མ༽ རྒྱ་གར་མཁས་པས་མཛད་པའི་སྐུ་ཚེ་སྨད་ཀྱི་རྣམ་ཐར།
༡༽ ཀླུ་སྒྲུབ་མཇལ་ནས་སྒྲུབ་ལ་གཞོལ་ཚུལ།
དེ་ཡང་། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོགས་པའི་སྙིང་པོ་སློབ་དཔོན་དཔའ་བོ་འོད་གསལ་གྱིས་ཕྱོགས་གཅིག་ཏུ་བསྡུས་པའི་སློབ་དཔོན་ཀ་ན་རི་པའི་ (ཨཱརྱ་དེ་ཝ།) རྟོགས་བརྗོད་ལས[1]།
དུས་གསུམ་སངས་རྒྱས་ཐམས་ཅད་ངོ་བོ་གཅིག །དེ་ནི་རྟོགས་ན་རང་བཞིན་རང་གི་སེམས། །
རྟོགས་པར་འདོད་ན་མ་བཅོས་ཇི་བཞིན་ཞོག །གོམས་པར་བྱས་ན་རྣལ་འབྱོར་མངོན་དུ་འགྱུར། །
ཞེས་གསུངས་པ་ལྟར། སློབ་དཔོན་ཨཱརྱ་དེ་ཝའི་སྐུ་ཚེ་སྨད་དུ་ལྷོ་ཕྱོགས་སུ་ཕེབས་ཏེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཞལ་མཇལ་བ་དང་། ཉམས་རྟོགས་གོང་དུ་འཕེལ་ཏེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པས་ཤིང་ལྷས་བསྙེན་བཀུར་ཞུས་ཚུལ་སོགས་ནི། སློབ་དཔོན་ཨ་བྷ་ཡཱ་ཀ་རས་མཛད་པའི་ཨཱརྱ་དེ་ཝའི་རྣམ་ཐར་ལས[2]། དེ་ཡང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་རབ་ཏུ་བྱུང་བ་ཐམས་ཅད་ཀྱི་མཁན་པོ་མཛད་དེ། མཁན་བུ་འབུམ་ཡོད་པ་ལས། རང་ཉིད་ཀྱིས་སློབ་དཔོན་མང་པོ་ལ་གདམས་ངག་ཞུས་ཀྱང་རྟོགས་པ་མ་སྐྱེས་པ་དང་། ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་ན། སློབ་དཔོན་འཕགས་པ་ཀླུ་སྒྲུབ་བཞུགས་པའི་གཏམ་ཐོས་ནས་དད་པ་དང་མོས་པ་ཁྱད་པར་ཅན་སྐྱེས་ཏེ། ལམ་དུ་ཞུགས་ནས་ཕྱིན་པས། རྒྱ་མཚོ་ཆེན་པོའི་འགྲམ་དུ་བྱོན་པ་དང་། དེ་ན་འཕགས་པ་འཇམ་དཔལ་རྒྱ་མཚོའི་འགྲམ་ན་ཉ་པ་ཞིག་ཏུ་སྤྲུལ་ནས་བཞུགས་པ་མཐོང་ནས། དེ་ལ་ཕྱག་དང་མཎྜལ་ཕུལ་ནས། བདག་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་ན་འཕགས་པ་ཀླུ་སྒྲུབ་བཞུགས་པའི་སར་འགྲོ་བ་ལགས་པས། ལམ་བསྟན་དུ་གསོལ་ཞེས་ཞུས་པས། དེ་ན་རེ། ཕ་ཀི་ན་ནགས་ཚལ་འཐིབས་པོའི་ནང་ན་བཅུད་ལེན་སྒྲུབ་ཅིང་བཞུགས་སོ་ཞེས་ལུང་བསྟན་པ་དང་། དེ་ནས་དེར་ཕྱིན་པ་དང་། སློབ་དཔོན་ཀླུ་སྒྲུབ་བཅུད་ལེན་གྱི་རྫས་བསགས་ཏེ་སྦྱོར་ཞིང་འདུག་པ་མཐོང་ནས་ཕྱག་བྱས། གསོལ་བ་བཏབ་སྟེ་རྗེས་སུ་བཟུང་བར་ཞུས་པས། དཔལ་གསང་བ་འདུས་པའི་དབང་བསྐུར་གདམས་ངག་གནང་ནས་སློབ་དཔོན་སྒྲུབ་པ་མཛད་པའི་སར་བཞུགས་ནས་ནགས་དེ་དང་ཧ་ཅང་ཐག་མི་རིང་བ་གཅིག་ན་གྲོང་ཁྱེར་གཅིག་འདུག་པ་ལ་བསོད་སྙོམས་མཛད་པས་བསོད་སྙོམས་ཤིན་ཏུ་ཞིམ་པ་རྙེད་དེ། སློབ་དཔོན་གྱིས་ཞིམ་པ་མ་རྙེད་པས་སློབ་དཔོན་གྱིས་སྨྲས་པ། ཁྱོད་ཀྱི་བསོད་སྙོམས་འདི་བུད་མེད་ཀུན་ཆགས་ནས་སྟེར་བ་ཡིན་པས་མི་ཞིམ་པ་ཡིན་ནོ། །ཁྱོད་ཀྱིས་ཟས་ཞིམ་པོ་རྙེད་པ་དེ་མ་ལགས་པས་ཤིང་གི་འདབ་མའི་སྟེང་དུ་མ་ལེན་པར། ཁབ་ཀྱི་རྩེ་མོ་ལ་ཆགས་པ་དེ་ལོངས་གསུངས་ནས་དེ་ལྟར་བྱས་པས་འབྲས་ཆན་རྡོག་པོ་གཅིག་ཆགས་པ་དེ་ཟོས་པ་དང་བཀྲེས་པར་གྱུར།
དེ་ནང་པར་བུད་མེད་རྣམས་ཀྱིས་བག་ཕྱེ་ལ་འཁུར་བ་བྱས་ནས། དེའི་སྟེང་དུ་བཟའ་བ་ཞིམ་པོ་སྣ་ཚོགས་པ་བཞག་སྟེ་ཁབ་ཀྱི་རྩེ་ལ་བཙུགས་ནས་དྲངས་པས། དེ་བླངས་ཏེ་སློབ་དཔོན་ལ་དྲངས་པས། བླ་མའི་ཞལ་ནས། ཁྱོད་ཀྱིས་འདི་ཅི་ཙུག་བསླངས་པ་ཡིན་གསུངས་པས། བདག་གིས་བླ་མའི་གསུང་བཞིན་བསླངས་པ་ལགས་ཞུས་པས། བླ་མའི་ཞལ་ནས་ད་ཁྱོད་གྲོང་ཁྱེར་དུ་མ་འགྲོ་བར་ཁང་པའི་ནང་དུ་སྡོད་གསུངས་ནས་དེས་དེ་བཞིན་བྱས་པས། ཤིང་གི་ལྷ་མོས་ཁང་པའི་ནང་དུ་བཟའ་བ་ཞིམ་པོ་དྲངས་ཏེ་རང་གི་གཟུགས་དངོས་སུ་བསྟན་ནས་ཕྱག་དང་གཏམ་ཡང་སྨྲས་སོ།།
དེ་ཡང་བླངས་ཏེ་བླ་མ་ལ་དྲངས་པས་ཁྱོད་ཀྱིས་འདི་འདྲ་བ་གང་ནས་རྙེད་གསུངས། ཤིང་གི་ལྷ་མོས་དྲངས་སོ་ཞུས་པས། སློབ་དཔོན་ཀླུ་སྒྲུབ་ཀྱིས་བདེན་མི་བདེན་བརྟག་པའི་ཕྱིར། ཤིང་གི་ལྷ་མོ་ཅན་དུ་བྱོན་ནས་བསོད་སྙོམས་བསླངས་པས། ལྷ་མོས་དཔུང་པ་མན་ཆད་ཀྱི་ལག་པ་མཐོང་ནས་དེར་སློབ་དཔོན་གྱིས་ངའི་སློབ་མ་ལ་གཟུགས་དངོས་སུ་སྟོན་ང་ལ་མི་སྟོན་པ་ཅི་ཡིན་བྱས་པས། ཤིང་དེ་ལས་སྒྲ་འདི་ལྟ་བུ་གཅིག་བྱུང་སྟེ། ཁྱེད་ལ་ད་རུང་ཉོན་མོངས་པའི་ཆ་མ་སྤངས་པར་འདུག །སློབ་མས་ཆགས་པ་ཐམས་ཅད་སྤངས་པས་མཐོང་བ་ཡིན་ནོ་ཟེར། དེ་ནས་སློབ་དཔོན་གཉིས་བཀའ་བགྲོས་ཏེ་བཅུད་ལེན་གྱི་སྨན་བསྒྲུབས་ནས་གསོལ། དེ་ནས་ཀ་ན་རི་པའམ་ཀརྞ་རུ་པས་བཅུད་ལེན་གྱི་སྨན་ཤིང་སྐམ་པོ་ཞིག་ལ་བྱུགས་པས་ལོ་མ་སྐྱེས་པ་དང་། སློབ་དཔོན་བཞད་ཅིང་ཁྱོད་ཀྱིས་ངའི་སྨན་ཤིང་ལ་བྱུགས་པས། ད་ངའི་བཅུད་ལེན་ཁྱེར་ལ་ཤོག་གསུངས་པ་དང་། ཀ་ན་རི་པ་ན་རེ་བཞེས་ན་འབུལ་ཟེར་ནས་བཞེངས་ཏེ་ཆུ་རྫ་མ་གང་གི་ནང་དུ་རང་གི་དྲི་ཆུ་བཏང་ནས་ཤིང་གཅིག་གིས་དཀྲུགས་པས་བཅུད་ལེན་གྱི་སྨན་དུ་སོང་བ་དང་། དེ་ཁུར་ནས་སློབ་དཔོན་ཀླུ་སྒྲུབ་ལ་ཕུལ་བར། སློབ་དཔོན་ན་རེ། འདི་མིན་གསུངས་ནས། ཤིང་ལ་གཏོར་བས་འདབ་མ་སྐྱེས་སོ།།

(https://hindi.fansshare.com/community/uploads109/12414/nagarjuna_aryadeva/?d=russian.fansshare.com)
དེ་ཡང་སློབ་དཔོན་གྱིས་སློབ་མ་ལ་རྟོགས་པ་སྐྱེས་སམ་མ་སྐྱེས་བརྟག་པ་ཡིན་ནོ། །དེར་རྟོགས་པ་སྐྱེས་པར་གོ་ནས། ད་ཁྱོད་འཁོར་བར་མ་འདུག་ཅེས་གསུངས་པས། དེ་ཐོས་པ་ཙམ་གྱིས་ཀ་ན་རི་པ་བར་སྣང་ལ་གཤེགས་པ་དང་། སྔར་ནས་སློབ་དཔོན་ལ་བསྙེན་བཀུར་བྱེད་ཅིང་། ཕྱག་ཕྱིར་འབྲངས་པའི་བུ་མོ་ཞིག་ཡོད་པ་དེས་ཕྱིར་འབོད་པ་ལ་སློབ་དཔོན་གྱིས་ཁྱོད་བདག་ལ་ཡུན་རིང་པོར་བསྙེན་བཀུར་བྱས་པ་ཡིན་པས། ཁྱོད་ཅི་འདོད་པ་སྟེར་གསུངས་པས། བུ་མོ་དེ་ན་རེ། བདག་ལ་གཞན་ཅི་ཡང་མི་དགོས། ཁྱེད་ཀྱི་སྤྱན་ལ་ཆགས་ནས་ཕྱིར་འབྲངས་པ་ཡིན་པས། སྤྱན་སྟེར་དགོས་ཟེར་བ་ལ་གཡས་པ་བཏོན་ཏེ་བྱིན་པས་ཕྱོགས་ཐམས་ཅད་མཚན་ཡང་ཨཱརྱ་དེ་ཝ་སྤྱན་གཅིག་པ་ཞེས་གྲགས་ཤིང་། ཨཱརྱ་དེ་ཝ་ཀ་ན་རི་པ་དེ་གདམས་ངག་ཉམས་སུ་བླངས་པས་རྒྱུད་ཡོངས་སུ་གྲོལ་ཏེ། སེམས་ཀྱི་དྲི་མ་ཐམས་ཅད་ཡོངས་སུ་དག་ནས་བླ་མའི་གསུང་ཐོས་པ་ཙམ་གྱིས་བར་སྣང་ལ་ཤིང་ཏཱ་ལ་བདུན་ཙམ་དུ་འཕགས་ནས་འགྲོ་བ་དུ་མ་ལ་ཆོས་བཤད་དེ་བདེན་པ་ལ་བཀོད། རང་གི་བླ་མ་འོག་ན་བཞུགས་པའི་རྐང་པ་ནམ་མཁའ་ལ་བསྟན། ཕྱག་ཐལ་མོ་སྦྱར་ནས་བླ་མ་ལ་ཕྱག་བྱས། ནམ་མཁའ་ལ་འཕགས་པས་ལྷས་མེ་ཏོག་གི་ཆར་ཕབ་སྟེ་དེར་མི་སྣང་བར་གྱུར་ཏོ། །ཞེས་གསལ་ལོ།།
ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[3]། ཨཱརྱ་དེ་བས་བཞི་བརྒྱ་པ་སོགས་བརྩམས་ཏེ་ཀླུ་སྒྲུབ་ལུགས་ཀྱི་དབུ་མའི་སྲོལ་བཟུང༌། ནཱ་ལནྟྲ་དང་ལྷོ་ཕྱོགས་ཀྱི་རྒྱུད་དུ་སེམས་ཅན་མང་པོའི་དོན་མཛད་དེ། མཐར་སྒྲ་གཅན་འཛིན་ཞེས་བྱ་བ་ཞིག་ལ་བསྟན་པ་གཏད་ནས་འདས། ཞེས་གསུངས་པ་ལྟར་རོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ཞི༽ དེབ་ཨང་ ༢༦ པ། ཤོག་གྲངས་ ༡༣༧༦
[2] གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༣༡
[3] ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུ་ཁང་། ༢༠༠༩ ལོ། ཤོག་ ༡༥༡
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༡༡ ནས་ ༡༡༤ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།