པ༽ རྟ་དབྱངས་ལུང་བསྟན་ཅིང་བསྟན་བཅོས་མཛད་ཚུལ།

པ༽ རྟ་དབྱངས་ལུང་བསྟན་ཅིང་བསྟན་བཅོས་མཛད་ཚུལ།

 

དེ་ཡང་ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་སློབ་དཔོན་ཨཱརྱ་དེ་བ་ལ་བསྟོད་པ་འཕགས་པ་དགྱེས་པའི་གླུ་དབྱངས་ལས[1]། གཙུག་ལག་ཕྱུར་བུར་གཏམས་པ་ཡི། །ཁང་བཅུག་སྒོ་ལ་ལྕགས་གཟེར་བཏབ། །སྐྱོ་སྟེ་མདོ་རྒྱུད་མང་བལྟས་པས། །འཇམ་དཔལ་རྩ་བའི་རྒྱུད་ཉིད་ལས། །གཞན་ཡང་རབ་བྱུང་དམ་པ་ནི། །སིང་གྷ་ལ་ཡི་གྲོང་ན་གནས། །འཕགས་པ་མིན་ལ་འཕགས་པའི་མིང་། །

ཕ་རོལ་རྒོལ་བ་བཟློག་ནས་ནི། །མུ་སྟེགས་རྣམས་ཀྱི་སྔགས་སུན་ཕྱུང་། །ཞེས་སོགས་འཕགས་ལྷའི་ལུང་བསྟན་དང་། །དགེ་སློང་མང་དུ་ཐོས་པ་ནི། །དེ་ཡི་ཚེ་ན་འབྱུང་འགྱུར་བ། །མ་ཁོལ་ཞེས་ཀྱང་བྱ་བ་སྟེ། །ང་ཉིད་ཀྱིས་ནི་བསྟོད་བྱེད་པ། །ཞེས་སོགས་རང་ཉིད་ལུང་བསྟན་པའི། །མདོ་སྡེ་ལ་སོགས་མཐོང་བའི་ཚེ། །སྔར་བྱས་ལ་འགྱོད་སངས་རྒྱས་ལ། །ཡང་དག་ཡིད་ཆེས་རྙེད་ནས་ནི། །བདག་ཉིད་འདྲེན་པར་གསོལ་བ་ལ། །རབ་བྱུང་གནང་ལ་གསོལ་བ་འདེབས། །རབ་ཏུ་བྱུང་ནས་སྡེ་སྣོད་སྦྱངས། །ཐུབ་པའི་སྐྱེས་རབས་སོ་བཞི་དང་། །བསྟོད་པ་བརྒྱ་རྩ་ལྔ་བཅུ་པ། །བསྔགས་འོས་བསྔགས་བསྟོད་ལ་སོགས་པས། །སྟོན་པའི་ཡོན་ཏན་ཡང་དག་བསྒྲགས། །དཔའ་བོ་ཞེས་བྱའི་མཁས་པར་གྱུར། །དེ་ཚེ་རྗེས་འབྲང་མུ་སྟེགས་དང་། །ཁྱིམ་པ་སྟོང་ཕྲག་མང་པོ་ཞིག །བསྟན་པའི་སྒོར་བཙུད་རབ་བྱུང་མཛད། །འཆད་རྩོད་རྩོམ་པའི་ཚ་ཟེར་གྱིས། །མཉམ་མེད་བུ་རམ་ཤིང་པ་ཡི། །བསྟན་དར་གཉེན་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1588) མཛད་པའི་མཁས་པའི་དགའ་སྟོན་ལས[2]། དེ་ནས་བཟུང་སྟེ་ཁྲིད་པས་ཁོ་རང་ནི་ནང་པར་མ་ཞུགས་པས། རྒྱལ་པོས་ལྕེ་བཅད་དེ་ལྷ་ཁང་ཞིག་ཏུ་བཙོན་དུ་བཅུག །གཞན་ཐམས་ཅད་ནང་པར་ཞུགས། ཁོས་ལྕེབ་པའི་ཕྱིར་གླེགས་ཐག་བཀྲོལ་པས་ཤོག་གུ་ཞིག་ལྷུང་བ་མི་གཡོ་བའི་ཡི་གེ་བཅུ་པའི་སྒྲུབ་ཐབས་མཐོང་བས་སྔགས་ཐུང་འདི་འདྲ་ལ་ཕན་ཡོན་འདི་འདྲ་གར་འོང་སྙམ་ཚེ་ལྡེར་ཚོ་ཞིག་གིས་ཁྱོད་ད་དུང་སངས་རྒྱས་ཀྱི་བསྟན་པ་ལ་ཡིད་མ་ཆེས་སམ། ཞེས་ཐལ་ལྕག་བསྣུན་པས་བརྒྱལ། སངས་ཙ་ན་མདུན་ན་ཤོག་བུ་འགའ་ཟུང་འདུག་པ་བཀླགས་པས་ཕ་ཁོལ་ལུང་བསྟན་གྱི་མདོ་བྱ་བ་ཁོ་རང་གིས་སྨོན་ལམ་ལོག་པ་དང་ཕྱིས་བསྟན་པའི་གསལ་བྱེད་ཆེན་པོར་འགྱུར་བའི་ལུང་བསྟན་འདུག་སྟེ་ཐེ་ཚོམ་སྐྱེས་ནས་ངེས་པར་སངས་རྒྱས་པ་བདེན་ན་བདག་གི་ལྕེ་སྔར་བཞིན་སོས་པ་དང་མུ་སྟེགས་བདེན་ན་མི་སོས་པར་གྱུར་ཞིག་ཅེས་དམོད་བོར་བས་དེ་ཉིད་དུ་ལྕེ་སྔོན་བཞིན་སོས་པས་དད་པ་རང་དབང་མེད་པར་སྐྱེས་ཏེ།

སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་པའི་ཆོས་ལ་ཕྱག་མཚལ་ལོ། །

དགེ་འདུན་ཆེ་ལ་ཕྱག་ཚལ་ལོ། །གསུམ་ལ་རྟག་ཏུ་བདག་ཕྱག་འཚལ། །

 

ཚོགས་ཆེན་གཉིས་རྫོགས་མཁྱེན་པའི་སྐུ་གསུམ་གྲུབ། །རྣམ་རྟོག་མི་མངའ་ཐམས་ཅད་ས་ལེ་མཁྱེན། །

ཆོས་སྐུ་མཁའ་འདྲ་གཟུགས་སྐུ་མཛེས་སྐུར་ལྡན། །སངས་རྒྱས་དཔག་བསམ་འདྲ་ལ་ཕྱག་འཚལ་ལོ། །

ཆོས་ཉིད་རྒྱུ་མཐུན་གསུང་རབ་བཅུ་གཉིས་དང༌། །ཆོས་ལ་སྐྱེ་འགག་མེད་ཅིང་སྤྲོས་པས་དབེན། །

དེ་ལ་དམིགས་ན་ཡོན་ཏན་ཀུན་འགྲུབ་པ། །ལེགས་རྒྱུ་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །

ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ་པ་དག །གཉེན་པོས་རིམ་པར་བསལ་ནས་སངས་རྒྱས་སར་བཞུགས་པ། །

སེམས་ཅན་དོན་མཛད་སངས་རྒྱས་ཞིང་སྦྱོང་བའི། །འཕགས་པའི་དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །

ཞེས་སོགས་དཀོན་མཆོག་གསུམ་ལ་བསྟོད་པ་ཤུགས་འབྱུང་དུ་བརྩམས། ན་ལེནྡྲ་ཉིད་དུ་མཁན་པོ་ཛེ་ཏ་རི་དགྲ་ལས་རྣམ་རྒྱལ་དང་། སློབ་དཔོན་ནོར་བཟང་ལས་བསྙེན་པར་རྫོགས་ཞེས་གྲགས་པ་ལྟར་ན་ཛེ་ཏ་རི་སྔ་མ་ཞིག་བྱུང་བར་སྣང་ལ། དཀོན་མཆོག་འབངས་སུ་མཚན་བཏགས་དཔལ་གྱི་རིར་ཀླུ་སྒྲུབ་ཡབ་སྲས་ལ་མདོ་སྔགས་ཐམས་ཅད་གསན། ལན་གཅིག་པུས་འཁྱུད་བཅིངས་ཏེ་ཆོས་ཉན་པས་འཕགས་པས་དེ་ལྟ་བུ་མི་རུང་གསུངས་པ་ན་ང་འདྲ་བའི་ང་རྒྱལ་ལ་ཆོས་ཉན་ཡང་མི་ཤེས་པ་སྙམ་སྟེ་ཤིན་ཏུ་ངོ་ཚ་ཞིང་། ང་ཡང་འདི་འདྲ་ན་གཞན་ལྟ་ཅི་སྨོས་སྙམ་ནས་བླ་མ་ལྔ་བཅུ་པ་བརྩམས་པར་གྲགས། བསྟན་པ་ལ་གནོད་པ་བྱས་པའི་བཤགས་པར་བསྟན་བཅོས་མང་དུ་རྩོམས་ཤིག་གསུངས་པས། སངས་རྒྱས་ལ་སྐུར་བ་བཏབ་པའི་གཉེན་པོར་བསྟོད་པ་བརྒྱ་ལྔ་བཅུ་པ་དང་སྐྱེས་རབས། ཆོས་ཀྱི་བཤགས་པར་ཆོས་ཀྱི་སྐུ་ལ་བསྟོད་པ། དགེ་འདུན་གྱི་བཤགས་པར་བླ་མ་ལྔ་བཅུ་པ་དང་རྩ་ལྟུང་གི་སྡོམ། རྒྱུ་འབྲས་སྤངས་པའི་བཤགས་པར་སྨན་དཔྱད་ཡན་ལག་བརྒྱད་པ་ཆེན་པོ། ཡན་ལག་བརྒྱད་པ་ལ་འཇུག་པ། ཡན་ལག་བརྒྱད་པའི་སྙིང་པོ། ཡན་ལག་བརྒྱད་པ་བསྡུས་པ་རྣམས་མཛད། ཁྱད་པར་སྙིང་པོ་བསྡུས་པ་རྩོམ་ཚེ།

ས་གསུམ་དགེ་ལེགས་འབྱུང་བ་ཡི། །དགེ་བའི་ལྟས་ནི་སྣ་ཚོགས་བྱུང༌། །

ཞེས་ཀླུ་ཡུལ་དུ་འོད་སྣ་ཚོགས་ཀྱི་སྤྲིན་ཆགས་པ། དེ་ལས་བདུད་རྩིའི་ཆར་འབབ་པ། ཤིང་འབྲས་དུས་མིན་དུ་སྨིན་པ་སྟེ་གསུམ། ལྷ་ཡུལ་དུ་རྒྱལ་མཚན་གཡོ་བ། དེ་ལས་འོད་འཕྲོ་བ། མེ་ཏོག་གི་ཆར་འབབ་པ་གསུམ། མི་ཡུལ་དུ་ས་གཡོ་བ། ཨུཏྤལའི་ཆར་འབབ་པ། དུག་གི་མེ་ཏོག་རྙིངས་པ། གསེར་གདུགས་རང་བཞིན་གྱིས་འཁོར་བ། དུང་རྣམས་རང་སྒྲ་འབྱིན་པ། ཤིང་གི་བཅད་མཚམས་ནས་འོ་མ་དང་སྦྲང་རྩི་འབྱུང་བ། རྫ་རྔ་ལས་སྔགས་སྒྲ་འབྱུང་བ། དཀོན་མཆོག་རྟེན་རྣམས་མདངས་དང་ལྡན་པ། ནང་པའི་པཎྜི་ཏ་རྣམས་ཀྱིས་ཤིས་པ་བརྗོད་པ་དང་བཅུ་གཉིས་ཏེ་བཅོ་བརྒྱད་བྱུང༌། བྷཾ་ག་ལར་ཙནྡྲ་གོ་མིས་བྱེ་མ་ལས་བཞེངས་པའི་སྒྲོལ་མའི་དྲུང་དུ་བཞུགས་ཚེ་ཙུ་ཏ་རྐང་གཅིག་པའི་ཡུལ་གྱི་མི་གཉིས་བར་དུ་འཕྲུལ་འཁོར་བཅུག་སྟེ་མགྱོགས་པར་འགྲོ་བས་ཁྱེར་ཏེ་ཡུལ་དེར་སླེབས། ཤིང་སྲིན་བུས་ཟོས་པའི་རྗེས་ཡི་གེར་ཡོད་པ་ལ་རྡོར་གཅོད་དང་། སྡུད་པ་ཚང་བར་འདུག་པ་ལ་མཆོད། དེར་གཞན་དོན་མི་ནུས་པས་སྒྲོལ་མ་ལ་གསོལ་བ་བཏབ་པས་མནལ་སད་ཚེ་ཡུལ་དབུས་སུ་བྱོན། ངོ་མཁྱེན་པ་ཐམས་ཅད་འདས་པས་ནགས་སུ་བཞུགས་པའི་ཚེ་སྟག་མོ་ལ་སྐུ་ལུས་བཏང་བས་སྐྱེས་རབས་འཕྲོར་ལུས། མཚན་གྱི་རྣམ་གྲངས་བློ་གྲོས་བཀྲ་བ། ཨ་ཤོ་ཀ་ཅེས་ཀྱང་བྱ་ཞིང༌། དཔལ་ཆེན་དགེ་བ་ནི་ཁྱིམ་ན་བཞུགས་པའི་མཚན་དུ་འདོད་པ་དང་ཡབ་ཀྱི་མཚན་དུ་འདོད་པ་གཉིས་སྣང་ཡང་ཟླ་ཟེར་ལས[3]།

བདག་གི་མེས་པོར་གྱུར་པ་ནི། །དཔལ་ཆེན་དགེ་བ་ཞེས་བྱ་བ། །

དེ་ནི་ད་ལྟའང་ས་གསུམ་ན། །གྲགས་པ་དྲི་མེད་སྒྲོག་པར་བྱེད། །

ཅེས་པ་ལྟར་ན་དངོས་ཀྱི་མཚན་དུ་རིགས་ལ། མུ་སྟེགས་ཀྱི་དུས་རལ་པ་ཅན། སྐྲའི་ལ་བ་ཅན། ནང་པར་གྱུར་ནས་ཆོས་ལྡན་རབ་འབྱོར་དབྱངས། མར་མེ་མཛད། དཔའ་བོ། འབུམ་ཊཱིཀ་མཁན་པོ། དཾ་ཥྚ་ས་ན། བཀོད་མ་འཛིན་པ། བདེ་མཆོག་མི་གཡོ་བ། སྒྲོལ་མ་སྟེ་སློབ་དཔོན་ལྷ་གསུམ་པ་ཞེས་སོགས་མང་དུ་གྲགས་སོ།།

སློབ་དཔོན་ཨཱརྱ་དེ་ཝས་དེ་ལྟ་བུའི་སྟོན་པ་ཆེན་པོ་བཏུལ་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་མཛད། དབུ་མ་བཞི་བརྒྱ་པ་དང་། ལག་པའི་ཚད། གཏན་ཚིགས་གྲུབ་པ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ། སྤྱོད་བསྡུས་སྒྲོན་མེ། བདག་བྱིན་རླབས། སེམས་ཀྱི་སྒྲིབ་སྦྱོང༌། གདན་བཞི་ཡབ་བཀའ་ཡུམ་བཀའི་སྒྲུབ་ཐབས། ཤིང་གཅིག་དཀའ་འགྲེལ་སོགས་མཛད། ཅེས་གསལ་ལ། དེ་བཞིན་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) མཆོག་གིས་མཛད་པའི་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ཀྱི་དོན་འགྲེལ་ཁོག་ཕུབ་ལེགས་པར་བཤད་པ་གསང་འདུས་བསྟན་པ་རྒྱས་པའི་ཉིན་བྱེད་ལས[4]། དེའི་སྲས་ཀྱི་ཐུ་བོ་ཨརྱ་དེ་ཝས། སངས་རྒྱས་པའི་ཐེག་པ་བསམ་པ་ལ་བསླབ་པ་ནས་འབྲས་བུའི་བར་གྱི། དཔལ་གསང་བ་འདུས་པའི་ལམ་རིམ་རྫོགས་པར་སྟོན་ཅིང་། ཁྱད་པར་རྫོགས་རིམ་གཙོ་བོར་གྱུར་པའི་གཞུང་། ལེའུ་བཅུ་གཅིག་གི་བདག་ཉིད་སྤྱོད་བསྡུས་སྒྲོན་མ་ཞེས་བྱ་བ་དང་། དེའི་སེམས་དབེན་ལས་འཕྲོས་ནས་སེམས་ཀྱི་སྒྲིབ་སྦྱོང་། སྒྱུ་ལུས་ལས་འཕྲོས་ནས་བདག་བྱིན་གྱིས་བརླབས་པའི་རིམ་པ་དང་། འོད་གསལ་ལས་འཕྲོས་ནས་མངོན་པར་བྱང་ཆུབ་པའི་རིམ་པ་སྟེ་གཞུང་བཞི་མཛད་དོ། །ཞེས་གསུངས་པ་ལྟར་སྟག་བྲག་པཎྜི་ཏ་ངག་དབང་གསུང་རབ་མཐུ་སྟོབས་ (1874-1952) མཆོག་གིས་མཛད་པའི་གསུང་རྩོམ་རྒྱན་དྲུག་མཆོག་གཉིས་ལ་སྦྱར་རྒྱུ་ལས[5]།

ཕུལ་བྱུང་བདག་གཞན་མཉམ་བརྗེས་ཐུགས་བརྒྱུད་ཕྱུག །ལྟ་ངན་ལོག་པའི་ལམ་བཞུགས་མུ་སྟེགས་ཅན། །

རྣམ་དག་ཐར་པའི་ལམ་དུ་དཀྲི་མཁས་པ། །ས་བརྒྱད་བསྣོན་པ་ཨཱརྱ་དེ་བའི་ཞབས། །

ཞེས་བསྟོད་ཕྱག་ཀྱང་མཛད་དོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཨཱརྱ་བསྟོད། དཔེ་རིང་། ཤོག་ ༡ན༡ ནས་ ༤ན༧ བར།

[2]  མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༤༩

[3]  སྡེ་དགེ་བསྟན་འགྱུར། གསོ་བ་རིག་པ། ༼གོ༽ པོད་ ༢༠༢ པ། ཤོག་གྲངས་ ༣༠༤ན༥

[4]  ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ། པོད། ༼ཕ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༥བ༥

[5]  ངག་དབང་གསུང་རབ་མཐུ་སྟོབས་ཀྱི་གསུང་འབུམ། ༼༢༽༼ན༽ དཔེ་རིང་། ཤོག་ ༡༩ན༢ ནས་ ༢༠ན༢ བར།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༩༣ ནས་ ༩༨ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *