི་ཕྱོགས་འཛིན་པ་སློབ་དཔོན་ལེགས་ལྡན་འབྱེད་རྗེས་འབྲང་དང་བཅས་པ་ལ་ཕྱོགས་འཛིན་པའི་དབུ་མ་པ་ཟེར། དེའི་སྒྲ་བཤད་ནི། དེ་དག་གི་ཀླུ་སྒྲུབ་ཀྱི་དགོངས་པ་ཐལ་རང་གི་ཕྱོགས་སོ་སོར་བཀྲལ་ཏེ་འཛིན་པས་ན་དེ་སྐད་ཅེས་བརྗོད་དོ། །ཞེས་གསུངས་སོ།།

དེ་བཞིན་ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[7]། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དགེ་འདུན་སྲུང་ལས་ཀླུ་སྒྲུབ་ཀྱི་གཞུང་རྣམས་གསན་ནས་མཁས་པར་མཛད་དེ། རྩ་ཤེའི་འགྲེལ་པ་བུདྡྷཿཔཱ་ལི་ཏ་བརྩམས་ (རྒྱུ་མཚན་འདིའི་དབང་གིས་སློབ་དཔོན་འདི་ཉིད་དབུ་མ་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་ཡིན་པར་བཞེད་པའི་ལུགས་གཅིག་དང་། དཔལ་ལྡན་ཟླ་བ་གྲགས་པ་དབུ་མ་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་ཡིན་པར་བཞེད་པའི་ལུགས་གཅིག་བཅས་གསུང་སྲོལ་མི་འདྲ་བ་གཉིས་སྣང་ངོ་།།) པའི་སྒོ་ནས་ཐལ་འགྱུར་བའི་ཤིང་རྟའི་སྲོལ་ཕྱེ། འཇམ་དཔལ་གྱི་ཞལ་གཟིགས་ཤིང་རིལ་བུའི་དངོས་གྲུབ་བརྙེས་ཏེ་རིག་འཛིན་གྱི་གནས་སུ་གཤེགས་ཞེས་གསུངས།

གཞན་ཡང་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་མཛད་པའི་དེབ་སྔོན་གསར་མ་ལས་[8]ཀྱང་། དབུ་མ་ཐལ་འགྱུར་བའི་སློབ་དཔོན་སངས་རྒྱས་བསྐྱངས་ (c.230-330) ཀྱིས་རྩ་ཤེའི་འགྲེལ་པ་བུདྡྷཿཔཱ་ལི་ཏ་རུ་རྩ་ཤེར་བཤད་པའི་རིགས་པ་རྣམས་ཀྱི་དོན་ཐལ་འགྱུར་མང་པོ་མཛད་ནས་བཀྲལ་ཞིང་། རང་རྒྱུད་ཀྱི་གཏན་ཚིགས་མ་གསུངས། དེའི་རྗེས་སུ་སློབ་དཔོན་ལེགས་ལྡན་འབྱེད་ (c.500-570) ཀྱིས་རྩ་ཤེའི་འགྲེལ་པ་ཤེས་རབ་སྒྲོན་མར་སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་ལ་རྩོད་གླེང་མང་དག་ཅིག་གསུངས་ནས་རང་རྒྱུད་ཀྱི་གཏན་ཚིགས་འགོད་དགོས་པའི་རྒྱུ་མཚན་མང་དུ་གསུངས་ཏེ། དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་ཕྱེ། དེའི་འོག་ཏུ་དཔལ་ལྡན་ཟླ་བ་གྲགས་པས་ (c.-600-) ཚིག་གསལ་དུ་སངས་རྒྱས་བསྐྱངས་ལ་ལེགས་ལྡན་གྱིས་གསུངས་པའི་སྐྱོན་དེ་རྣམས་མི་འཇུག་པ་དང་། དབུ་མ་པ་ཡིན་ཕྱིན་ཆད་རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་པ་ལ་གནོད་བྱེད་དང་། ཁས་ལེན་མི་རིགས་པའི་སྒྲུབ་བྱེད་མང་དུ་བསྟན་ནས་འཕགས་པའི་དགོངས་པ་ཐལ་འགྱུར་དུ་འགྲེལ་བའི་ཐལ་འགྱུར་བའི་ཤིང་རྟའི་སྲོལ་ཕྱེ། ཞེས་གསུངས་པ་ལྟར་རོ།།

དེས་ན་སྤྱིར་ཐལ་རང་གི་སློབ་དཔོན་ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པ་གཉིས་འཇོག་པ་ཡོངས་སུ་གྲགས་ཀྱང་། ཐོག་མར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་དུ་འགྲེལ་བའི་སྲོལ་ཙམ་ཞིག་བཏོད། ཡང་དེ་ནས་དཔལ་ལྡན་ཟླ་བ་གྲགས་པས་དེའི་སྐྱོན་སྤོང་དང་། ལེགས་ལྡན་འབྱེད་ཀྱི་ལུགས་དེར་དགག་པ་མཛད་དེ་ཐལ་འགྱུར་གྱི་ལུགས་དེ་ཤིན་ཏུ་གསལ་བར་མཛད་དོ། །ཞེས་མཁས་དབང་ལ་ལས་དབུ་མ་ཐལ་འགྱུར་བའི་ཐོག་མའི་སྲོལ་དེ་ནས་བྱུང་བ་ཡིན་ཞེས་བརྗོད་པའང་ཐུགས་མད་དོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  པཎ་ཆེན་ཆོས་ཀྱི་ཉི་མའི་གསུང་འབུམ། ༼ཁ༽ བཀྲས་ལྷུན་པར་མ། དཔེ་རིང་། ཤོག་ ༡ན༡ ནས་ ༤ན༣ བར།

[2]  གངས་ལྗོངས་རིག་བཅུའི་སྙིང་བཅུད་ཆེན་མོ། ༼༥༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༡༢༣༤

[3]  ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ། ༼༡༨༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༦༦

[4]  དབྱངས་ཅན་དགའ་བློའི་གསུང་འབུམ། ༼༡༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༤༦༥

[5]  གམ་བཅར་ཕན་བདེ་ལེགས་བཤད་གླིང་གི་ཤེས་ཡོན་ལྷན་ཚོགས་ནས་གསོལ་འདེབས་ཞུས་པ་ལྟར། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ལྕགས་བྱི་ཟླ་ ༡༠ ཚེས་ ༩ ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༣ ཉིན་སྦྱར་བའོ།།

[6]  ཐུའུ་བཀྭན་གྲུབ་མཐའ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༢༤

[7]  ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུ་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༦༡

[8]  དེབ་སྔོན་གསར་མ། སྨད་ཆ། གངས་ལྗོངས་ནང་རིག་མཐུན་ཚོགས། ༢༠༠༧ ལོ། ཤོག་གྲངས་ ༣༦༨

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༣༧ ནས་ ༢༤༢ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *