བ༽ རྒྱ་ཡིག་ཐོག་འཁོད་པའི་ཨཱརྱ་དེ་ཝའི་རྣམ་ཐར། ༡༽ ཀླུ་སྒྲུབ་མཇལ་ནས་མུ་སྟེགས་པ་ཚར་བཅད་ཚུལ།

བ༽ རྒྱ་ཡིག་ཐོག་འཁོད་པའི་ཨཱརྱ་དེ་ཝའི་རྣམ་ཐར།

༡༽ ཀླུ་སྒྲུབ་མཇལ་ནས་མུ་སྟེགས་པ་ཚར་བཅད་ཚུལ།

 

དེ་ཡང་ཐང་སན་བླ་མས་ (603-664) མཛད་པའི་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་ལས[1]། མཆོད་རྟེན་དེའི་ནུབ་བྱང་གི་མཚམས་སུ་གཙུག་ལག་ཁང་རྙིང་པ་ཞིག་གི་ཤུལ་དུ་མཆོད་རྟེན་ཞིག་ཡོད་པ་ནི། གཎྜིའི་སྒྲ་ཟེར་ཏེ་དེའི་ལོ་རྒྱུས་ནི། སྔོན་གཙུག་ལག་ཁང་བརྒྱ་ལྷག་ཡོད་ཅིང་དགེ་འདུན་སྟོང་ཕྲག་མང་པོ་བསླབ་པ་ལ་མཁས་ཤིང་། སྤྱོད་ལམ་གཙང་བ་མང་པོ་གནས།

ཕྱི་རོལ་པ་ཅི་ཙམ་ཡོད་ཀྱང་གཉོམ་ཆུང་རང་ཚོད་བཟུང་ནས་གནས་ལ་དུས་སྙིགས་མར་སོང་བས། དགེ་སློང་རྒན་པ་རྣམས་འདས་གསར་བུ་པ་རྣམས་འགྲིབ་པས་ནང་པ་རྣམས་ཕྱི་རོལ་པ་ལ་དོ་ཟླར་མི་འགྱུར་པ་ན། རྒྱལ་པོས་ཕྱི་པ་དང་ནང་པ་དག་བསྡུས་ཏེ་ཕན་ཚུན་རྩོད་པ་བྱེད་དུ་བཅུག་པ་ན་རེ་ཞིག་ནང་པ་ཕམ་པ་ལྟར་གྱུར་པས། དེ་ནས་བཟུང་གཙུག་ལག་ཁང་དེ་དག་ཏུ་གནས་པ་རྣམས་དགེ་འདུན་བསྡུ་བའི་བརྡ་ལ་གཎྜི་རྡུང་བ་ལ་ཆད་པ་གཅོད་པར་ཞུས་པས། རྒྱལ་པོས་གནང་སྟེ་གཎྜིའི་སྒྲ་ལོ་བཅུ་གཉིས་ཀྱི་རིང་ཆད། དེ་ནས་དགེ་འདུན་རྣམས་ཡིད་མུག་སྟེ་འདུག་པ། དུས་དེ་ཉིད་དུ་རྒྱ་གར་ལྷོ་ཕྱོགས་སིང་གྷ་ལའི་གླིང་ན་ཨ་རྱ་དེ་བ་དང་། ནཱ་གརྗུན་ཞེས་པའི་པཎྜི་ཏ་མཁས་ཤིང་གྲུབ་པ་བརྙེས་པ་ཞིག་བཞུགས། ནཱ་གརྗུ་ནའི་སློབ་མའི་གཙོ་བོ་ཨརྱ་དེ་བ་སྟེ་འཕགས་པ་ལྷ་ཞེས་པ་སྤངས་རྟོགས་ཀྱི་ཡོན་ཏན་སློབ་དཔོན་དང་མཉམ་པ་ཞིག་ཡོད་པས་རང་གི་སློབ་དཔོན་ལ་ཞུས་པ། ད་ལྟའི་དུས་ན་ཡུལ་དབུས་ཀྱི་དགེ་འདུན་ཐམས་ཅད་ཀྱི་དབང་མུ་སྟེགས་པ་ལ་ཤོར་ནས་ལོ་བཅུ་གཉིས་སོང་ཟེར་བ་ཐོས་པས། བདག་གིས་བརྩད་ནས་ལྟར་སྣང་བཅོམ་ཞིང་ཡང་དག་པ་གཟེངས་བསྟོད་བྱེད་འདོད་ཞུས་པས། སློབ་དཔོན་གྱིས་ཁྱོད་ཀྱིས་ནུས་སམ་ཚོད་བགམ་ཡིས་གསུངས་ནས་སློབ་དཔོན་གྱིས་མུ་སྟེགས་པའི་གྲུབ་མཐའ་བཟུང་། སློབ་མས་ནང་པའི་ཕྱོགས་བཟུང་ནས་བརྩད་པའི་ཚུལ་མཛད་པས་ཞག་བདུན་གྱི་ཐོག་སློབ་དཔོན་ཕམ་པ་ལྟར་གྱུར་པས་སློབ་དཔོན་གྱིས་གནང་སྟེ་བཏང་ངོ་།།

