ཇ༽ སངས་རྒྱས་བསྐྱངས་ཀྱི་སྐུ་ཚེ་སྟོད་ཀྱི་རྣམ་ཐར།
དེ་ཡང་སློབ་དཔོན་སངས་རྒྱས་བསྐྱངས་དང་། དཔལ་ལྡན་ཟླ་བ་གྲགས་པ། རྒྱལ་སྲས་ཞི་བ་ལྷ་གསུམ་ལ་དབུ་མའི་སློབ་དཔོན་གསུམ་ཞེས་གྲགས་པའི་ཡ་གྱལ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་རྣམ་ཐར་ནི། ཇོ་ནང་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[1]། སློབ་དཔོན་སངས་རྒྱས་བསྐྱངས་ནི། རྒྱ་གར་ལྷོ་ཕྱོགས་[2]ཏམྦ་ལའི་ཡུལ་གྱི་བྱེ་བྲག་ངང་པས་རྩེ་བ་ཞེས་བྱ་བར་འཁྲུངས།
ཡུལ་དེ་ཉིད་དུ་རབ་ཏུ་བྱུང་ཞིང་མང་དུ་ཐོས་པར་མཛད་པ་ཞིག་སློབ་དཔོན་ཀླུའི་བཤེས་གཉེན་གྱི་སློབ་མ། སློབ་དཔོན་དགེ་འདུན་སྲུང་བ་ལས་སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་ལུགས་རྣམས་ཐོས་པར་བྱས་ནས། རྩེ་གཅིག་ཏུ་བསྒོམས་པས་ཡེ་ཤེས་མཆོག་བརྙེས། འཕགས་པ་འཇམ་དཔལ་གྱི་ཞལ་གཟིགས་ཤིང༌། ལྷོ་ཕྱོགས་ཀྱི་གཙུག་ལག་ཁང་དཎྜ་པུ་རི་[3]ཞེས་བྱ་བར་བཞུགས་ནས་ཆོས་ཀྱང་མང་དུ་བསྟན། འཕགས་པ་ཡབ་སྲས་དང༌། སློབ་དཔོན་དཔའ་བོ་ལ་སོགས་པས་མཛད་པའི་བསྟན་བཅོས་མང་པོ་ལ་རྣམ་བཤད་མཛད། མཐར་རི་ལུའི་དངོས་གྲུབ་བསྒྲུབས་པས་གྲུབ་བོ། །ཞེས་གསུངས་པ་ལྟར། མགོན་པོ་ཀླུ་སྒྲུབ་ཀྱི་སློབ་མ་ཀླུའི་བྱང་ཆུབ་དང་། ཀླུའི་བཤེས་གཉེན་ཡིན་ལ་དེའི་སློབ་མ་སློབ་དཔོན་དགེ་འདུན་སྲུང་བ་དེའི་དངོས་སློབ་སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་སོགས་ཡིན་པར་གྲགས་པས། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་སློབ་དཔོན་དགེ་འདུན་སྲུང་བ་ལས་ཀླུ་སྒྲུབ་ཀྱི་གཞུང་དང་མན་ངག་ཀུན་གསན་བཞེས་མཛད་ཅིང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཚིག་གི་སྤྲོས་པ་མེད་ལ། དོན་གྱི་ཆ་ལ་ལེགས་བཤད་རྨད་དུ་བྱུང་བ་བུདྡྷཿཔཱ་ལི་ཏ་མཛད་དེ་དབུ་མ་རྩ་བ་ཤེས་རབ་ལས་གསུངས་པའི་རིགས་པ་རྣམས་དབུ་མ་ཐལ་འགྱུར་བའི་ལུགས་སུ་བཀྲལ་བས། རྒྱ་གར་འཕགས་ཡུལ་གྱི་དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་སྨྲ་བའི་སློབ་དཔོན་ཆེན་པོ་ཞིག་ཏུ་གྱུར། གཞན་ཡང་མདོ་རྒྱུད་ཀྱི་བསྟན་བཅོས་མང་དུ་མཛད་དེ་བསྟན་དང་འགྲོ་བའི་དོན་ལ་བྱ་བ་སྣ་མང་བྱས་ཤིང༌། གཞན་དོན་གྱི་མཛད་བཟང་ཁོ་ནས་དུས་འདས་ཏེ་མཐར་སྐུ་མྱ་ངན་ལས་འདས་པར་གསུངས་སོ།།
དེ་བཞིན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[4]། སློབ་དཔོན་སངས་རྒྱས་བསྐྱངས་ནི། ལྷོ་ཕྱོགས་ཏམྦ་ལའི་ཡུལ་གྱི་བྱེ་བྲག་ངང་པས་རྩེ་བ་ཞེས་བྱ་བར་སྐུ་འཁྲུངས། རྒྱལ་བའི་བསྟན་པ་ལ་ཞུགས་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སྦྱངས་པས་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན། འཕགས་པ་ཀླུ་སྒྲུབ་ཀྱི་ཞབས་ལ་བསྙེན་ཏེ་ (ཆོས་འབྱུང་ཀུན་གསལ་མེ་ལོང་ལས། ཀླུ་སྒྲུབ་དང་། ཀླུ་བཤེས་ཀྱི་སློབ་མ་དགེ་འདུན་སྲུང་སོགས་ལས་) མདོ་སྔགས་ཀྱི་མན་ངག་རྣམས་གསན། སྒྲུབ་པ་ལྷུར་མཛད་པས་རྗེ་བཙུན་འཇམ་པའི་དབྱངས་དངོས་སུ་གྲུབ་ཅིང་། ལམ་རིམ་གྱིས་བགྲོད་དེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ནས་བསྟན་པའི་དོན་དུ་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་ཟབ་མཐར་ཐུག་པ་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་རིགས་པའི་རྣམ་འགྱུར་བརྒྱ་ཕྲག་མང་པོས་གསལ་བར་བྱེད་པ་དབུ་མ་རྩ་ཤེའི་འགྲེལ་པ་མཛད་དེ། དེ་ལ་ནི་རྩ་ཤེའི་འགྲེལ་པ་བུདྡྷ་པཱ་ལི་ཏ་ཞེས་ཡོངས་སུ་གྲགས་ཏེ། རྩ་ཤེའི་འགྲེལ་པ་ཇི་སྙེད་མཆིས་པ་ཐམས་ཅད་ཀྱི་ནང་ནས་རྒྱལ་མཚན་གྱི་ཏོག་ལྟར་ཆེས་ཁྱད་པར་དུ་འཕགས་པ་ཞིག་ཡིན་པར་སློབ་དཔོན་ཟླ་བ་གྲགས་པ་དང་། རྗེ་བདག་ཉིད་ཆེན་པོས་རྒྱ་ཆེར་བསྔགས་པ་མཛད་དོ། །ཞེས་གསུངས་སོ།།
དེ་ལྟར་རྗེ་བཙུན་ཏཱ་ར་ནཱ་ཐས་སློབ་དཔོན་ཀླུའི་བཤེས་གཉེན་དང་། སློབ་དཔོན་དགེ་འདུན་སྲུང་བ་ལས་སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་ལུགས་རྣམས་ཐོས་པར་བྱས་ནས། རྩེ་གཅིག་ཏུ་བསྒོམས་པས་ཡེ་ཤེས་མཆོག་བརྙེས་པར་གསུངས་ལ། དེ་བཞིན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས། འཕགས་པ་ཀླུ་སྒྲུབ་ཀྱི་ཞབས་ལ་བསྙེན་ཏེ་མདོ་སྔགས་ཀྱི་མན་ངག་རྣམས་གསན། ཞེས་གསུངས་པ་ལྟར་ལོ་རྒྱུས་ཀྱི་བབས་དང་བསྟུན་ན་ལམ་རིམ་བླ་བརྒྱུད་རྣམ་ཐར་དུ་གསལ་བ་བཞིན་འཐད་པར་སྣང་ངོ་།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༧༠
[2] རྒྱ་ནག་རང་གི་ཡིག་ཆའི་ནང་སངས་རྒྱས་བསྐྱངས་རྒྱ་གར་བྱང་ཕྱོགས་སུ་ཀསྨིར་ཏེ་ཁ་ཆེའི་ཡུལ་དུ་འཁྲུངས་པར་གསལ་ཡོད་འདུག
[3] དཎྜ་པུ་རི་ (Dantapuri) ནི། རྩ་ག་ལ་རཱ་ཛ་ཞེས་བྱ་བ་རྒྱལ་པོ་ཞིག་གིས་ཧ་རི་པུཉུར་གྲོང་ཁྱེར་དང་ལྷ་ཁང་རྣམས་འཇོམས་པའི་ཕྱིར་དམག་འདྲེན་པར་བརྩམས་པ་ན། ནག་པོ་ཆེན་པོའི་ཕྱག་མཚན་རྩེ་གསུམ་འཕངས་པ་ཟླ་བ་ཙམ་གྱིས་བགྲོད་དགོས་པའི་ཕ་རོལ་ཡིན་ནའང་། རྒྱལ་པོའི་ཕོ་བྲང་གི་སྟེང་དུ་ཏྲི་ཤུ་ལ་སླེབས་ཏེ་ཕོ་བྲང་ཞིག་གོ །དེ་ལྟར་ནུས་མཐུ་དང་ལྡན་པར་གྲགས། སུ་ཛ་ཏ་ནི་ཡུལ་ཀོ་ལྔ་ཛའི་གཙུག་ལག་ཁང་དཎྜ་པུ་རིའི་མཁན་པོ་སྟེ། རྒྱལ་རིགས་ལས་རབ་ཏུ་བྱུང་བ་ཡིན་ནོ། །ཞེས་ཤཱཀྱ་ཏཀྵི་ཏའི་རྣམ་ཐར་སྐབས་སུ་བྱུང་བ་ལས་གཙུག་ལག་ཁང་འདི་ལོ་རྒྱུས་ཞིབ་པ་མ་རྙེད། (ཏཱ་ར་ནཱ་ཐའི་གསུང་འབུམ། ༼༢༤༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༣༤ ཐོག་གསལ་ལ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་པར་རྒྱལ་ (1618-1685) གྱིས་མཛད་པའི་སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་ལ་འཇུག་པའི་བཤད་སྦྱར་དཎྜིའི་དགོངས་རྒྱན་ལས། (སྙན་ངག་རྩ་འགྲེལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་ ༣༢༤) དཎྜ་པདྨའི་ཡུ་བ་དང༌། དམག་གི་དཔུང་ལ་འཇུག་པས་སྒྲ་སྦྱར་བ། པདྨའི་སྙིང་པོ་ཡུ་བར་བཅས་པའམ། མཛོད་དང་དཔུང་དུ་བཅས་པ། ཞེས་སོགས་བྱུང་བ་ལྟར། དཎྜ་ཞེས་པ་པདྨའི་ཡུ་བ་དང་། པུ་རཱི་གྲོང་ལ་འཇུག་པས་པདྨའི་ཡུ་བའི་གྲོང་གི་གཙུག་ལག་ཁང་གི་དོན་མིན་ནམ་སྙམ་ལ། འདུལ་བ་རྣམ་པར་འབྱེད་པ་ལས། (བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཅ༽ དེབ་ཨང་། ༥ པ། ༢༠༠༩ ལོ། ཤོག་གྲངས་ ༤༧༦) གཞན་ཡང་སྤྲིན་ཡང་ཡོད། གློག་ཀྱང་འབྱུང་། སྤྲིན་ལས་འབྲུག་ཀྱང་གྲག །ཕྱོགས་བཞི་ནས་རླུང་བསིལ་བ་དག་ཀྱང་ལྡང་། ལྟས་མཁན་དག་ཀྱང་ལྷས་ཆར་འབེབས་པར་འགྱུར་རོ་ཞེས་སྟོན་མོད་ཀྱི། འོན་ཀྱང་ནམ་མཁའ་ལ་མི་མཉམ་པའི་རླུང་དག་ལྡང་ཞིང་དེས་ཆར་པ་དེ་དཎྜ་ཀའི་དགོན་པ་དག་དང་། ཀ་ལིང་ཀའི་དགོན་པ་དག་དང་། མ་ཏང་ཀའི་དགོན་པ་དག་ཏུ་འབེབས་པར་བྱེད། ཅེས་གསལ་བའི་དཎྜ་ཀའི་དགོན་པ་ཡིན་དང་། ཕྱིས་སུ་ཕྱག་བཏབ་པའི་དགོན་པ་གང་ཡིན་གྱི་ལོ་རྒྱུས་ཞིབ་གསལ་གྱི་དཔྱད་གཞི་ཤིན་ཏུ་དཀོན་ནོ།།
[4] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༢༨
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༩༡ ནས་ ༡༩༤ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།