༢༽ ཀརྞ་རི་པ་དང་ཨཱརྱ་དེ་ཝ་གཅིག་མིན།
དེ་ཡང་། རྫོགས་ཆེན་མཁན་ཆེན་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོས་ (1899-1959) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ཨུ་དུམ་ཝ་རའི་ཆུན་འཕྱང་ལས[1]།
བློ་གྲོས་དྲི་མེད་ཤེལ་གྱི་མེ་ལོང་དུ། །མཐའ་ཡས་ཆོས་ཚུལ་མ་འདྲེས་ཡོངས་བཀོད་དེ། །
སྒྲུབ་དང་སུན་འབྱིན་རིགས་པའི་མཚོན་རྣོན་པོས། །ཕས་རྒོལ་མཐར་བྱེད་ཨཱརྱ་དེ་ཝ་རྒྱལ། །
ཞེས་བསྟོད་ཕྱག་མཛད་པ་ལྟར། ཀརྞ་རི་པ་དང་གྲུབ་ཆེན་བརྒྱད་ཅུའི་བཅོ་བརྒྱད་པ་ཀརྞ་རི་པ་གཉིས་ཐ་དད་ཡིན། ཕྱི་མ་ནི་སློབ་དཔོན་ཨཱརྱ་དེ་ཝ་ཡིན་ནོ། །འོན་ཀྱང་རྗེ་བཙུན་ཏཱ་ར་ནཱ་ཐས་ནི་ཀརྞ་རི་པ་ཨཱརྱ་དེ་ཝའི་མཚན་དུ་འདོད་པ་ལ་ཟེར་སྒྲ་འཕངས་གནང་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་གྲུབ་ཆེན་བརྒྱད་ཅུའི་ཀརྞ་རི་པའི་རྣམ་ཐར་དུ་ཆུ་རྫ་མ་གང་གི་ནང་དུ་རང་གི་དྲི་ཆུ་བཏང་ནས་ཤིང་བུས་དཀྲུགས་པའི་བཅུད་ལེན་གྱི་མཛད་པ་དེ། གྲུབ་ཐོབ་ཤིང་ཁ་བ་སྟེ་རྭ་ཅན་པའི་རྣམ་ཐར་དང་སྦྱར་ཡོད་ཚུལ་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་[2]གྱི་སྔོན་གླེང་དུ་གསལ།
དེ་བཞིན་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་ལས[3]། བདུན་པ་ཐོར་བུ་སྣ་ཚོགས་ཀྱི་བཀའ་བབས་བརྒྱུད་པ་ལ་གཙོ་བོ་རྣལ་འབྱོར་ཕོ་མོ་བཅུ་བཞི་བྱོན་པའི་བདུན་པ། དེ་ (ཀརྞ་རི་པ་) ནི་ཡུལ་མེ་བ་རའི་རྒྱལ་པོ་ཡིན། འདིའི་བཙུན་མོ་པིང་ག་ལཱ་ཞེས་བྱ་བ་ཞིག་ཡོད་པ་སླེབས་ནས་ལོ་འགའ་སོང་བ་ན་རྒྱལ་པོ་ལ་ཤིན་ཏུ་སྙིང་ཉེ་བ་ཡིན་ཡང་། རྒྱལ་པོས་བརྟག་པའི་ཕྱིར་རང་ཉིད་སྐྱེད་མོས་ཚལ་དུ་སོང་། སྟག་གིས་ཟོས་སོ་ཞེས་ཤི་བརྫུས་བྱས་པས། སྡུག་བསྔལ་གྱིས་དེ་མ་ཐག་བཙུན་མོ་པི་ག་ལཱ་ཤི་ནས་ལུས་དུར་ཁྲོད་དུ་བསྐྱལ། རྒྱལ་པོ་ཡང་གྲོང་ཁྱེར་དུ་མི་འགྲོ་བར་དུར་ཁྲོད་དེ་ཉིད་དུ་བཙུན་མོ་ཤི་བའི་རོའི་དྲུང་དུ་ཧཱ་ཧ་བ་པིང་ག་ལཱ་ཞེས་ཟེར་ཞིང་འདུག་གོ།
དེ་ལྟར་ལོ་བརྒྱད་ཐལ་ཡང་སྐད། བཅུ་གཉིས་ཐལ་ཡང་ཟེར་ཏེ། དེར་གྲུབ་ཐོབ་གཽ་རཀྵ་བྱོན་ཏེ། རྫའི་ཆུ་སྣོད་ཌེ་པི་གཅིག་ལག་ནས་ལྷུངས་མ་ཐབས་སུ་བྱས་ནས་བཅག་སྟེ། དེའི་མྱ་ངན་བྱེད་ཅིང་ཧཱ་ཧ་བ་ཌེ་པི་ཞེས་ཟེར་ཞིང་བསྡད་པས། རྒྱལ་པོ་ན་རེ། རྣལ་འབྱོར་པ་བླུན་པོ་ཆུ་སྣོད་ཆག་པ་ལ་ཅིའི་ཕྱིར་མྱ་ངན་བྱེད། གཞན་ཞིག་བཅོས་པས་ཆོག་མོད་བྱས་པས། སློབ་དཔོན་ན་རེ། འོ་ན་ཁྱེད་ཉིད་བླུན་གྱི། ངའི་ཆུ་སྣོད་ཆག་པ་ད་ལྟར་ཤུལ་ཡོད་ལ། ཁྱོད་ཀྱི་པིང་ག་ལཱ་ནི་ད་ལྟར་རྡུལ་ཙམ་དུ་སོང་སྟེ་མི་སྣང་ན། ད་དུང་ཁྱོད་ཉིད་མྱ་ངན་བྱེད་པས་སོ། །དེར་སློབ་དཔོན་གྲུབ་ཐོབ་གཽ་རཀྵར་ཤེས་ནས་རྗེས་སུ་གཟུང་བར་ཞུས་པས། རྒྱལ་སྲིད་སྤོངས་གསུངས། དེས་ཀྱང་རྒྱལ་སྲིད་སྤངས་ནས་ཕྱི་བཞིན་དུ་འབྲངས། ལན་ཅིག་གི་ཚེ་སློབ་དཔོན་ཤ་ཆང་ལ་དགའ་བ་ལྟར་མཛད་པས། དེས་གྲོང་ཁྱེར་དུ་ཤ་ཆང་ཉོ་བར་སོང་བ་ན། བུད་མེད་ཅིག་གིས་ཕག་གི་ཤ་དྲུག་དང་། ཆང་གི་བུམ་པ་དྲུག་བསྒྲིགས་ཏེ། རིན་དུ་ཁྱོད་ཀྱི་མིག་གཡས་པ་སྦྱིན་ན་འཚོང་གི་གཞན་ཟོང་རྣམས་མི་དགོས་ཟེར། དེར་སློབ་དཔོན་ལ་མཆོད་པའི་དོད་དུ་མིག་གཡས་པ་ཚམ་ཚོམ་མེད་པར་བཏོན་ཏེ་འབྱིན་ནོ།།
དེ་ནས་ཤ་ཆང་དེ་རྣམས་སློབ་དཔོན་གྱི་དྲུང་དུ་ཕུལ་བས། ཁྱོད་ཀྱི་མིག་གཡས་པ་གང་དུ་སོང་གསུངས། སློབ་དཔོན་ལ་མཆོད་པའི་དོད་དུ་འདི་རྣམས་ལ་བཙོངས་པ་ཡིན་བྱས་པས། ཁྱོད་ཀྱི་དེ་བདེན་ན་མིག་གཡོན་པ་ཡང་ང་ལ་བྱིན་གསུངས་པ་ལས། གཡོན་པ་ཡང་ཕྱུང་སྟེ་ཕུལ་ལོ། །དེར་སློབ་དཔོན་མཉེས་ཏེ་བྱིན་གྱིས་བརླབས་པ་ལོ་གསུམ་ནས་མིག་གཉིས་ཀྱང་སྔོན་བཞིན་དུ་གྱུར། དེ་རྗེས་ལོ་གསུམ་ན་གྲུབ་ཐོབ་ཆེན་པོར་གྱུར་ཏོ། །འདི་ལ་བེ་ར་ག་ནཱ་ཐ་ཞེས་ཀྱང་ཟེར། དེའི་སློབ་མ་ནི་ནཱ་གོ་པ་སྟེ་བོད་སྐད་གཅེར་བུ་པ་ཞེས་བྱ་བ་ཡིན་ནོ། །ད་ལྟའི་ཛོ་གི་མང་པོ་རྒྱལ་པོ་ཀརྣ་རི་པ་དང་། རྒྱལ་པོ་བྷརྠ་རི་གཅིག་པར་འདོད་པ་ཤིན་ཏུ་འཁྲུལ་གསུང་ངོ་། །ཞེས་གསལ་བས་རྣམ་ཐར་གཞན་དང་མི་འདྲ་བ་ལགས་ན། གྲུབ་ཐོབ་ཀརྞ་རི་པ་འདི་ཉིད་སློབ་དཔོན་ཨཱརྱ་དེ་ཝ་ཡིན་མིན་དཔྱད་དགོས་པར་སྣང་ལ། དཔྱད་གཞིར་བསམས་ནས་འདིར་ཆབས་ཅིག་ཏུ་བཀོད་ཅིང་། གྲུབ་ཐོབ་ཀྱི་མཚན་ཀ་ན་རི་པ་དང་། ཀརྣ་རི་པ། ཀརྞ་རུ་པ་སོགས་དག་ཆ་འབྲི་ཚུལ་སྣ་ཚོགས་ཤིག་ཀྱང་སྣང་ངོ་།།

གཞན་ཡང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[4]། དེ་ནས་སློབ་དཔོན་འཕགས་པ་ལྷ་དཔལ་ནཱ་ལེནྡྲར་ཡུན་རིང་བཞུགས་ཤིང༌། མཐར་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་གཤེགས་ནས་བསྟན་འགྲོར་སྨན་པའི་མཛད་བཟང་ནམ་མཁའ་དང་མཉམ་པ་བསྐྱངས་མཐར། ཡུལ་ཀཉྩི་དང་ཉེ་བའི་རཱ་ག་ནཱ་ཐ་ཞེས་བྱ་བར་སྒྲ་གཅན་བཟང་པོ་ལ། སྙིང་པོའི་དོན་གྱི་རྒྱལ་བའི་བསྟན་པ་གཏད་ནས་གདུལ་བྱ་རྟག་འཛིན་ཅན་རྣམས་དམ་པའི་ཆོས་ལ་བསྐུལ་ཕྱིར་སྐུ་མྱ་ངན་ལས་འདས་པའི་ཚུལ་གྱིས་མཐའ་མའི་མཛད་པ་བསྟན་པར་གྲགས་ལ། སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་སུམ་པ་ཆོས་འབྱུང་ལས[5]། གསུམ་པ་ཚོགས་འཁོར་གཅིག་ཏུ་འདུས་པར་གྲགས་པའི་གྲུབ་ཆེན་གྱ་བཞིར་གྲགས་པས་གྲུབ་པ་ཐོབ་ཚུལ་མགོ་སྨོས་ཙམ་བྱེད་པ་ནི། ས་ར་ཧའམ་བྲམ་ཟེ་དགྲ་གཅན་འཛིན་ཆེ་བ་དང་། དེའི་སློབ་མ་ན་གཱ་རྫུ་ན་དང་། དེའི་སློབ་མ་ཨཱརྱ་དེ་ཝ་སྟེ་ཀརྞ་རི་པ་ (འཕགས་པ་ལྷ།) དང་གཅིག་ཟེར་ཞེས་ཀྱང་བྱུང་ངོ་།།
དེ་བཞིན་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས་[6]ཀྱང་། སློབ་དཔོན་ཀླུ་སྒྲུབ་རྒྱལ་པོ་བདེ་བྱེད་ཀྱི་ས་ནས་དཔལ་གྱི་རིར་གཤེགས་པ་དང་ཉེ་བའི་ཚེ་མཇལ་ཏེ་དཔལ་གྱི་རིར་སློབ་དཔོན་གྱི་ཞབས་པད་བསྟེན་ཞིང་བཅུད་ལེན་ལ་སོགས་པའི་དངོས་གྲུབ་མང་པོ་ཐོབ་པར་མཛད་ནས་མཐར་སྙིང་པོའི་དོན་གྱི་བསྟན་པའང་གཏད་དོ། །སློབ་དཔོན་ཀླུ་སྒྲུབ་སྐུ་འདས་པའི་འོག་རོལ་ཏུ་དེ་དང་ཉེ་བའི་ལྷོ་ཕྱོགས་ཀྱི་རྒྱུད་རྣམས་སུ་སློབ་མ་དང་ཉན་བཤད་ལ་སོགས་པས་སེམས་ཅན་གྱི་དོན་མཛད་ཅིང༌། རིའི་ལྷ་དང་ཤིང་གི་ལྷ་ལ་སོགས་པ་ལས་ཡོ་བྱད་བླངས་ནས། གཙུག་ལག་ཁང་ཉི་ཤུ་རྩ་བཞི་བཞེངས། གནོད་སྦྱིན་མོ་སྐལ་བ་བཟང་མོས་འཚོ་བ་སྦྱར་ཏེ་དེ་ཐམས་ཅད་དུ་ཐེག་པ་ཆེན་པོའི་ཆོས་གཞི་རེ་བཙུགས་སོ། །ཞེས་དང་། ཡང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས་[7]ཀྱང་། དེ་ནས་སློབ་དཔོན་ཨཱརྱ་དེ་ཝས་ན་ལེནྡྲར་ཡང་ཡུན་རིང་དུ་བཞུགས་ཤིང༌། མཐར་ཡང་ལྷོ་ཕྱོགས་ཀྱི་རྒྱུད་དུ་གཤེགས་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་དེ་ཡུལ་ཀཉྩི་དང་ཉེ་བའི་རཾ་ག་ནཱ་ཐ་ཞེས་བྱ་བར་སྒྲ་གཅན་འཛིན་བཟང་པོ་ལ་སྙིང་པོའི་དོན་གྱི་བསྟན་པ་གཏད་ནས་སྐུ་འདས་སོ། །ཞེས་གསུངས་པ་ལྟར་རོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོའི་གསུང་འབུམ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་ ༢༡༠
[2] བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ལོ། ཤོག་གྲངས་ ༢༣
[3] བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ལོ། ཤོག་གྲངས་ ༡༣༧
[4] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༡༩༩
[5] ཆོས་འབྱུང་དཔག་བསམ་ལྗོན་བཟང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༢༣༩
[6] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༠༩
[7] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༡༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༡༥ ནས་ ༡༡༩ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།