ཨརྱ་དེ་བ་དེ་དུས་གྲགས་པ་ཆེན་པོ་དང་ལྡན་པས་སླེབས་མ་ཐག་སྐྱེ་བོ་འགའ་ཞིག་ནི་དགའ། ལ་ལ་སྡུག་མོད་ཀྱང་དྲིལ་བསྒྲགས་ཏེ་ཕྱི་པ་ནང་པ་ལྷན་དུ་བསྡུས་ཏེ་འཚོགས་པ་ན་རྒྱལ་པོས་མུ་སྟེགས་པ་ལ་དབང་བྱིན་པས་མུ་སྟེགས་པས་གྲོང་ཁྱེར་གྱི་སྒོ་བསྡམ་དུ་བཅུག་སྟེ་རྒྱུ་འགྲུལ་བཅད་པས། འཕགས་པ་ཨརྱ་དེ་བས་གོས་ཚག་བཅོས་ཆོས་གོས་བསྣམས་བཞུགས་ཏེ་གཙུག་ལག་ཁང་ཞིག་ལ་གནས་མལ་མཛད། ནངས་པར་ལངས་ཏེ་གཎྜིའི་ཁང་པར་བཞུགས་ནས་གཎྜི་བླངས་ཏེ་བརྡུང་བར་བརྩམས་པ་ན་དགེ་འདུན་གཉུག་མར་གནས་པས་བཀག་ཀྱང་འཕགས་པས་མ་གསན་ཏེ་གཎྜི་བརྡུངས། ཆོས་རྔ་ཡང་རྒྱ་ཆེར་བརྡུངས་པས། རྒྱལ་པོས་ཐོས་ཏེ་དྲིས་པས་རྒྱུ་མཚན་རིག་ནས་རྒྱལ་པོའི་བཀའ་ཕྱི་ནང་རྩོད་པ་བྱེད་དུ་བཅུག་ཅིང་། གང་ཕམ་དེ་ལྕེབས་པར་བྱའོ་ཞེས་གསུངས་ནས་བརྩད་པས་ཕྱི་རོལ་པ་རྨེག་མེད་དུ་ཕམ་སྟེ་སློབ་དཔོན་རྒྱལ། དེར་རྒྱལ་བློན་སོགས་ནང་པ་ལ་མོས་པ་མཐའ་དག་དགའ་ཞིང་མགུ་ནས། གཙུག་ལག་ཁང་དེ་དག་ཞིག་གསོ་བྱས་པས་མིང་གསར་པ་དེ་ལྟར་ཐོགས་ཤིང་མཆོད་རྟེན་ཡང་བཞེངས། ཞེས་གསལ་བ་ནི་རྒྱ་དཀར་ནག་དང་བོད་བཅས་ཀྱི་འཕགས་པ་ལྷའི་རྣམ་ཐར་བཤད་ཚུལ་ལས་འདི་ནི་རྒྱ་ནག་གི་བཤད་ཚུལ་ཡིན་ཅིང་། ལྷག་པར་ལོ་ཆེན་གཞོན་ནུའི་སྲོག་གི་འགྱུར་བྱང་སེམས་དཔའ་འཕགས་པ་ལྷའི་རྣམ་ཐར་ལྟར་ན། སློབ་དཔོན་འཕགས་པ་ལྷ་ནི་རྒྱ་གར་གྱི་ལྷོ་ཕྱོགས་སུ་བྲམ་ཟེའི་རིགས་སུ་སྐུ་བལྟམས་པར་གསལ་བ་སོགས་གསུང་ཚུལ་མི་འདྲ་བ་ཡང་མཆིས་ལ། རྒྱའི་ཡིག་ཆ་ལྟར་ན་འཕགས་པ་ཡབ་སྲས་གཉིས་རྩོད་པ་མཛད་རྗེས་མུ་སྟེགས་རྟ་དབྱངས་འདུལ་བར་ཕེབས་སའི་གནས་དཔལ་ནཱ་ལེནྡྲ་མིན་པར་ཆོས་རྒྱལ་མྱ་ངན་མེད་ཀྱི་ཡུལ་ཏེ་དེང་སང་པར་ཎར་འབོད་པ་འདི་དང་ས་ཐག་ཉེ་བའི་གཎྜིའི་སྒྲ་ཞེས་འབོད་པའི་དགོན་པར་ཡིན་ཚུལ་གསལ་བ་སོགས་བཞེད་པ་མི་མཐུན་པ་མང་ངོ་།།

 

༢༽ རྨོངས་པ་བཏུལ་ནས་ནང་པར་བཅུག་པ།

 

དེ་ཡང་ཀརྨ་པ་ཆོས་གྲགས་རྒྱ་མཚོས་ (1454-1506) མཛད་པའི་འཕགས་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་དང་གངས་ཅན་བསྟན་པའི་རྒྱན་བཞི་ལ་བསྟོད་པ་ལས[2]།

མངལ་གྱི་དྲི་མ་རིང་དུ་སྤངས། །མདོ་རྒྱུད་ཀུན་གྱི་ཕ་རོལ་སོན། །

མུ་སྟེགས་རྒོལ་བ་བཟློག་མཛད་པ། །ཨཱརྱ་དེ་བའི་ཞབས་ལ་འདུད། །

ཅེས་གསུངས་པ་ལྟར། ཐང་སན་བླ་མས་ (603-664) མཛད་པའི་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་ལས[3]། ཆུ་བོ་ཡ་མུ་ན་ལས་ཤར་དུ་རྒྱང་གྲགས་བརྒྱད་བརྒྱ་ཙམ་སོང་བ་ན། ཆུ་ཀླུང་གངྒཱ་སྟེ་ཞེང་ཁར་ལེ་དབར་བཞི་ལྔ་ཙམ། མཐར་རྒྱ་མཚོར་འབབ་པ་དང་ཉེ་བ་ན་ཞེང་ལ་རྒྱང་གྲགས་བཅུ་ལྷག་པ། མདོག་སྔོ་ཞིང་ནག་པ། རྦ་ཀློང་དང་ཀླུ་རིགས་ཀྱི་ཆོ་འཕྲུལ་ཆེ་ཡང་གནོད་པ་མེད་པ། རོ་མངར་ལ་བསིལ་བ། རྡུལ་དང་མ་འདྲེས་པར་རྒྱུ་བས་ཅུང་ཟད་སྙོམས་པ། གཏམ་རྒྱུད་རྙིང་པ་ན་ཆུ་བོ་འདིར་ལུས་དང་ཡན་ལག་བཀྲུས་པས་སྡིག་སྒྲིབ་འདག་པ་དང་། ལྕེབ་སྟེ་མཆོད་ན་ལྷའི་བདེ་བ་མྱོང་བར་འགྱུར་བའི་སྐྱེ་བ་ལེན་པར་གྲགས་པས་སྐྱེ་བོ་བླུན་རྨོངས་འགའ་གངྒཱར་ལྕེབས་པ་མང་དུ་བྱུང་ངོ་།།

སྔོན་སློབ་དཔོན་ཨརྱ་དེ་བས་རྨོངས་པ་དག་འདུལ་བའི་ཕྱིར་དུ་ས་ཕྱོགས་དེར་ཕེབས། སྙུག་མ་རིང་པོ་ཞིག་གཤགས་ཏེ་ཝ་བྱས་ནས་ཆུ་འགྲོ་བར་མཛད་པས། མུ་སྟེགས་པ་འགས་ཅི་བྱེད་ཟེར། འཕགས་པ་ལྷས་བདག་གི་ཕ་མ་དང་སློབ་དཔོན་སིངྒྷ་གླིང་ན་ཡོད་པས། གངྒཱའི་ཆུ་མི་རྙེད་པས་ཁོ་བོ་རྒྱང་རིང་པོ་འདི་ནས་ཆུ་བླངས་ཏེ་རྫོགས་པ་ཡིན་ཞེས་པས། ཕྱི་རོལ་པས་སྨྲས་པ། བཞིན་བཟང་ཁྱོད་ཆེར་འཁྲུལ་ལམ། སིངྒྷ་ལ་འདི་ནས་དཔག་ཚད་མང་པོ་རི་ཀླུང་ཐང་གྲོང་ཇི་སྙེད་ཀྱི་བར་ཆོད་ལགས་ན། དེར་སླེབས་པར་མི་ནུས་པས་ཕན་ཐོགས་པར་མི་འགྱུར་རོ་ཟེར་བས། སློབ་དཔོན་གྱིས་འོ་ན་ཤི་གསོན་གཉིས་འཇིག་རྟེན་ཐ་དད་པ་ལགས་པ་དགེ་སྡིག་གི་རྣམ་སྨིན་ཡང་དངོས་པོ་རགས་པ་མིན་པས། འདིར་ལྕེབས་ནས་ཤི་བ་འཇིག་རྟེན་ཕ་རོལ་ན་ལྷའི་བདེ་བ་ཇི་ལྟར་འཐོབ་ཅེས་གསུངས་པས། ཕྱི་རོལ་པ་ལན་གྱི་སྤོབས་པ་མེད་པར་གྱུར་ཏེ་རང་གི་གྲུབ་མཐའ་སྤངས་ཏེ་ནང་པའི་གྲུབ་མཐར་ཞུགས། དེ་ནས་ཤར་ཕྱོགས་སུ་གངྒཱ་བརྒལ་བ་ན་མ་ཏི་བྷ་རའི་ཡུལ་ལོ། །ཞེས་ཀྱང་བྱུང་ངོ་།།

གཞན་ཡང་ཐང་སན་ (603-664) ལམ་ཡིག་ལས[4]། ནུབ་ཏུ་གཙུག་ལག་ཁང་ཞིག་ཡོད་པ་ནི། འཕགས་པ་ལྷས་གནས་བརྟན་བསམ་གཏན་འདུལ་བའི་གནས་ཡིན། དེའི་ལོ་རྒྱུས་ནི། དེར་གནས་བརྟན་ཨུཏྣ་ར་སྟེ་བླ་མ་ཞེས་པ་མངོན་ཤེས་ལྔ་དང་རྣམ་ཐར་བརྒྱད་ཐོབ་པ་ཞིག་ཡོད་པ་གནས། འཕགས་པས་བགྲོ་གླེང་མཛད་པར་བཞེད་ནས་ཕེབས་པ་ན། གནས་བརྟན་གྱིས་མཉམ་པར་བཞག་ཅིང་འདུག །གནས་ཆོག་ཤེས་ལ་གོམས་པས་མལ་སྟན་ཁྲིའུ་གཅིག་པུ་ལས་མེད་ལ། སློབ་དཔོན་ཕྱིན་ཏེ་ལོ་མའི་ཕུང་པོ་ཞིག་ཡོད་པ་ལ་བཞུགས་ནས་དོགས་པ་ཐུགས་ལ་ཡོད་པ་དྲིས་པ་ན་ལན་ཅི་ཡང་མ་བྱུང་། དེ་ནས་སློབ་དཔོན་དགའ་ལྡན་དུ་རྫུ་འཕྲུལ་གྱིས་ཕྱིན་ཏེ། བྱམས་པ་ལ་དྲི་བ་དྲིས་ལན་མཛད་ཚུལ་གནས་བརྟན་ལ་གསུངས་པས་ཡིད་ཆེས་སྐྱེས་ཤིང་། བསྐལ་བཟང་གི་སངས་རྒྱས་སྟོང་གི་ནང་ཚན་ཞིག་ཡིན་ཚུལ་གྱི་བསྟོད་བསྔགས་བརྗོད་ནས་སྟན་ལས་ལངས་ཏེ་ནོངས་བཤགས་ཕུལ་ལོ། །ཞེས་བྱུང་ལ། རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་འཛམ་གླིང་རྒྱན་དྲུག་གི་བསྟོད་པ་ཐར་པའི་ཐེམ་སྐས་ལས[5]།

ཟབ་མོའི་དོན་རྟོགས་ཡང་དག་རིགས་པ་ཡིས། །ལོག་ལྟ་ཟློག་ནས་ཡང་དག་ལྟ་བ་ལ། །

ཕ་རོལ་འགོད་མཛད་འཕྲིན་ལས་རྨད་བྱུང་བ། །འཕགས་པ་ལྷ་ཞེས་གྲགས་པ་ལ་ཕྱག་འཚལ། །

ཞེས་དོན་ལྡན་གྱི་བསྟོད་ཕྱག་ཀྱང་མཛད་དོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༩༡

[2]  བཀའ་བརྒྱུད་ཞལ་འདོན་ཕྱོགས་བསྒྲིགས། ཞང་ཀང་ཐེན་མཱ་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༦༡

[3]  ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༡༤

[4]  ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༥༣

[5]  རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༠༦

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༠༥ ནས་ ༡༡༠ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *